ཟླ་རེའི་གསར་འགྱུར།

གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་གཉིས་པ།

ཁྱེའུ་གཙུག་ཕུད་ཅན།

མཁས་པ་ཤེས་རབ་ཀྱིས་བསྲུངས་ན། །དགྲ་བོ་མང་ཡང་ག་ལ་ཚུགས། །
འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། །

རྒྱ་གར་ལྷོ་ཕྱོགས་དང་ཉེ་བ་ན་འཕགས་རྒྱལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པ་དེ་ན། མིའུ་ཐུང་1ཁ་པ་ར་ཞེས་པ་རྐུན་པོ་ཤིན་ཏུ་ཕྱུག་པོར་གྱུར་པ་གཅིག་ཡོད་པ་དང༌། དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། བྲམ་ཟེའི་ཁྱེའུ་གཙུག་ཕུད་ཅན་ཞེས་བྱ་བ་ཤེས་རབ་ཅན་ཤིན་ཏུ་དབུལ་བར་གྱུར་པ་2གཅིག་ཡོད་པ་དེ་ལ་གཉེན་དུ་མ་རྒན་མོ་ཞིག་དང༌། ནོར་དུ་ར་མ་གཅིག་ལས་མེད་ནས་ནོར་བཙལ་བའི་ཐབས་བསམས་པ་ན། ཚོང་བྱེད་པ་ལ་ཟོང་མེད་ཅིང༌། ལས་ཁུར་ལ་སོགས་པ་མ་ནུས་ཏེ། འོས་མེད་པར་མིའུ་ཐུང་ཁ་པ་ར་མཐོང་སྟེ། དེ་ལ་བསླུ་སེམས་སྐྱེས་ནས་རྒྱན་དང༌། གོས་ལ་སོགས་པ་བཟང་པོ་མང་པོ་གཡར་ཏེ། དེ་དག་གིས་ནི་བརྒྱན། ཟས་ཁྱད་པར་ཅན་ཅུང་ཟད་སྦྱར་ཏེ་རྐུན་པོ་དེའི་རྒྱུ་སྲང་3དུ་ཟས་ཀྱི་བྱ་བ་ཅུང་ཟད་ཅིག་བྱེད་ཅིང་འདུག་ལ། ཁོང་གང་གི་ཚེ་བྱུང་བ་ན། དེ་ལ་ཟས་ཀྱི་ཆ་ཤས་ཀྱིས་ཡང་ཡང་དུ་ཚིམ་པར་བྱས་སོ། །
དེའི་ཚེ་རྐུན་པོ་དེས། འདི་ནི་ངེས་པར་འབྱོར་པ་ཆེན་པོ་དང་ལྡན་པ་ཞིག་གོ་སྙམ་སྟེ། དེ་ལ་བརྐུ་བར་བརྩམས་པ་ན། ཁྱེའུ་དེས་རང་གི་མ་ཚང་བང་4དུ་བཞག་སྟེ། ཅང་མ་སྨྲ་ཞིག་ཅེས་གདམས་ནས་སྲོད་ཡོལ་ཏེ། ཁོས་འབིགས་པའི་ཐད་དུ་སྒྲོམ་སྟོང་པ་གཅིག་གི་ནང་དུ། འཁར་སྡེར་གཅིག་ཡོད་པ་བསྐྱུར་བས། རྐུན་པོས་འདི་ནི་ངེས་པར་ཕྱུག་པོ་ཆེན་པོ་ཞིག་སྟེ། ད་ལྟ་ནའང་སྒྲོམ་ནང་ཊཾ་གས་5བཀང་ངོ་སྙམ་དུ་སེམས་འགྲངས་པས་ནང་དུ་བརྟོལ། དེར་ཞུགས་པ་ན་ཁྱེའུ་དེས་སྒྲོམ་ཁ་བཅད་དེ། ཁྱོད་ཀྱིས་སྤྱི་སྒོས་ཐམས་ཅད་དུ་གནོད་པ་འདི་དང་འདི་བྱས། བྲམ་ཟེའི་བུ་ལ་ནོར་དུ་སྡེར་གཅིག་ཡོད་པ་ལ་ཁྱོད་འདི་འདྲ་བས། ད་ཁྱོད་རྒྱལ་པོ་ལ་གཏོད་པ་ཡིན་བྱས་པས། ཁོ་ན་རེ། ཁྱོད་བདེན་མོད། ད་ང་རྒྱལ་པོ་ལ་མ་གཏོད། ཁྱོད་ཅི་འདོད་པའི་ནོར་ངས་སྦྱིན་ནོ་ཟེར་ནས། ཊཾ་ག་ལྔ་བརྒྱས་བསླུ་བར་བྱས་ནས་ཁྱེའུའི་མ་དེ་ལེན་དུ་བཏང་སྟེ། དེ་ལ་འདི་ལྟར་གྱུར་པ་སྨྲོས་ལ་ད་ཊཾ་ག་རྣམས་ཤིན་ཏུ་གསོངས་6ལ་སྐུར་གྱིས་ཞེས་མངགས་པ་དང༌། དེ་བཞིན་དུ་བྱུང་བ་དང་རྐུན་པོ་བཏང་ངོ༌། །
དེ་ནས་ཁྱེའུ་དེས་བསམ་པ། མི་འདི་ལྟ་བུ་ལ་ངས་འདི་བྱས་ཏེ། ངེས་པར་བདག་ཅག་གསོད་དུ་འོང་ངོ་སྙམ་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་པ་ཊ་ལི་པུ་ཊ་ལི་ཞེས་བྱ་བ་ཡོད་པས་དེར་ཆས་ཏེ། ནོར་ར་གཅིག་ཡོད་པ་དེ་ལ་ཊཾ་ག་ལྔ་བརྒྱ་པོ་ལོ་མས་བཏུམས་ཤིང་བྱིན་ནས་མ་དང་གཉིས་པྱིན་པ་ན། ལམ་དུ་ཁྱིམ་བདག་ཅིག་ལ་གནས་པོ་ཞུས། དེའང་ནན་གྱིས་ཁོ་རང་གི་ཁང་པར་འོང་བར་ཞུས། མཐར་དེར་གཏད་དེ། དེ་ནས་ཇི་ཙམ་ན་ཁོས་རའི་ལྟོ་བ་ལ་ཁུ་ཚུར་བསྣུན་པས་ཊཾ་ག་གཅིག་སྐྱུགས་པ་དེ་ཁྱིམ་བདག་ལ་བྱིན། འདི་ཅི་ཡིན། ར་མ་རིན་པོ་ཆེ་སྣ་ཚོགས་འབྱུང་བ་ཞེས་བྱ་བ་འདི་འདོད་འཇོའི་ར་ཡིན། ཁྱིམ་བདག་ན་རེ། འདི་ང་ལ་ཚོངས་ཟེར། མི་འཚོང་བྱས་པས། ཅི་ནས་ཀྱང་ང་ལ་ཚོངས་ཟེར་ནན་གྱིས་ཀྱང་མ་ལྡོག་སྟེ། མཐར་ཊཾ་ག་ཁྲི་ཕྲག་གཅིག་ཏུ་བྱས་ཏེ་བཙོངས་པས། དེ་ནས་ཁྱེའུ་དེས་ཁྱིམ་བདག་ལ་བསྒོ་བ། འདི་ལ་རྩ་དང་ཆུ་ལ་སོགས་པ་བྱིན་ཏེ། ལྟོ་བ་ལ་ཁུ་ཚུར་བསྣུན་ལ་ཊཾ་ག་ཞུ་བྱས་པས་ཅི་འདོད་པ་འབྱུང་སྟེ། དང་པོ་དལ་བུས་སློངས་ཤིག དེ་ནས་རིམ་གྱིས་ཇེ་མང་ཇེ་མང་བསླངས་པས་འབྱུང་ངོ་ཞེས་སྒྲུབ་ལུགས་ལེགས་པར་བསླབས་ནས། ཊཾ་ག་བརྒྱ་ལྷག་ཙམ་ལྟོ་བར་བཞག་ནས་གཞན་ལྟོ་བ་ལ་ཡོད་པ་ཐམས་ཅད་ཕྱུང་ནས་ཁྱེར་ཏེ། མི་གནོད་པར་བྱ་པའི་ཕྱིར་དུ། མ་རྒན་མོ་ལམ་ནས་བཏང༌། ཁོ་རང་གཞན་ཞིག་ནས་འོངས་ཏེ། གཉིས་པོའི་འཚོག་ས་ཝཱ་རཱ་ཎ་སཱིར་བྱས་སོ། །
ཕྱུག་པོ་དེས་བསྒྲུབ་པ་བྱས་ཤིང༌། ཁུ་ཚུར་བསྣུན་པས་ལན་གཅིག་གཉིས་ཙམ་དུ་བྱུང་སྟེ་དགའ་ནས་ཡོད་པ་དང༌། མཐར་ཊཾ་ག་མ་བྱུང་གིན་ཁུ་ཚུར་བསྣུན་པས་ར་གུམ། དེའི་དུས་སུ་ད་གཟོད་བསླུས་པར་ཤེས་སོ། །
བྲམ་ཟེ་ཡང་དེ་ནས་རིང་ཞིག་སོང་བ་ན། ནགས་སྟུག་པོའི་ཁྲོད་དུ་དོམ་ལྟོགས་པས་ཉེན་པ་གཅིག་དང་ཕྲད་དེ། ཐབས་གཞན་ནི་མེད་པར་འཛིངས་པ་ན། དེའི་རྣ་བ་གཉིས་པོ་སྤར་བར་ཆུད་དེ། དེ་གཉིས་ཡུན་རིང་དུ་འཛིངས་པས་ཐོང་ཀ་ཆད། ཊཾ་ག་བླུག་པའི་རས་ཀྱི་ཁུག་མ་རལ་ཏེ་ཊཾ་ག་འཐོར་བས། ས་དེའི་ཕྱོགས་ཁྱབ་པར་བྱས་ཏེ་ཡོད་པ་ན། གྲོང་ཁྱེར་བཅོམ་བརླག་གི་རྒྱལ་པོའི་སྲས་རྒྱལ་བུ་རྟ་དང་ལུས་རྒྱན་བཟང་པོ་དང་ལྡན་པ་ཞིག སྐྱོ་བསངས་ལ་བྱོན་ནས། དེར་དེ་ལྟ་བུའི་འཇིགས་པ་དང་འབྲེལ་བ་དེ་མཐོང་ནས། ཅི་ཁྱོད་འདི་ལྟར་བྱེད་པ་ལ་རྒྱུ་ཅི་ཡོད་བྱས་པས། ཁོ་འུམ་འུམ་ཞེས་བརྡ་ཙམ་བྱེད་ཀྱིན་འདུག ང་རྒྱལ་པོའི་བུ་ཡིན་གྱིས་སྨྲོས་བྱས་པས། ཁོ་ན་རེ། སྭཱ་ཧཱ་ལོ། སླར་རྒྱུ་མཚན་དྲིས་པས། ཁྱོད་ཀྱིས་བདག་ལ་གནོད་པ་བསྐྱལ། བདག་ནོར་ལྷ་སྒྲུབ་པ་ཡིན་ཏེ་ཞེའོ། །འདི་ལྷ་ཅི་ཡིན་དྲིས་པས། ཁྱེའུ་ན་རེ། འདི་ཉིད་རང་གནོད་སྦྱིན་དོམ་གཟུགས་ཅན་བྱ་བ་ཡིན་པས། འདི་ལ་དངོས་གྲུབ་ཅི་འདོད་པ་འོང་བ་ཡིན་ཅེའོ། །དངོས་གྲུབ་ཅི་འོང་བྱས་པས། རྒྱལ་བུས་གསེར་གྱི་ཆར་འདི་མ་གཟིགས་སམ་བྱས་པས། རྒྱལ་བུ་ན་རེ་འདུག་གོ །ཤིན་ཏུ་མཚར་གྱིས་དེ་ང་ལ་སྟོན་ཅིག ཁྱེད་ཀྱིས་སྒྲུབ་མི་ནུས། འཇིག་རྟེན་ན་འདི་འདྲའི་སྒྲུབ་ཐབས་ཁྱད་པར་ཅན་འགའ་ཡང་མེད་པས། འདི་སྲོག་བས་ཀྱང་གཅེས་པ།  དེ་སྐད་མ་ཟེར་ཅིག་བྱས་པས། རྒྱལ་བུ་ན་རེ། ཁོ་བོའི་རྟ་དང་རྒྱན་ལ་སོགས་པ་འདི་རྣམས་ཁྱེད་ཀྱིས་ཁྱེར་ལ་གདམ་པ་དེ་སྟོན་ཅིག་ཅེའོ། །ཁྱེད་ཀྱི་འདི་ཐམས་ཅད་ཀྱང་གསེར་སྲང་འབུམ་ཕྲག་གཅིག་མི་རྙེད་དེ། ཁོ་བོས་ཉིན་རེ་ལ་འདི་ལྟར་འོང་ངོ༌། །འོན་ཀྱང། ད་ཁྱེད་བདག་གི་ལྷ་འདི་སྒྲུབས། བདག་གི་གཞན་ཞིག་སྒྲུབ་བོ། །ལེགས་སོ་དེ་ལྟར་བྱའོ་ཞེས་དགའ་ནས་དེའི་ལག་པ་ནས། ལག་ཏུ་རྣ་བ་གཉིས་གཏད་པ་སྒོམ་ཐབས་བསླབས་ཏེ། སྔགས་ཀྱི་ལུང་འདི་བྱིན་པ།
ཨོཾ་སྒྲིམ་སྐབས་ཚོལ། ཀྱེ་མ་རེ་མཚར། ཕྱི་ནས་འཚོལ་བར་འོང་7སྟེ། དེ་ནས་ཁྱེད་རང་ཤེས། ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། དེ་ལྟ་བུའི་བསྒོམ་བཟླས་ཟབ་མོ་ལག་ལེན་དང་བཅས་པ་དེ་ལ་སྦྱིན། རྒྱལ་པོའི་རྟ་དང་རྒྱན་ལ་སོགས་པ་བདག་གིར་བྱས་ཏེ། ཊཾ་ག་འཐོར་བ་རྣམས་བསྡུས་ཏེ་ཝཱ་རཱ་ཎ་སཱིར་སོང་བ་ན། ཕྱིས་རྒྱལ་བུ་དེ་དོམ་གྱིས་བསད། སྔར་གྱི་ཁྱིམ་བདག་དེའི་ཡུལ་གྱི་ཚོང་པ་རྣམས་དེར་བྱུང་བ་ཁོ་ཤེས་ཏེ། ཇོ་བོ་ལ་བསྙད་པས། དེ་རྒྱལ་པོ་ལ་རག་ཅེས་སྦྲན། དེ་ཡིས་རྒྱལ་པོ་ལ་དྲིས་པས། ངན་བྱེད་དེ་ནོར་བདག་ལ་གཏོད་ཅིག་ཟེར་ནས། ཁྱིམ་བདག་ཕྱུག་པོ་ལ་གཏད་པས། ཁྱིམ་བདག་གིས་ཁོ་སོ་མའི་རས་9ཀྱིས་གཏུམས་ནས། མགོ་བོས་ཁུར་ཏེ་འོངས་པ་དང༌། ཆུ་བོ་གངྒཱ་ལ་ཉེ་བར་ཕྱིན་པ་ན། ཁོས་དྲི་ཆུ་ཕོ་བས་ཁུར་བ་པོ་གཉིས་ཡོད་པའི་སྤྱི་བོར་བབས་ཏེ། འདིས་ད་ལྟ་ཡང་འདི་བྱས་སོ་ཟེར་ནས། ཁོ་བ་ལང་རྫི་ལ་བཅོལ་ནས་མི་ཁྲུས་ལ་སོང་བ་དང༌། དེར་བ་ལང་རྫིས་རྒྱུ་མཚན་དྲིས་པས་ང་རྒྱལ་པོའི་བུ་ཡིན་ཏེ། ཆོས་ལ་འགྲོར་མ་སྟེར་བས་འདི་འདྲའོ་བྱས་པས། དེ་ཀ་དགའ་མོད་རྒྱལ་པོ་གྱིས་ཟེར། ཅི་ཁྱོད་དེ་སྐད་མ་ཟེར། ད་ལྟ་འཆི་བ་དྲན་པས་ཆོས་ལ་ཕྱིན་པ་དགའ་སྟེ་ལོ། ཁྱོད་རང་ངའི་ཤུལ་དུ་རྒྱལ་པོ་གྱིས། དེ་མི་ཐོབ། ཐོབ་སྟེ་ཁྱེད་ངའི་ཚབ་ཏུ་ཞུགས་ན་འདི་ནས།10 རིན་པོ་ཆེའི་ཁྲིའི་ཁར་མ་སླེབས་བར་དུ་ཁ་མི་འབྱེད། ཁྲིའི་སྟེང་དུ་བཞག་པ་དེ་རྒྱལ་པོ་ཡིན་ནོ་ལོ། དེར་བྱིས་པ་དེ་མིང་གི་འབྱོར་པའི་རྒྱལ་པོ་དེ་ལ་སྤྲོ་སྟེ། དེ་ལྟ་བུའི་ཐུམ་བུར་ཞུགས་ནས། བྲམ་ཟེ་དེ་ཤིང་ལྗོན་པ་ཞིག་གི་སྟེང་དུ་ཡིབ་ཅིང་འདུག་གོ །དེ་ནས་མི་དེ་དག་བྱུང་སྟེ། ཁོ་ཁུར་བས། ཅི་ཁུར་འདི་ཡང་དུ་སོང་འདུག་ཟེར་རོ། །གྲོགས་པོ་ན་རེ། ཡང་བ་ལས་འོས་མེད། ངལ་བསོ་སར་ཆུ་འཐུང་བྱས་ཙ་ན། ཁུར་ཡང་དུ་འགྲོ་བ་ཀུན་གྱི་ལུགས་ཡིན་ཞེས་ཟེར་ཏེ། མ་བརྟགས་པར་གངྒཱའི་འགྲམ་དུ་སོང་སྟེ། གཙུག་ཕུད་ཅན་གྱིས་བསླུས་པ་ལ་སོགས་པའི་རྒྱུ་མཚན་ཤིན་ཏུ་ཞིབ་པ་གཅིག་ལ་གཅིག་གིས་བཤད་ནས་ཆུ་བོ་དེར་བསྐྱུར་རོ། །དེ་ནས་ཁོས་སྔར་ཡོད་པའི་རྟ་དང་རྒྱན་བཟང་པོ་དང་བཅས་ཏེ། སྔར་གྱི་གངྒཱ་ལ་སྐྱུར་མཁན་གྱི་ཕྱུག་པོའི་སྒོ་དྲུང་དུ་སོང་ནས། ཕྱུག་པོ་མར་བྱོན་གྱིས་བྱས་པས་བྱུང་སྟེ། ཕྱུག་པོས་སྨྲས་པ། ཅི་ཁྱོད་གང་ནས་འོངས་མ་ཤིའམ། བྲམ་ཟེས་སྨྲས་པ། ཀྱེ་བདག་གསོན་ཞིང་ཤིན་ཏུ་བདེ་སྐྱིད་པའི་རྟ་དང་རྒྱན་ལ་ལྟོས། ང་ལ་ཁྱེད་དྲིན་དུ་ཆེ་བས་དྲིན་དྲན་ནས་འོངས་ཏེ། གསེར་ལ་སོགས་ཏེ་རིན་པོ་མང་པོ་སྐྱེས་སུ་བྱིན་ནོ། །ཁྱིམ་བདག་ན་རེ། དེ་ཅི་སྟེ། གཙུག་ཕུད་ཅན་གྱིས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་ཆུར་བསྐྱུར་བས། ས་འོག་གི་ཆུ་ནང་ན་རིག་པ་འཛིན་པའི་ལྷ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཇོ་བོ་གཅིག་ཡོད་པ་ད་ལོ་ཤི་ནས་དེའི་གདན་སར་ཁོ་བོ་དབང་བསྐུར་ཏེ། དེའི་ཆས་ལ་སོགས་པ་འདི་འདྲའོ། །ཅི་དེ་ལྟ་བུ་ཁྱེད་གཅིག་པུར་ཡོད་དམ། ཐམས་ཅད་ལ་འདུག ཀུན་ལའང་གདའ། གཞན་འགྲོ་བ་ཡོད་ནའང་དེ་ལྟ་བུའི་རྒྱལ་ས་བཟུང་དུ་ད་དུང་མང་པོ་གདའོ་ཞེས་སྨྲས་པས། ཁྱིམ་བདག་ན་རེ། ང་ཡང་དེར་འགྲོའོ་ཟེར། དེ་ལྟ་ན་ལེགས་ཀྱིས་འདོང་11ངོ༌། །དེ་ནས་འགྲོ་ལུགས་ནི་སྔ་མ་ཁོ་ན་ལེགས་སོ་ཞེས་ཏེ། སོ་མའི་རས་12ཀྱི་ཁུག་ཏུ་དྲིལ་ནས་གངྒཱ་ལ་བསྐྱུར་རོ། །དེ་ནས་ཁོ་རང་ཝཱ་རཱ་ཎ་སཱིར་སོང་སྟེ། རྒྱལ་པོ་དེ་ལ་སྔར་གྱི་སྐྱབས་མ་བྱས་པའི་འཁོན་དྲན་པར་བྱས་ཏེ། རང་གིས་བསླུས་ཤིང་དོམ་གྱིས་བསད་པའི་རྒྱལ་བུ་དེའི་ཕའི་ཐད་དུ་ཕྱིན་ནས། མཇལ་བར་ཞུས་པས་གནང༌། གཙུག་ཕུད་ཅན་གྱིས་སྨྲས་པ། ཁྱེད་ཀྱི་སྲས་གང་དུ་གཤེགས། རྒྱལ་པོས་སྨྲས་པ། རྒྱལ་པོའི་ཁབ་ན་རིན་པོ་ཆེའི་ཁྲི་སྟེང་ན་ཡོད་ཟེར། དེ་དེ་ན་མི་བདོག་ལས་ཆེ། དེ་ཅི་སྟེ། ཁྱེད་ཀྱི་དགྲ་ཝཱ་རཱ་ཎ་སཱིའི་རྒྱལ་པོས་ཐབས་ཀྱིས་བསད་པ་ངས་མཐོང། རྒྱལ་པོས་སྨྲས་པ་མི་བདེན། གཙུག་ཕུད་ཅན་གྱིས་སྨྲས་པ། དལ་བུས་བགྱི། ཅི་དགོས་པ་སྦྱོར་རམ། རྒྱལ་པོས་སྨྲས་པ། སྦྱོར་རོ། །ཡང་ཁོས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་དེའི་དྲུང་དུ་ཕྱིན་ཏེ་སྨྲས་པ། ཁྱེད་ཀྱི་དགྲ་ཡུལ་དབུས་ཀྱི་རྒྱལ་པོ་འདི་གསོད་དམ་མི་གསོད༌། གསོད་ན་དེ་ང་དང་གཅུགས་པར་13ཡོད་དོ་བྱས་པས། དེའི་རྟགས་ཅི་ཡོད་ཟེར་བ་ལ། གཙུག་ཕུད་ཅན་ན་རེ། རྟགས་རྒྱལ་པོ་དེའི་རྒྱན་གང་བཟང་བའང་ངས་ཁུགས་ཡོད་བྱས་པས། ཝྭ་རཱ་ཎ་སཱིའི་རྒྱལ་པོ་ན་རེ། འོ་ན་རྒྱལ་པོའི་གཙུག་རྒྱན་བསྐུར་གྱིས་དང་ཟེར་བ་ལ། གཙུག་ཕུད་ཀྱིས་དེ་སྐད་བསྲིངས་པ་14དང་བྱུང༌། དེ་ལ་སོགས་པ་དུ་མའི་ཐབས་ཅན་གྱིས་བསླུས་ཤིང་བྲིད་པས་ཝཱ་རཱ་ཎ་སཱི་བ་ཡིད་ཆེས་ཏེ། འཁོར་ཉུང་ཤས་གཅིག་དང་བཅས་པ་ཡུལ་དབུས་ཀྱི་རྒྱལ་པོའི་ཁབ་ཏུ་ཁ་དྲངས་15ཏེ། ནང་དུ་ཆུད་པ་ན་ཕྱི་སྒོ་བསྡམས་ཏེ། དེ་སླེབས་ཡོད་དོ་ཞེས་ནང་དུ་བརྡ་སྤྲད་པ་ན། དེའི་དཔུང་གིས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་བསད། ནོར་ཐམས་ཅད་རྒྱལ་པོས་ཁྱེར། ཝཱ་རཱ་ཎ་སཱིའི་རྒྱལ་སྲིད་གཙུག་ཕུད་ཅན་ལ་བྱིན་ནོ། །

མཆན་འགྲེལ།

  1. མིའུ་ཐུང་ནི། མི་གཟུགས་ཐུང་གི་མིང༌།
  2. “ཤིན་ཏུ་དབུལ་བར་གྱུར་པ” ཞེས་པའི་ཚིག་འདི་ཤིང་པར་དུ་མེད་ཀྱང་ཁ་གསལ་བར་བྱ་བའི་ཕྱིར་བྲིས་མ་ལྟར་བཀོད་པ་ཡིན།
  3. རྒྱུ་སྲང་ནི། འགྲོ་ས་དོག་པོའི་སྲང་ལམ་ལ་འཇུག་ཅིང༌། ཤིང་པར་དུ་རྒྱུན་སྲང་ཞེས་འཁོད་པ་ཡིག་སྐྱོན་ཡིན་ནམ་སྙམ།
  4. ཚང་བང་ནི། ཐབ་ཚང་ངམ་མེ་ཁང་སྟེ་ཚང་མང་ཡང་ཟེར།
  5. ཊཾ་ག་ནི། དངུལ་སྒོར་གྱི་མིང༌།
  6. གསོངས་ནི། གསོང་གི་སྐུལ་ཚིག་སྟེ་གཞན་ལ་སྦ་གསང་བྱེད་དགོས་པའི་དོན།
  7. ཤིང་པར་དུ་“ཕྱི་ནས་འཛིན་པ་འོང་” ཞེས་འཁོད་འདུག་པ་ཁ་མི་གསལ་བས་འདིར་བྲིས་མ་ལྟར་བཀོད།
  8. ཚིག་འདི་ཤིང་པར་དུ་མེད་ཀྱང་བྲིས་མ་ལྟར་བསྣན་པ་ཡིན།
  9. སོ་མའི་རས་ནི། སོ་མ་ར་ཛས་འཐག་པའི་རས་ཡིན་ནམ། གང་ལྟར་ཤིང་པར་དུ་སོ་བའི་རས་ཞེས་འཁོད་འདུག་པ་ཡིག་སྐྱོན་ཡིན་ནམ་སྙམ་སྟེ། འདིར་བྲིས་མ་ལྟར་ཞུ་དག་བཏང་བ་ཡིན།
  10. ཚིག་འདི་ཤིང་པར་དུ་“ད་ལྟ་ཞུགས་ལ་དེ་ནས་” ཞེས་འཁོད་འདུག་པ་དོན་མི་གསལ་བས་བྲིས་མ་ལྟར་བཀོད་པ་ཡིན།
  11. འདོང་བ་ནི། འགྲོ་བའི་དོན།
  12. སོ་མའི་རས་ནི། དྲི་ནོག་མེད་པའི་རས་གསལ་པ་སྟེ། དཔེར་ན་ཞྭ་མོ་སོ་མ་གོན་ཟེར་བ་ལྟ་བུ།
  13. གཅུགས་པ་ནི། ཕན་ཚུན་ཡིད་མཐུན་པའམ་མཛའ་བའི་དོན།
  14. བསྲིངས་པ་ནི། རིང་དུ་གཏོང་བ་དང་བསྐུར་བ་དང་སྤྲིངས་པ་སོགས་ལ་འཇུག་པ་ལས་སྐབས་འདིར་བསྐུར་བའམ་བཏང་བའི་དོན་ཡིན།
  15. ཁ་དྲངས་པ་ནི། ཐབས་ཀྱིས་བྲིད་པའི་དོན།

དཀར་ཆག

བུ་མོས་རྒྱལ་ངན་བསྒྲལ་པ།

ཤེས་རབ་ལྡན་པ་མགོ་བསྐོར་ཡང༌། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །
སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། །མིག་ལྡན་གཞན་ལས་ལྷག་པར་མགྱོགས། །

དེ་ཡང་ཡུལ་འཁོར་མོ་འཇིག་ན་རྒྱལ་པོ་ངན་པ་བརྐམ་ཆགས་1ཅན་གཅིག་འཁོར་འདབས་པས་ཀྱང་རང་གི་ལོངས་སྤྱོད་ཙམ་ཁྱད་དུ་འཛིན་པ་གཅིག་ཡོད་པས། དེའི་ཚེ་ཕྱོགས་དེ་ན་བྲམ་ཟེ་ཕྱུག་པོ་ཞིག་ཁང་པའི་ཕུགས་སུ་བྱུང་སྟེ། དེ་ལས་ཅི་འདོད་པའི་ལོངས་སྤྱོད་བྱུང་ནས་ཤིན་ཏུ་འབྱོར་པ་ཡོད་པའི་ཚེ། བྲམ་ཟེ་ན་རེ། རྒྱལ་པོ་ལ་བསྙེན་བཀུར་བྱེད་ཅེའོ། །བུད་མེད་ན་རེ། དེ་མི་ལེགས། རྒྱལ་པོ་འདི་འདོད་པ་ཆེ་ཁྲོན་པ་འཕྲོག་ཏུ་འོང་ཞེའོ། །བྲམ་ཟེ་ན་རེ། དོགས་དགོས་མེད་ཟེར་ཏེ། བསྙེན་བཀུར་བྱས་པས་རྒྱལ་ངན་དེའི་བསམ་པ་ལ། བྲམ་ཟེ་དེ་འབྱོར་པ་དང་འབྲལ་བར་སེམས་ཏེ། རང་གི་ཕོ་བྲང་དུ་ལོག་པ་དང༌། རྒྱལ་པོས་ཕོ་ཉ་བསྲིངས་པ་ནི། ཀྭ་ཡེ་ཁྱེད་ཀྱི་ཁྱིམ་ན་ཁྲོན་པ་ལེགས་པ་གཅིག་འདུག་གོ་ཞེས་ཐོས་ཀྱི། དེ་བདག་གི་ཁབ་ཏུ་ཞག་འགའ་གཡར་དུ་གཏོང་དགོས། དེ་ལྟ་མ་ཡིན་ན་ཁྱེད་ལ་བདག་ཆད་པ་གཅོད་དོ་ཞེས་མངགས་ཏེ་བཏང་ངོ༌། །དོན་རྒྱལ་པོ་ནི་སྨྲ་པར་མི་འོས་པ་གསུངས་པ་ཞིག་ན། ངེས་པར་ཁོ་བོའི་འབྱོར་པ་ཆེན་པོ་འདི་འཕྲོག་པར་གོར་མ་ཆག་2གོ་སྙམ་སྟེ། སེམས་ཀུན་ཏུ་རྨོངས་ཤིང་ཞུམ་པས་རང་གི་ཁྱིམ་ལ་སོགས་པའི་ཡོན་ཏན་ཡིད་ལ་བསམ་ཞིང་འདུག་གོ །དུས་དེར་བྲམ་ཟེའི་བུ་མོ་གཅིག་ཡོད་པས་ཕ་ལ་རྒྱུ་མཚན་དྲིས་ཤིང༌། ཕས་ཀྱང་བསྙད་པ་ན། བུ་མོ་དེས་མ་རངས་པའི་གད་མོ་དང་བཅས་པས་ཕ་ལ་སྨྲས་པ། ཅི་ཡབ་རིག་པ་གསུམ་3གྱི་ཕ་རོལ་ཏུ་བྱོན་པ་ཡིན་ན། དེ་ཙམ་གྱི་ལན་ལ་རྨོངས་པའམ་ཞེའོ། །ཕ་དེ་ན་རེ། བདེན་ན་འདི་ནི་སྔར་མ་གྲགས་པ་ཞིག་སྟེ། ངེས་པར་བདག་ཅག་ལ་གནོད་པར་འགྱུར་བའི་ངག་གོ་ཞེས་སྨྲས་པ་ན། བུ་མོ་ན་རེ། དེ་ལྟར་མ་ཡིན་ཏེ། ཁྲོན་པ་འབུལ་བར་ཁས་ལོངས། འོན་ཀྱང་ཁོ་བོས་ཕུལ་ཀྱང་ཁྲོན་པ་འགྲོར་མི་འཚལ་ཏེ། ཁོ་ན་རེ། ང་རྒྱལ་པོའི་ཁབ་ཏུ་འགྲོ་ན་ཕོ་ཉ་བ་གཅིག་དགོས། དེ་མ་བྱུང་ན་མི་འགྲོ་ཞེས་གླེང་བས་མིའི་བདག་པོ་ལ་འདི་སྐད་ཞུས།

ནོར་གྱིས་ནོར་རྣམས་འགུགས་བྱེད་ཅིང༌། །གླང་པོ་ཆེས་ཀྱང་གླང་ཆེན་ཏེ། །
རྒྱལ་དབང་ཁྲོན་པའང་མངག་འཚལ་ལོ། །དེ་ནས་ཁྲོན་པ་འོང་བར་འགྱུར། །

ཞེས་ལན་སྲིངས་ཤིག་ཅེས་པ་དང༌། རྒྱལ་པོའི་ཕོ་ཉ་བ་དེ་ལ་དོན་ཇི་ལྟར་གྱུར་པ་བསྙད་དེ། ཚིགས་སུ་བཅད་པ་དེ་བསྐུར་བ་ལས། རྒྱལ་པོ་དེས་བློན་པོ་བསགས། བང་ཕྱིན་4ཐོངས་ལ་བྲམ་ཟེའི་ཁྲོན་པ་བསྐུར་ཅེས་བསྒོའོ། །དེ་ལྟ་མིན་ན་ཁྱེད་རྣམས་ཀྱི་མགོ་བོ་གཅོད་དོ་ཞེའོ། །དེར་བློན་པོ་རྣམས་ཀྱིས་གྲོས་བྱས་པས་རྒྱལ་པོ་འདི་མུ་ཅོར་སྨྲ་བ་གདུག་པ་ཅན་ཞིག་འདུག་སྟེ། འདི་མ་བསད་ན་མི་འོས་པའི་གཏམ་འདི་ལྟ་བུ་ད་དུང་ཟེར་དུ་འོང་བས་འདི་གསོད་ཟེར་ཏེ། ཐམས་ཅད་ངོ་ལོག་ནས་རྒྱལ་པོ་བསད་དོ། །དེར་རྒྱལ་པོའི་ངན་སེམས་ཀྱི་བྱ་བ་མ་རྫོགས་པར་བྲམ་ཟེ་ཆད་པ་ལས་གྲོལ་བར་བྱས་པ་ཡིན་ནོ། །

མཆན་འགྲེལ།

  1. བརྐམ་ཆགས་ཅན་ནི། འདོད་ཞེན་ཅན་ལ་ཟེར།
  2. གོར་མ་ཆག་ནི། ཐེ་ཚོམ་མེད་པ་དང་ངེས་པར་ཞེས་པ་ལ་འཇུག
  3. རིག་པ་གསུམ་ནི། བྲམ་ཟེའི་རིག་བྱེད་གསུམ་སྟེ། མཆོད་སྦྱིན། ངེས་བརྗོད། སྙན་ཚིག་བཅས་གསུམ་ལ་ཟེར།
  4. བང་ཕྱིན་ནི། ཕོ་ཉའམ་གཏམ་སྐྱེལ་མཁན་ཏེ་བང་ཆེན་ཞེས་ཀྱང་ཟེར།

དཀར་ཆག

ཆུ་སྐྱར་དང་སྦལ་པ།

ངན་པས་ཐོག་མར་ཚིག་གིས་འབྲིད། །བག་ཕེབས་གྱུར་ན་ཕྱི་ནས་བསླུ། །
ཉ་པས་ཟས་ཀྱིས་ཁ་བྲིད་ནས། །ཉ་རྣམས་གསོད་པར་བྱེད་ལ་ལྟོས། །

ཆུ་འགྲམ་ཞིག་ན་ཆུ་སྐྱར་1རྒན་པོ་གཅིག་བཀྲེས་པས་ཉེན་ཅིང་ཡོད་པ་ན། དེར་ཉ་དྲོད་ཆུང་2ཞིག་བྱུང་སྟེ། ཁྱོད་ཅི་ཉེས་ངོ་གནག་པར་གདའོ། །ཅི་བྱུང༌། ཆུ་སྐྱར་གྱིས་སྨྲས་པ། ཁྱེད་ཐམས་ཅད་འཆི་བར་གདའ། རྒྱུ་ཅི་སྟེ། ཆུ་འདི་ཐམས་ཅད་སྐམ་པར་འདུག་པས། དེ་ནས་ཁོ་བོ་ལ་ཟས་མེད་དོ་ཞེའོ། །དེར་ཉ་ལ་སོགས་པ་འདུས་ཏེ་ཆུ་སྐྱར་དེ་ལ་གསོལ་བ། འོ་ན་ཐབས་ཅི་གདའ་བྱས་པས། ཁོ་ན་རེ། ལ་འདིའི་ཕ་རོལ་ན་མཚོ་བཟང་པོ་གཅིག་གདའ། ངས་ལམ་སྣ་བྱ་ཡི་ཐམས་ཅད་དེར་འདོང་ངོ་ལོ། །ཉ་དེ་དག་ན་རེ། ངེད་ཀྱིས་དེ་ལྟར་འགྲོ་མི་ནུས་ཀྱིས། འོན་ཀྱང་ཁྱོད་རང་ཤེས་སོ་ཞེའོ། །འོ་ན་བདག་གིས་རེ་རེ་བཞིན་ཁྱེར་ཅིང་བསྐྱལ་བར་བྱའོ། །ཞེས་ཏེ། དེ་ལ་ཐམས་ཅད་གྲོས་མཐུན་ནས། ཁོས་ཉ་དེ་དག་རེ་རེ་བཞིན་ཁྱེར་ཅིང༌། རྒྱང་ན་རྡོ་ལེབ་གཅིག་ཡོད་པའི་ཁར་ཟོས་སོ། །དེ་བཞིན་དུ་བྱས་པས་ལན་ཅིག བུ་ལིར་ཀ་ཞེས་བྱ་བའི་སྦལ་པ་གཅིག་ཡོད་པ་དེས་ཞུས་ཏེ། དེ་ཁྱེར་ནས་སོང་བ་དང༌། རྡོ་ལེབ་ཀྱི་སྟེང་དུ་བཞག་པ་དང༌། སྦལ་པ་དེས་དོན་སྔ་མ་ཤེས་ཏེ། ཆུ་སྐྱར་གྱི་མགྲིན་པར་འཇུས་ཏེ་བསྡམས་པས། གསོད་པར་གྱུར་པ་ན། དེ་མ་གནས་པའི་འབྱུང་པོ་དག་གི་ཐད་དུ། ཆུ་སྐྱར་བརྐམ་ཆགས་ཅན་དེ་བུ་ལིར་ཀས་བསད་དོ་ཞེའོ། །

མཆན་འགྲེལ།

  1. ཆུ་སྐྱར་ནི། ཆུ་ལ་གནས་པའི་ཆུ་བྱ་མཆུ་རིང་པོ་ཅན་ཞིག་སྟེ། ཆུ་བྱ་སྐེ་རིང་ཡང་ཟེར།
  2. དྲོད་ཆུང་ནི། རང་ཚོད་མི་ཤེས་པའི་དོན།

དཀར་ཆག

ཕ་རྒན་དུ་བས་བསད་པ།

བླུན་པོ་གཅིག་གིས་བྷི་ཀ་མ་ཨ་ཏེ་ཏ་ཡིས་སྦས་པའི་གཏེར་བུམ་འོད་དང་བཅས་ཏེ། འགྲོ་བ་དང་འཕྲད་ནས། དེས་དེ་བཟུང་སྟེ། དེ་ནས་གསེར་ཉུང་ཤས་ཤིག་ཁྱེར་ཏེ། རང་གི་གྲོགས་པོ་གཡོ་ཅན་སྤྱང་པོ་གཅིག་ཐད་དུ་སོང་ནས་དྲིས་པས། འདི་ནི་གསེར་ཞེའོ། །འོ་ན་ད་དུང་ཡོད་དོ་ཞེས་སོ། །དེ་ལྟ་ན་ལེགས་ཀྱིས་ཐུན་མོང་དུ་བྱའོ། །ཞེས་ཏེ། གཉིས་པོ་སོང་ནས་སྡོང་པོ་གཅིག་གི་རྩར་སྦས་ཏེ། ནམ་དགོས་པའི་ཚེ་གཉིས་ཀ་སོང་ཞིང་ལེན་པ་ལས། སྤྱང་པོའི་བསམ་པ་ལ་བསླུ་སེམས་སྐྱེས་ཏེ་བུམ་པ་གཞན་ཞིག་ཏུ་སྦས་ནས། བླུན་པོ་དེ་སྦྲན་1ནས་སོང་བ་དང༌། བུམ་པ་མི་སྣང་བས། སྤྱང་པོ་ན་རེ། བུམ་པ་ཁྱོད་ཀྱིས་བརྐུས་སོ་ལོ། གླེན་པས་ན་རེ། རྐུ་བ་ཐུག་ན་དང་པོར་རང་ལ་དབང་བའི་དུས་སུ་ཁྱེད་དང་ཐུན་མོང་དུ་བྱ་དོན་ཅི་ཡིན། དེ་ནས་ངས་མ་བརྐུས་བྱས་པས། སྤྱང་པོ་མ་ཉན་ཏེ་ང་ནི་ང་རང་ཡིན། སྤྱང་པོ་དེས་གླེན་པ་རྒྱལ་པོའི་ཐད་དུ་ཁྲིད་དེ། དོན་སྔ་མ་བཤད་ནས། འདི་ལ་ཆད་པ་ཆོད་ཅིག་བྱས་པས། རྒྱལ་པོ་ན་རེ། ད་དུང་བརྟག་དགོས་སོ་ཞེས་སོ། །ཁོ་ན་རེ། དེ་ལྟར་ན་དང་པོ་གསེར་བཅོལ་བའི་ནགས་ཀྱི་ལྷ་ལ་དྲི་བར་བྱའོ་ཟེར་ཏེ། རྒྱལ་པོས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་དུས་བཏབ་སྟེ། སྤྱང་པོས་རང་གི་ཕ་རྒན་པོ་གཅིག་ཡོད་པ་ལ་གསེར་བུམ་གླེན་པས་བརྐུས་སོ་ཞེས་བརྗོད་པའི་ཚུལ་བསླབས་ཏེ། དུས་ལ་བབ་པ་ན་སྡོང་པོའི་ཁོག་རུལ་པར་ཕ་སྦས་ཏེ། སྐྱེ་བོ་མང་པོ་གཙོ་བོ་རྒྱལ་པོ་དང་བཅས་པའི་དབུས་སུ་ལྷ་མཆོད་དེ། རང་གིས་མ་ཉེས་པའི་དཔང་གསོལ་བ་དང༌། བདེན་པ་བརྡར་ཞིང་རྒྱུ་མཚན་སྔ་མ་བཞིན་རྒྱས་པར་བསྙད་དོ། །དེ་ནས་ལྷར་བྱས་པའི་མི་རྒན་དེས་ཤགས་ཕྱེ་བ་དང༌། ཁོ་ན་རེ། འདི་ལ་ལྟོས་ཤིག་ཅེས་བརྗོད་པ་དང༌། རྒྱལ་པོ་ན་རེ། བདེན་ཡང་དག་གོ་ཟེར་བ་ན། བླུན་པོ་དེ་ན་རེ། ཁྱེད་རྣམས་ཐམས་ཅད་བདེན་ན། ང་ཡང་བདེན་པས། སུ་མི་བདེན་ན་ཤིང་གི་ལྷ་འདི་མི་བདེན་པས། ཐོག་མར་ངས་ལྷ་འདི་བསྲེག དེ་ནས་ཁྱེད་རང་ང་སོད་ཅིག་ཅེས་སོ། །སྤྱང་པོ་ན་རེ། འདི་ལྷ་ཡིན་པས། བསྲེག་ཏུ་མི་རུང་ངོ༌། །འདི་བསྲེགས་ན་ཁྱེད་རང་ལ་མི་རུང་བ་འོང་ངོ་བྱས་པས། གླེན་པ་ན་རེ། ད་ལྟ་ཉིད་དུ་འཆི་བ་ལས་མི་རུང་བའི་ཚབས་ཆེ་བ་གཞན་མེད་ཀྱི་ཟེར་ཏེ། མ་ཉན་པར་ཁོས་ཤིང་གི་འཚུབས་ཏེ་བྲུལ་2ནས་བྱུང་ངོ༌། །དེས་བལྟས་པས་དེའི་ཕར་འདུག་སྟེ། རྒྱུ་མཚན་དྲིས་པས། རྒན་པོ་དེས་སྨྲས་པ།

ཧ་ཅང་སྤྱང་པོ་མཁས་པ་མིན། །ཧ་ཅང་བླུན་པོའང་བླུན་པོ་མིན། །
ཧ་ཅང་སྤྱང་པོ་མཁས་པ་ཡིན་ན། །ཕ་རྒན་དུ་བས་གསོད་བྱེད་དམ།

ཞེས་སོ། དེའི་གཏམ་དེ་ཐོས་པ་དང༌། རྒྱལ་པོས་མི་གཡོ་ཅན་དེ་བསད། ཕ་ལ་ཉེས་པ་མེད་པས་བཏང༌། གསེར་གྱི་བུམ་པ་བླུན་པོ་ལ་གཏད་དོ། །

མཆན་འགྲེལ།

  1. སྦྲན་ནི། འབོད་པ་དང་འགུགས་པའམ་སྐད་གཏོང་བ་ལ་འཇུག
  2. བྲུལ་བ་ནི། ལྷུང་བ་དང་ཟགས་པའི་དོན།

དཀར་ཆག

ཝ་སྐྱེས་མགོ་བོ་བཀས་པ།

ལོངས་སྤྱོད་སྒྲུབ་པར་འདོད་ན་ཡང༌།1 །གནས་མ་ཡིན་ལས་སུ་ཞིག་ལེན། །
ལུག་ཐུག་2འཐབ་པའི་ཁྲག་བལྡགས་པས། །ཝ་སྐྱེས་མགོ་བོ་བཀས་ཞེས་ཐོས། །

ཝ་སྐྱེས་ཤིག་གྲོང་འདབས་སུ་ཟས་འཚོལ་དུ་སོང་བ་ན། དེར་ལུག་ཐུག་མི་བསྲུན་པ་གཉིས་ཡུན་རིང་དུ་འཐབ་པས། རྭའི་རྩ་བ་ནས་ཁྲག་མང་དུ་བྱུང་བ་མཐོང་བ་དང༌། དེས་འདི་ནི་ལྡག་རུང་བའོ་སྙམ་དུ་སེམས་ཏེ། ཁྲག་ལྡག་པར་གཟས་པ་དང༌། ལུག་ཐུག་གཉིས་པོ་ཕན་ཚུན་དུ་བརྡུངས་པའི་བར་དུ་ཝའི་མགོ་བོ་ཆུད་པས།3 དེའི་མགོ་བོ་ཨརྫཀའི་4དོག་པ་ལྟར་བཀས་པར་གྱུར་ཏོ། །

མཆན་འགྲེལ།

  1. ཤིང་པར་དུ་“ལོངས་སྤྱོད་འགྲུབ་པར་མཐོང་ན་ཡང་” ཞེས་འཁོད་འདུག་ཀྱང། སྐབས་འདིར་སྐུ་འབུམ་ཤིང་པར་མའི་ས་སྐྱ་ལེགས་བཤད་རྩ་བ་ལྟར་བཀོད་པ་ཡིན།
  2. ལུག་ཐུག་ནི། ཕོ་འབྲས་མ་བཏོན་པའི་ལུག་ཕོ་སྟེ། ཨ་མདོའི་ཡུལ་སྐད་དུ་ཁྲོམ་ཡང་ཟེར།
  3. ཤིང་པར་དུ་“ཆུང་བའོ་”ཞེས་འཁོད་པ་འབྲེལ་མི་ཆགས་པས་བྲིས་མ་ལྟར་བཅོས་པ་ཡིན།
  4. ཨ་རྫ་ཀ་ནི། མེ་ཏོག་ལྕམ་པའམ་ཉི་དགའི་འབྲས་བུའི་མིང༌།

དཀར་ཆག

སྔོན་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་དང་པོ།
ཕྱི་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་གསུམ་པ།
Menu