ཟླ་རེའི་གསར་འགྱུར།

གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་དང་པོ།

གཏམ་རྒྱུད་གཅེས་བསྡུས།

བོང་བུ་གཟིག་པགས་ཅན།

ཧ་ཅང་གཡོ་སྒྱུ་མང་དྲགས་ན། །རེ་ཞིག་འགྲུབ་ཀྱང་ཐ་མར་བརླག །
གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །ལོ་ཐོག་ཟོས་མཐར་གཞན་གྱིས་བསད།

ཁྱིམ་བདག་གཡོ་ཅན་གཅིག་ལ་བོང་བུ་གཅིག་ཡོད་པ་གྲོ་གོང་གསོས་ཤིང་ཟ་བ་ལ།1 དེར་རེ་ཞིག་གཟིག་གི་པགས་པ་རྙེད་དེ། བོང་བུ་ཟས་འཚོལ་བ་ལ་པགས་པ་དེ་བཀབ་ཅིང་བཏང་བས། སྐྱེ་བུ་ཐམས་ཅད་ཞིང་ལ་གཟིག་ཞུགས་ཞེས་སྨྲས་པ་ན། ཧ་ཅང་ཞིང་ལ་གནོད་ཆེས་ནས་མཐར་ཐམས་ཅད་འདུས་ཏེ་གཟིག་བསད་པ་ལས། སྐྱེ་བོ་གཡོ་ཅན་དེའི་བོང་བུའོ། །

མཆན་འགྲེལ།

  1. ཤིང་པར་དུ་“གྲོ་གོང་བོས་ཤིང་ཟ་བ་ལ་”ཞེས་འདུག་པ་འབྲེལ་མི་ཆགས་པས། སྐབས་འདིར་བྲིས་མ་ལྟར་གསོས་ཞེས་པ་བཅོས་པ་ཡིན།

དཀར་ཆག

པགས་བྱེའུ་སྤུ་མེད།

ནང་ན་ཡོན་ཏན་ཀུན་ལྡན་ཡང༌། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །
པགས་བྱེའུ་1མཁས་ཀྱང་སྤུ་མེད་པས། །འདབ་ཆགས་ཀུན་གྱིས་སྤང་ཞེས་གྲགས། །

བྱ་རྣམས་རྒྱལ་པོ་འཚོལ་བར་རྩོམ་པའི་ཚེ། གང་ཞིག་ཉི་མ་ཤར་བ་སྔོན་དུ་མཐོང་བ་དེས་རྒྱལ་པོ་བྱེད་ཟེར་ནས། དེ་དང་ཕུག་རོན་གཉིས་ཀྱིས་མཐོང་བ་མཚུངས་ཀྱང༌། དེས་ཕུག་རོན་ཕྱེ་འགམ་2དུ་བཅུག་སྟེ། མགོ་བསྐོར་བས་ཉི་མ་མཐོང་བའི་རྒྱལ་ཁ་ཕ་ཝང་གིས་ཐོབ་ཀྱང༌། བྱའི་རྒྱལ་པོ་མ་སྟེར། ཡང་ནམ་འཕང་ཆོད་པ་གང་མཐོ་པ་ལ་བསྐོ་བར་བྱས་པ། ཕ་ཝང་གིས་བྱ་རྒོད་ཀྱི་སྤུ་གསེབ་ཏུ་ཞུགས་ཏེ། མཐར་བྱ་ཐམས་ཅད་ཆད་ནས་ལོག་པ་དང༌། བྱ་རྒོད་ན་རེ། དགུང་ལ་ཡང་རེག་ཟེར་ནས། འདབ་རྒྱང་འཕངས་པ་དང༌། ད་གདོད་དེ་སྤུ་གསེབ་ནས་ཐོན་ནས། དེ་བས་ཀྱང་དགུང་ལ་རེག་རེག་ཟེར་ནས་སོང་བ་ལས། ཡང་བྱ་ཐམས་ཅད་ན་རེ། སྤུ་མེད་པ་ལ་རྭ་ཡོད་པ། མདོག་མི་སྡུག་པ་འདིས་ཅི་རུང་3ཞེས་ཟེར་ཏེ། རྒྱལ་པོ་ཕར་ཞོག བྱ་ཕལ་བའི་གྲལ་དུ་ཡང་མ་ཚུད་པ་བཞིན་དུ། གཞན་གྱིས་སྨད་ཅིང་བརྙས་པར་གྱུར་ཏོ།

མཆན་འགྲེལ།

  1. པགས་བྱེའུ་ནི། ཕ་ཝང་གི་མིང་གཞན་སྟེ། ལྤགས་བྱིའུ་ཡང་ཟེར།
  2. ཕྱེ་འགམ་ནི། རྩམ་ཁུག་ལ་ཟེར།
  3. ཤིང་པར་དུ། “སྤུ་མེད་ལ་རྭ་ཡོད་མདོག་མི་སྡུག་པ་འདིས་ཅི་རུང༌”ཞེས་འཁོད་འདུག་པ་བརྗོད་མི་བདེ་བས་འདིར་བྲིས་མ་ལྟར་བཅོས་པ་ཡིན།

དཀར་ཆག

སྤྲེའུ་དང་བྲམ་ཟེ།

སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །
རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །

ལྷོ་ཕྱོགས་ཀྱི་རྒྱུད་ན་སྒྱུ་མ་མཁན་འཁྲུལ་འཁོར་གྱི་གནད་ལ་རབ་ཏུ་མཁས་པ། རྒྱལ་པོ་བྷོ་ཛ་དེ་ཝ་ཞེས་བྱ་བ་ཡོད་པས། དེའི་རྒྱལ་པོའི་ཁབ་1ཀྱི་སྒོ་སྲུང་བྱེད་པ། ཤིང་གི་མི་རིང་དུ་མ་ཡོད་པ། སྐྱེ་བོ་གཞན་ནང་དུ་ཞུགས་པ་ན་དེ་རྣམས་ཀྱིས་འཁྲུལ་འཁོར་གྱི་ཕང་དུ་སྡོམ་པར་བྱེད་པ་དང༌། ཐོ་བ་དང་དབྱུག་པས་བསྣུན་2པར་བྱེད་ཅིང༌། གཞན་ཡང་རྒྱལ་པོ་དེའི་དྲུང་ན་སྤྲེའུ་རལ་གྲི་འཛིན་པའི་སྐུ་སྲུང་ཡོད་པ་ཡིན་མོད། ཕྱོགས་དེའི་བྲམ་ཟེ་3ཞིག་ཟ་རྒྱན་4ཤོར་ནས། དེ་གཞལ་བའི་ཆེད་དུ་རྒྱལ་པོའི་ཕོ་བྲང་དུ་རྐུ་རུ་ཕྱིན་པ་ན། རྒྱལ་པོ་དེ་གཉིད་དུ་སོང་བའི་སྟེང་ན་སྦྲུལ་ཞིག་འདུག་པ་མཐོང་བ་དང༌། དེའི་སྲུང་མ་སྤྲེའུ་དེས་ཀྱང་མཐོང་སྟེ། དེ་ལ་རལ་གྲི་བརྡེག་པར་གཟས་པ་5ན། བྲམ་ཟེ་རྐུན་པོ་དེས་མ་བཟོད་དེ། བདག་བསད་པར་ཅིར་འགྱུར། མིའི་བདག་པོ་འདི་རེ་འཕང་སྙམ་སྟེ། སྤྲེའུའི་རལ་གྲི་ལ་འཇུས་ཏེ། ཁུ་ཡིས་བཏབ་6པས། རྒྱལ་པོ་གཉིད་སད་དེ། དེ་ལ་རྒྱུ་མཚན་དྲིས། དེས་ལེགས་པར་བསྙད་པས་7རྒྱལ་པོ་མགུ་སྟེ།

མཁས་པ་དགྲ་བོར་གྱུར་ཀྱང་བཟང༌། །བླུན་པོ་གྲོགས་ལའང་དེ་ལྟ་མིན། །
ཆེའུ་ས་རྒྱལ་པོ་གསོད་པ་ལ། །བྲམ་ཟེ་རྐུན་པོས་བཟློག་ལ་ལྟོས། །

ཞེས་སྨྲས་ཏེ། བྲམ་ཟེ་དེ་མགུ་བར་བྱས་སོ།

མཆན་འགྲེལ།

  1. རྒྱལ་པོའི་ཁབ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་དང་དུས་ཐོག་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ཡོད་པའི་གྲོང་ཁྱེར་གྱི་མིང་ཡིན། རྒྱལ་པོའི་ཁབ་ཟེར་བའི་མིང་ཐོགས་དོན་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་རང་གི་ཕོ་བྲང་དེ་གྲོང་ཁྱེར་གྱི་དབུས་སུ་ཡོད་སྟབས། འབངས་མི་སུའི་ཁྱིམ་ནས་མེ་ཤོར་ན། དེ་ཁྱིམ་མི་དང་བཅས་པ་དུར་ཁྲོད་དུ་ཕྱིར་འབུད་བྱེད་རྒྱུའི་ཁྲིམས་བཅོས། ཡུན་རིང་མ་སོང་བར་རྒྱལ་པོ་རང་གི་ཕོ་བྲང་མེ་ཤོར་བས། རྒྱལ་པོས་རང་གིས་བཟོས་པའི་ཁྲིམས་དེ་རང་གིས་བཤིག་མི་རུང་སྙམ་ནས་ཕོ་བྲང་དུར་ཁྲོད་དུ་སྤོས་ནས་བསྡད་པ་ཕྱིས་སུ་རྒྱལ་པོའི་ཁབ་ཅེས་མིང་ཆགས། འདིའི་ལོ་རྒྱུས་ཞིབ་ཆ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་ཐང་སན་ཛང་གི་ལམ་ཡིག་དང༌། ཇོ་ནང་ཏྭ་ར་ན་ཐས་(༡༥༧༥-༡༦༣༤)མཛད་པའི་རྒྱ་གར་ཆོས་འབྱུང་དང༌། འདུལ་བའི་གླེང་འབུམ་བཅས་སུ་གསལ།
  2. ཤིང་པར་དུ་བསྟན་ཞེས་བྲིས་འདུག་པ་ཡིག་ནོར་དུ་དོགས་ནས་འགྲེལ་བ་བྲིས་མ་ལྟར་བསྣུན་ཞེས་བཀོད་ཡོད།
  3. བྲམ་ཟེ་ནི། སྔར་རྒྱ་གར་གྱི་རིགས་བཞིའི་ནང་གསེས་ཤིག་ཡིན། མི་རབས་རིམ་བརྒྱུད་དུ་མཆོད་སྦྱིན་དང༌། རིག་བྱེད་ཀློག་པ་སོགས་བྱེད་པའི་ལོ་རྒྱུས་ཞིབ་ཆ་དགེ་འདུན་ཆོས་འཕེལ་(༡༩༠༥-༡༩༥༢)གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ན་གསལ།
  4. ཟ་སྦྱིན་ནི། ཤོ་སྤག་ལ་ཟེར།
  5. གཟས་པ་ནི། རྩོམ་པ་སྟེ། རལ་གྲི་བརྡེགས་པར་གཟས་ཞེས་པ་ལྟ་བུ།
  6. ཁུ་ཡིས་བཏབ་ནི། སྐད་ཤུགས་ཆེན་པོ་བརྒྱབ་པའི་དོན།
  7. བསྙད་པ་ནི། བཤད་པའི་བརྡ་སྙིང༌།

དཀར་ཆག

བླུན་པོ་རིག་པ་ཅན།

ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །
ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསད་པར་ནུས་ཀྱི་ཁྭ་ཏས་མིན། །

སྔོན་བྱུང་བ་རྒྱལ་པོ་ཞིག་1གིས་བློན་པོར་འོས་པའི་སྐྱེ་བོ་བརྟག་པའི་ཕྱིར་ཁྱེའུ་2སྨན་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པ་ལ་དྲེའུ་ཞིག་གསོ་བར་བཅོལ་ཏེ། དེ་ནས་དུས་རིང་པོ་ནས་གཞན་ཞིག་དེ་རྐུ་རུ་བཏང་སྟེ། དེས་དེ་ཐོབ་པ་དང༌། རྒྱལ་པོ་ཉིད་དེར་བྱོན་ཏེ། དེ་ལ་དྲེའུ་བླངས་པ་ན། གཞོན་ནུ་དེ་རང་གི་ཕ་ལ་ཞོན་ནས་བརྡེག་བཙོག་བྱེད་ཅིང་འདུག་གོ །དེ་ལ་རྒྱལ་པོས་ཁྱོད་འདི་ལྟར་ཅི་བྱེད་བྱས་པས། བདག་ཕ་འདི་འདུལ་བ་ཡིན་ནོ་ཞེའོ། །རྒྱལ་པོས་སྨྲས་པ། ཀྭ་ཡེ་འཇིག་རྟེན་ན་བཀུར་བར་བྱ་བ་ནི། བླ་མ་དཀོན་མཆོག་དང་རང་གི་ཕ་མ་ཡིན་ན། ཁྱོད་ཀྱི་སྤྱོད་པ་དེ་ལྟ་བུ་དོར་ཅིག དེ་ན་རེ། དེ་སྐད་མ་གསུངས༌། བཀུར་བར་བྱ་བ་ནི་བུ་ཡིན་གྱི། ཕ་ཅི་སྟེ་ཡིན། དེ་ལ་རྒྱལ་པོས་ཕ་མ་དྲིན་ཆེ་བ་ལ་སོགས་པའི་རྒྱུ་མཚན་དང་བཅས་པའི་ལན་བཏབ་པས། ཁྱེའུ་ན་རེ། རྒྱལ་པོ་དེ་ལྟར་ན། བདག་ཁོ་ནའི་ཕ་བཟང་ངམ། བདག་མ་ཡིན་པའི་ཕ་བཟང་བ་ཡིན། རྒྱལ་པོ་ན་རེ། འཇིག་རྟེན་ན་གང་ཞིག་ཕ་མ་ཡིན་པ་དེ་ཐམས་ཅད་བུ་བས་བཟང་བར་བྱ་དགོས་སོ། །ཁྱེའུ་དེས་དེ་ལྟར་ན་དྲེའུའི་ཕ་འདི་ལགས་པས། མིའི་བདག་པོ་འདི་སྣོམས་ཤིག་ཅེས་ཏེ། བོང་བུ་གཅིག་ཡོད་པ་རྒྱལ་པོ་ལ་གཏད་པས། ཁྱེའུ་དེའི་རིག་པ་ལ་མགུ་3སྟེ་བློན་པོ་ལ་བསྐོས་པ་ཡིན་ནོ། །

མཆན་འགྲེལ།

  1. ཤིང་པར་དུ་རྒྱལ་པོ་འགའ་ཞིག་ཅེས་འཁོད་འདུག་པ་འབྲེལ་མི་ཆགས་པས་སྐབས་འདིར་རྒྱལ་པོ་ཞིག་ཅེས་བཅོས་པ་ཡིན།
  2. ཁྱེའུ་ནི་སྐྱེས་ནས་ཡུན་རིང་མ་སོང་བའི་ཕྲུ་གུའི་མིང་ཡིན་ཡང༌། འདིར་བྱིས་པའི་དོན་ལ་གོ།
  3. མགུ་ནི་དགའ་བའི་ཞེ་ས་ཡིན།

དཀར་ཆག

ཕུག་རོན་གྱིས་ཆུང་མ་བསད་པ།

ལེགས་ཉེས་རྣམ་པར་མི་དཔྱོད་པར། །ཁྲོས་ཤིང་ཕ་རོལ་གནད་འབེབས་པས། །
ཆུང་མ་བསད་པའི་ཐི་བ་ལྟར། །གྲོགས་དང་བྲལ་བའི་མྱ་ངན་ཐོབ། །

  ནགས་འདབས་ཤིག་ན་ཐི་བ་སྟེ་ཕུག་རོན་གྱི་བྱེ་བྲག་ཕ་མོ་གཉིས་ཡོད་པ་ལས། སོས་ཀ་བཙལ་བའི་སྔོ་འདབ་གང་ཡོད་པ་དེ་ཐི་བ་མོ་དེ་བསྲུང་དུ་བཅུག ཕོ་དེ་གཞན་དུ་སོང་ནས༌། ཕྱིས་རང་གི་གནས་སུ་ལོག་པ་དང༌། སྔོ་བསྐམས་པས་ཉུང་ངུར་སོང་བ་ལ་བལྟས་ནས། དེ་ན་རེ། ཁྱོད་ཀྱིས་སྔོ་འབྲས་ཐམས་ཅད་ཟོས་སོ་ཞེའོ། །ཐི་མོ་དེས་བདག་གིས་ཅི་ཡང་ཟོས་པ་མེད་དོ། །ཞེས་སྨྲས་ཀྱང་མ་ཉན་པར། དེ་ཁྲོས་ནས་ཆུང་མ་བརྡུངས་པས་དེ་ཤི་བར་གྱུར་ཏོ། །
དེའི་ཕྱི་ལོ་སེར་ལངས་པ་1དང༌། ཡང་སྔ་མའི་ལོ་འབྲས་ཐམས་ཅད་གང་བས། དེས་བརྟགས་པས། ཀྱེ་མ་བདག་གི་གྲོགས་མོ་དེ་ལ་སྐྱོན་མེད་པ་ཞིག་གོ་སྙམ་དུ་ཤེས་ཏེ། སེམས་མྱ་ངན་གྱིས་ནོན་པ་ན། ནགས་དེའི་ལྷ་གཞོན་ནུ་འགའ་ཞིག་གིས་འདི་སྐད་ཅེས་སྨྲས་ཏེ།

ནགས་མ་གནས་པའི་ཐི་བ་ནི། །འདབ་མ་ཁྲ་བོ་མིག་དམར་བ། །
ལེགས་ཉེས་རྣམ་པར་མི་དཔྱོད་པར། །ཆུང་མ་བསད་ནས་མྱ་ངན་བྱེད། །ཅེས་སྒྲོག་གོ །

མཆན་འགྲེལ།

  1. སེར་ལངས་པ་ནི། ཡུལ་སྐད་དེ་ཞིང་ཁར་སོན་འདེབས་རན་པའི་དུས་ཀྱི་མིང༌།

དཀར་ཆག

སྔོན་མ།
བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་དྲུག་པ།
ཕྱི་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་གཉིས་པ།
Menu