ཟླ་རེའི་གསར་འགྱུར།

སྤྱི་ཚོགས་ཚན་རིག་སློབ་དེབ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཚོགས་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ ནས་ ༢༥ བར་ཉིན་གྲངས་དྲུག་རིང་སྤྱི་ཚོགས་ཚན་རིག་སློབ་དེབ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་གནང་།
ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་གནང་དགོས་དོན་ནི། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༧ དང་ ༢༨ ཉིན་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུའི་སྐབས་ཀྱི་གྲོས་ཆོད་ནང་༼ཕྱི་ལོ་ ༢༠༡༥ ནས་དཔེ་སྟོན་སློབ་གྲྭ་དང་སྤོན་ཊ་གཏན་སློབ་གཉིས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་རྒྱུ་འགོ་འཛུགས་བྱ་རྒྱུ་དང་། ཅོན་ཏ་ར་དང་བདེ་སྐྱིད་གླིང་སློབ་ཁག་གཉིས་ནས་གྲ་སྒྲིག་གིས། ཕྱི་ལོ་ ༢༠༡༦ ནས་ལག་བསྟར་བྱ་རྒྱུ། དེའི་ཆེད་ཤེས་རིག་ལས་ཁུངས་ནས་ཁྲིད་ཐབས་སོགས་མཐུན་སྦྱོར་གང་དགོས་གནང་རྒྱུ་དང་འབྲེལ། རིམ་བཞིན་ཉམས་མྱོང་ལ་གཞིགས་ནས་འཛིན་རིམ་བདུན་པ་སོགས་ལ་ལག་བསྟར་གནང་ཐབས་འབད་བརྩོན་ཞུ་རྒྱུ།༽ ཞེས་གསལ་བ་ལྟར། ཕྱི་ལོ་ ༢༠༡༥ ལོའི་སློབ་དུས་གསར་པ་ནས་བཟུང་དཔེ་སྟོན་སློབ་གྲྭ་དང་སྤོན་ཊ་གཏན་སློབ་གཉིས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ཐོག་ནས་སློབ་ཁྲིད་གནང་འགོ་བཙུགས་ཡོད་པ་དང་། བདེ་སྐྱིད་གླིང་དང་ཅོན་ཏ་ར་སམ་བྷོ་ཊ་གཉིས་ནས་སློབ་ཁྲིད་ཀྱི་གྲ་སྒྲིག་གནང་བཞིན་ཡོད་སྟབས། འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ནང་གི་བོད་གནས་ངོ་སྤྲོད་དང་བོད་ཀྱི་ལོ་རྒྱུས་སོགས་ཀྱི་དཀའ་གནད་སློབ་ཚན་ཁག་གཅིག་གི་དམིགས་བསལ་ཟབ་ཁྲིད་གནང་རྒྱུར་དམིགས་པ་ཞིག་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་གོང་གསལ་སམ་བྷོ་ཊ་སློབ་ཁག་བཞིའི་སྤྱི་ཚོགས་ཚན་རིག་དགེ་རྒན་རྣམས་འཛུལ་ཞུགས་གནང་ཡོད་པ་དང། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་སློབ་དེབ་རྩོམ་སྒྲིག་པ་བུད་དྷཱ་སྐྱབས་ལགས་དང་། བསོད་ནམས་བཟང་པོ་ལགས་གཉིས་ཀྱིས་ཟབ་ཁྲིད་གནང་བཞིན་ཡོད་འདུག
ཟབ་སྦྱོང་གི་ཉིན་དང་པོར་ཤེས་ཡོན་ལྷན་ཚོགས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ལགས་དང་། སྤྱི་ཚོགས་ཚན་རིག་གི་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས། ཤེས་ཡོན་སྲིད་བྱུས་ཀྱི་གལ་ཆེའི་རང་བཞིན་དང་ལྷག་པར་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་ཕྱོགས་སོགས་ཀྱི་གལ་ཆེའི་གསུང་བཤད་གནང་ཡོད་འདུག །།

སྔོན་མ།
ཤེས་རིག་མདུན་ལམ་སློབ་སྟོན་པས་སློབ་ཕྲུག་དང་ཕ་མ་རྣམས་ལ་མདུན་ལམ་སློབ་སྟོན་ཆེད་གཞུང་འབྲེལ་ཕྱོགས་ཕེབས།
ཕྱི་མ།
བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་ཚོགས་པ།
Menu