ཟླ་རེའི་གསར་འགྱུར།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སོགས་གསུང་བཤད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༡ ནས་ ༡༦ བར་ཉིན་གྲངས་དྲུག་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཉིན་བཞི་པར་མཉམ་ཞུགས་གནང་བའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་དང་རྣམས་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མི་མང་སྤྱི་འཐུས་ཚོགས་ཁང་གི་ནང་ཚོགས་གཙོ་མཆོག་གིས་དབུས་པའི་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕྱོགས་མཐའ་སོ་སོའི་དགེ་རྒན་དང་སློབ་ཕྲུག གསར་འགོད་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་མཉམ་འཛོམས་ཀྱིས་ཐོག་མར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༡༩༦༤ ལོར་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ཀྱི་སྐུ་པར་སྒྲིག་གཤོམ་གནང་བ་ནས་ཐེངས་བཅོ་ལྔ་པའི་སྐུ་པར་ཁག་ངོ་སྤྲོད་ཀྱིས་བཙན་བྱོལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རིང་ནས་ཐུགས་ལ་བརྣག་པའི་མང་གཙོའི་འཕེལ་རིམ་ཐད་དགོངས་བཞེས་དང་མཛད་རྗེས་གང་ཡིན་པ་རྣམས་ངོ་སྤྲོད་ཞིབ་རྒྱས་གནང་བ་དང་། དེ་བཞིན་དུས་རིམ་བཞིའི་སྒོ་ནས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ཞིབ་ཕྲ་ངོ་སྤྲོད་གནང་། དེ་རྗེས་སྤྱི་འཐུས་གྲོས་ཚོགས་ཁང་གི་ནང་སློབ་ཕྲུག་རྣམས་ལ་སྤྱི་འཐུས་ཀྱི་གྲངས་ཚད་ཇི་ཡོད་དང་ལས་དོན་གནང་ཕྱོགས། ཚོགས་འདུའི་འགྲོ་སྟངས་དང་དབང་ཚད། དེ་བཞིན་བཀའ་བློན་རྣམས་ཀྱི་ལས་འགན་གང་དང་གང་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ལྷན་ཁང་བདུན་གྱི་ཕྱག་ལས་གང་དང་གང་གནང་གི་ཡོད་པ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ལ་ཁྱད་ཆོས་དམིགས་བསལ་ཞིག་ཡོད་པ་ནི་གྲོས་ཚོགས་དང་སྲིད་འཛིན་ལམ་ལུགས་གཉིས་འདྲེས་པའི་མང་གཙོའི་ལམ་སྲོལ། ལྷག་པར་ཕྱོགས་འགལ་དང་གཞུང་འཛིན་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཤིག་ཡིན་སྐོར།
དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་ནང་དཀའ་ངལ་ཆེ་བའི་དུས་ཚོད་གཉན་འཕྲང་ཅན་ཞིག་ཡིན་པ་དང་། བོད་ནང་ཆ་བཞག་ན་རྒྱ་གཞུང་གིས་མེ་འཁོར་གྱི་ལམ་ཁ་བཟོས་པ་དང་གཞུང་ལམ་བཟོས་པ་སོགས་འཛུགས་སྐྲུན་ལ་བསྙད་ནས་བོད་ནང་རྒྱ་ནག་གི་མི་འབོར་སྤོ་བཤུག་མཚོན་པའི་སྲིད་བྱུས་ལག་བསྟར་བྱེད་པར་བརྟེན། བོད་ཀྱི་ངོ་བོ་རྩ་བརླག་ཏུ་འགྲོ་ཉེན་ཆེན་པོ་ཡོད་པ། བཙན་བྱོལ་ནང་བར་ལམ་སྤྱི་ཚོགས་ནང་འཁྲུག་རྐྱེན་ཆེན་པོ་བྱུང་བར་བརྟེན་༸གོང་ས་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་མཇལ་ཁར་ངང་སྒུག་བྱས་ཡོད་སྐོར། མ་འོངས་པར་བཙན་བྱོལ་སྒྲིག་འཛུགས་ནང་ཕྱག་ལས་གནང་མཁན་གཞོན་སྐྱེས་ཚོས་གནས་ཚུལ་མང་ཙམ་མཁྱེན་དགོས་པ་དང་ཕྱོགས་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར། རྒྱ་ནག་གི་ཆབ་སྲིད་དང་ལྷག་པར་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱི་ཐད་དོ་སྣང་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་བ་དང་དགེ་སློབ་རྣམས་ཀྱི་དྲི་བར་ལན་འདེབས་གནང་སྟེ་ལས་རིམ་མཇུག་སྒྲིལ། །

སྔོན་མ།
སྲིད་སྐྱོང་མཆོག་གིས་གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་གསུང་བཤད་གནང་བ།
ཕྱི་མ།
༸གོང་ས་མཆོག་གིས་ཟབ་སྦྱོང་དུ་བཅར་བའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་དང་དགེ་རྒན་རྣམས་ལ་བཀའ་སློབ་སྩལ་བ།
Menu