ཟླ་རེའི་གསར་འགྱུར།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་གྲྭ་ཁག་གི་རྒན་བདག་ཚོར་གསུང་བཤད་གནང་།

གསར་འཕྲིན།

༄༅། །རྒྱ་བལ་གཉིས་ནང་རྟེན་གཞི་བྱས་པའི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ ༡༧ ནས་བོད་རིགས་སློབ་ཕྲུག་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་དུ། སློབ་ཕྲུག་རྒན་བདག་ ༣༤ དང་དགེ་རྒན་ ༡༣ བཅས་ཁྱོན་མི་གྲངས་ ༤༧ ཙམ་ཞིག་བསླེབས་ཡོད་པ་རྣམས་ལ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་ཚོགས་ཁང་ནང་དུ། ད་རེས་ཁྱེད་ཚོར་ཟབ་སྦྱོང་སྤྲད་པ་བརྒྱུད་ནས་ཕན་ཐོགས་གང་ཞིག་བྱུང་ཡོད་སྐོར་དྲིས་རྗེས་གསུང་བཤད་གནང་དོན། ཁྱེད་རྣམ་པ་སློབ་གྲྭའི་རྒན་བདག་ཡིན་སྟབས། མ་འོངས་པར་ཧ་ཅང་ཡག་པོ་ཆགས་ཀྱི་རེད། ཁྱེད་རང་ཚོས་བོད་སྐད་བོད་ཡིག་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་སློབ་གྲྭ་ཁག་ལ་རང་གི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་བཙན་བྱོོལ་གྱི་སློབ་ཁག་ནས་བོད་ཡིག་ཐོག་སྔར་ལྷག་འབད་བརྩོན་བྱེད་དགོས་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད། ང་ཚོ་བོད་པར་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱིས་གཙོས་རིག་གཞུང་དང་སྐད་ཡིག་ཡོད། དེ་དག་འཛམ་གླིང་ནང་ངོམས་སུ་ཆོག་པ་ཞིག་ཆགས་ཡོད། དེང་དུས་ཀྱི་ཤེས་ཡོན་ཐོག་ནས་ད་ལྟའི་ཆར་ང་ཚོས་འཛམ་གླིང་འདིའི་ནང་དེ་ཙམ་བྱེད་ཐུབ་ཀྱི་མེད་ཀྱང་མ་འོངས་པར་ཏན་ཏན་བྱེད་ཐུབ་ཀྱི་རེད། ད་ལྟའི་ཆར་བོད་པའི་གནས་སྟངས་ཕྱོགས་གཅིག་ནས་བལྟས་ན། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཧ་ཅང་རྡོག་རྩ་ཆིག་སྒྲིལ་གནས་ཡོད་པ་དེ་ཚད་མཐོ་ཤོས་ཆགས་ཀྱི་ཡོད། དཔེར་ན། གདུང་སེམས་མཉམ་སྐྱེད་དང་ཕྱར་གྲུ་མཉམ་འདེགས་གནང་དང་གནང་མུས་རེད། དེར་བརྟེན་འཛམ་གླིང་ནང་ལའང་ང་ཚོ་བོད་པ་ཡིན་ཞེས་བརྗོད་མཁན་ཧ་ཅང་མང་པོ་ཡོད། དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཡང་སྒོས་ང་ཚོའི་མི་རབས་རྒན་པ་རྣམས་ནས་སྐུ་ལས་བསྐྱོན་པར་བརྟེན་ནས་བྱུང་བ་ཞིག་ཡིན། ཁྱེད་རང་ཚོས་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་ལྟོས་དང། ངས་ཕྱི་ལོ་ ༢༠༢༠ ལོར་བོད་དང་། རྒྱ་བལ་འབྲུག་གསུམ།
    དེ་བཞིན་ཕྱི་རྒྱལ་ཁག་བཅས་ནང་ང་ཚོ་བོད་པའི་གནས་སྟངས་གསུམ་ཆགས་ཀྱི་རེད། ཅེས་བྲིས་ཡོད། དཔེར་ན། བོད་རྒྱ་ནག་གཞུང་ནས་བཙན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༢༠ ལོར་ལོ་བདུན་ཅུ་འགྲོ་གི་རེད། བོད་བཙན་བཟུང་བྱས་ཏེ་རང་ལོ་བདུན་ཅུ་མན་བོད་པའི་འགོ་ཁྲིད་བྱེད་མཁན་ཚོ་བོད་རང་དབང་ཡོད་སྐབས་ཀྱི་བོད་པའི་གནས་སྟངས་མཐོང་མ་མྱོང་མཁན་ཤ་སྟག་ཆགས་ཀྱི་རེད། བཙན་བྱོལ་དུ་ཡོད་མཁན་ཚོར་ཡང་ཕྱི་ལོ་ ༢༠༢༠ ལོར་འགན་ཁུར་མཁན་ནང་བོད་རང་དབང་ཡོད་སྐབས་ཀྱི་གནས་སྟངས་ཤེས་མཁན་ཕལ་ཆེར་དཀོན་པོ་ཆགས་ཀྱི་རེད། ཕྱི་རྒྱལ་དུ་ཡོད་མཁན་དེ་མཚུངས་ཆགས་ཀྱི་རེད། དེ་ལྟ་བུའི་མི་རབས་ཤིག་གིས་འགན་ཁུར་དགོས་པ་ཆགས་ཀྱི་ཡོད་སྟབས། ང་ཚོའི་འགན་འཁྲི་ཆེ་རུ་འགྲོ་གི་རེད། དེར་བརྟེན་ང་ཚོས་གྲ་སྒྲིག་དང་སྙིང་སྟོབས་སོགས་དེ་ལས་ལྷག་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད་པ་མ་ཟད། སློབ་ཕྲུག་ཚོར་དྲི་བ་དྲིས་ལན་བྱེད་སྟངས་སྐོར་དང་། སློབ་གྲྭའི་གནས་སྟངས། ལྷག་པར་སློབ་ཕྲུག་ཚོའི་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད་པ་བཅས། །
 

སྔོན་མ།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སློབ་གྲྭ་ཁག་གི་རྒན་བདག་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་།
ཕྱི་མ།
གཞི་རིམ་བར་མའི་ཨིན་ཇིའི་སྐད་ཡིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།
Menu