ཟླ་རེའི་གསར་འགྱུར།

སྲིད་སྐྱོང་མཆོག་གིས་གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་བྱེད་བཞིན་པའི་འཇིགས་མེད་ཚེ་རིང་ལགས་ཀྱིས་གཟེངས་ཐོན་གྲུབ་འབྲས་ལ་བསྔགས་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ།

གསར་འཕྲིན།

༄༅། །འཕྲུལ་ལས་རིག་རྩལ་ཐོག་སློབ་སྦྱོང་གནང་བཞིན་པའི་སློབ་བུ་འཇིགས་མེད་ཚེ་རིང་ལགས་ཀྱིས་མཐོ་སློབ་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༧།༩ ལོན་ནས་ཤེས་རིག་མཐོ་སློབ་ཀྱི་སློབ་ཡོན་ཚད་མཐོ་ཤོས་ཧིན་སྒོར་འབུམ་གཅིག་བཞེས་མཁན་སློབ་ཕྲུག་ཐོག་མ་དེ་ཆགས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཀའ་ཤག་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། སློབ་བུ་འཇིགས་མེད་ཚེ་རིང་ལགས་བཅས་ལྷན་འཛོམས་ཐོག་ཤེས་རིག་མཐོ་སློབ་ཀྱི་སློབ་ཡོན་ཚད་མཐོ་ཤོས་ཧིན་སྒོར་འབུམ་གཅིག་བཞེས་མཁན་འཇིགས་མེད་ཚེ་རིང་ལགས་སུ་དགའ་བསུའི་འཚམས་འདྲི་དང་སྦྲགས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཇིགས་མེད་ཚེ་རིང་ལགས་ཀྱིས་སློབ་སྦྱོང་གནང་བཞིན་པ་འདི་རྒྱལ་སྤྱིའི་ནང་ཆེ་མཐོང་ཡོད་པའི་སློབ་གཞི་ཞིག་ཡིན་པ་དང་།  མ་འོངས་པར་སློབ་ཕྲུག་གཞན་གྱི་མིག་དཔེ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་མ་ཟད། འཇིགས་མེད་ཚེ་རིང་ལགས་ཀྱིས་ཧིན་དུ་སི་ཐན་མཐོ་སློབ་(Hindustan University) ཅེས་པའི་མཐོ་སློབ་ནང་ལོ་རིམ་དང་པོའི་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༧།༩ ལོན་པར་བརྟེན་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་འབུམ་གཅིག་ཐོབ་ཡོད་སྟབས། ད་བར་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་ཁོངས་ནས་བརྒྱ་ཆ་མཐོ་ཤོས་དེ་ཆགས་ཡོད། དེར་བརྟེན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་བཀའ་བློན་མཆོག་གིས་ཀྱང་འཇིགས་མེད་ཚེ་རིང་ལགས་ལ་བསྔགས་བརྗོད་དང་འབྲེལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འདི་བརྒྱུད་ཁྱད་ལས་སློབ་སྦྱོང་བྱེད་མཁན་དང་། མཐོ་སློབ་ཁག་ཏུ་འགྲིམས་བཞིན་པའི་སློབ་མ་གཞན་རྣམས་ལའང་སེམས་འགུལ་ཐེབས་རྒྱུར་ཕན་ཐོགས་ཡོང་ངེས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
 སྤྱིར་འཇིགས་མེད་ཚེ་རིང་ལགས་ནི། རྡོར་གླིང་དུ་གནས་སྡོད་ཕ་ཚེ་རིང་རྡོ་རྗེ་ལགས་དང་། མ་ཟླ་བ་སྒྲོལ་མ་ལགས་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་འདུག་པ་དང་། ཁོང་ནི་འཛིན་རིམ་བརྒྱད་པ་བར་སྒང་ཏོག་གཏན་སློབ་དང་། དེ་རྗེས་རྡོར་གླིང་གཏན་སློབ་ཏུ་འཛིན་གྲྭ་བཅུ་པ་བར་སློབ་སྦྱོང་གནང་རྗེས་མ་སུ་རི་གཏན་སློབ་ནས་འཛིན་གྲྭ་བཅུ་གཉིས་ཐོན་ཏེ་ད་ཆ་རྒྱ་གར་ལྷོ་ཕྱོགས་ཅེ་ནཱཡི་ནང་ཡོད་པའི་ཧིན་དུ་སི་ཐན་འཕྲུལ་ལས་རིག་རྩལ་དང་ཚན་རིག་བསྟི་གནས་ (Hindustan University) ཁང་དུ་གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་གནང་བཞིན་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་འཛིན་གྲྭའི་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་།
ཕྱི་མ།
བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པར་འབྲེལ་མཐུད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་།
Menu