ཟླ་རེའི་གསར་འགྱུར།

སློབ་ཁྲིད་གྲ་སྒྲིག་བྱེད་ཚུལ་གྱི་ཉམས་མྱོང་ཐོར་བཏུས།

དགེ་རྒན་གྱི་དཔྱད་གཞི།

    སློབ་ཁྲིད་གྲ་སྒྲིག་བྱེད་པ་འདི་ནི་སློབ་ཁྲིད་བྱ་བའི་ཁྱབ་ཁོངས་ནང་མེད་དུ་མི་རུང་བའི་མ་ལག་ཅིག་ཡིན། དེ་བས་དགེ་རྒན་གསར་རྙིང་གང་ཡིན་ཡང་ཚང་མས་སློབ་ཁྲིད་ཀྱི་གནད་ཆེ་སར་བཟུང་ནས་ལེགས་སྒྲུབ་བྱེད་དགོས། ད་ལམ་བདག་གིས་མི་རིགས་སློབ་གསོའི་བྱ་བ་འདི་ཉིད་མི་ཉམས་གོང་དུ་འཕེལ་བའི་སླད་དང་སློབ་ཁྲིད་རྒྱུ་སྤུས་སྔར་ལས་མཐོར་འདེགས་གཏོང་བའི་ཆེད། སློབ་ཁྲིད་གྲ་སྒྲིག་བྱེད་ཚུལ་གྱི་ཉམས་མྱོང་ཐོར་བུ་ཞིག་ཟུར་ལྟའི་རྒྱུ་ཆ་དང་གཞན་ལེགས་ཆ། རང་གི་ལག་ལེན་བཅས་ལས་ཕྱོགས་སྡོམ་བགྱིས་ནས་ཐོབ་པའི་ཉམས་མྱོང་འདི་རྒྱ་ཆེ་བའི་དགེ་རྒན་རྣམ་པའི་སྤྱན་ལམ་དུ་ཕུལ་བ་གཤམ་གསལ།

དང་པོ། སློབ་ཁྲིད་རྩ་གནད་ལ་བརྩོན་ཞིབ་ནན་ཏན་བྱས་ནས་བསླབ་དེབ་དང་འབྲེལ་ཡོད་ཀྱི་ཟུར་ལྟའི་རྒྱུ་ཆ་མང་ཙམ་ཀློག་པ།

   སློབ་ཁྲིད་རྩ་གནད་ནི་རྒྱལ་ཁབ་ཀྱིས་བསླབ་བྱ་སོ་སོར་མཛུབ་སྟོན་བྱེད་པའི་ཡིག་ཆ་ཡིན་པ་དང། བསླབ་བྱ་སོ་སོའི་སྤྱིར་བཏང་གི་བླང་བྱའམ་བསླབ་གཞི་རྩོམ་སྒྲིག་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་ཚད་ལྡན་གྱི་གཞི་འཛིན་ས་ཉག་གཅིག་ཡིན། སློབ་ཁྲིད་གྲ་སྒྲིག་བྱེད་སྐབས། དགེ་རྒན་གྱིས་སློབ་ཁྲིད་རྩ་གནད་ལ་བརྩོན་ཞིབ་སློབ་སྦྱོང་བྱས་ཏེ་བསླབ་བྱ་དེའི་སློབ་ཁྲིད་དམིགས་ཡུལ་གསལ་པོར་ངེས་པ་དང། བསླབ་བྱ་རང་གི་རྩ་བའི་བླང་བྱ་རྟོགས་པ་དང་བསླབ་གཞིའི་མ་ལག་ཁོང་དུ་ཆུད་པ་བཅས་བྱས་ཏེ་སློབ་ཁྲིད་བྱེད་ཐབས་སོགས་གཏན་འཁེལ་ཡང་དག་བྱེད་དགོས་ཤིང་དེ་དང་ལྷན་དུ་དགེ་རྒན་གྱིས་ཅིའི་ཕྱིར་སློབ་ཁྲིད་བྱེད་པ་དང།  ཅི་ཞིག་ཁྲིད་དགོས་པ། ཇི་ལྟར་ཁྲིད་པའི་ཕྱོགས་ལ་ཁ་གསལ་གཏིང་དཔོག་ཐུབ་པ་བགྱིད་དགོས། འོན་ཀྱང་སློབ་ཁྲིད་རྩ་གནད་ནི་གཞི་རྩའི་གནད་ཀ་ཞིག་ཡིན་པ་ལས་ཞིབ་ཅིང་རྒྱས་པ་ཞིག་མ་ཡིན་པས་སློབ་མའི་རྒྱུད་ལ་ཐད་ཀར་དུ་སྦྱིན་ཆོག་པའི་ཤེས་བྱའི་ནང་དོན་མཐའ་དག་མི་འདུ་ཞིང་དགེ་རྒན་གྱིས་སུན་སྣང་མེད་ཅིང་ངང་རྒྱུད་རིང་པོས་བསླབ་གཞི་ལ་བརྩོན་ཞིབ་བྱེད་དགོས་སོ། །
   སྤྱིར་བཏང་དུ་བསླབ་གཞི་ནི་བསླབ་དེབ་ཡིན་ལ་དེ་ནི་སློབ་ཁྲིད་རྩ་གནད་ཀྱི་རྨང་གཞིའི་སྟེང་རྩོམ་སྒྲིག་བྱས་པ་ཞིག་ཡིན་པས། དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་གི་གཞི་འཛིན་པར་གྱུར་པ་དང་དེ་ཡིས་དགེ་རྒན་གྱི་སློབ་ཁྲིད་ལ་དཔྱད་གཞི་མཁོ་སྤྲོད་བྱས་པ་ཡིན། དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་ན་བསླབ་གཞི་ལ་གྲ་སྒྲིག་བྱེད་དགོས་ཤིང། བྱང་ཆུབ་པའི་ངང་བསླབ་གཞིའི་ནང་དོན་མ་ལུས་རྒྱུས་ལོན་དགོས་པ་དང། བསླབ་དེབ་ཡོངས་ཀྱི་ཚན་རིག་མ་ལག་རྒྱུས་བླངས་པའི་རྨང་གཞིའི་ཐོག་ནས་གལ་ཆེ་བའི་ལེའུ་དང་ས་བཅད་རེ་རེའི་གནད་ས་དང་དཀའ་གནད། འགག་སྒོ་ཐམས་ཅད་གསལ་བོ་བྱེད་དགོས་ལ། བསླབ་གཞིའི་སྟེང་རྩོམ་སྒྲིག་བྱས་པའི་བསམ་དོན་གསལ་རྟོགས་བྱས་ནས། བསླབ་གཞིའི་སྟེང་རྩོམ་སྒྲིག་བྱས་པའི་བསམ་དོན་གསལ་རྟོགས་བྱས་ནས། བསླབ་གཞིའི་ཁག་རེ་རེའི་ཤེས་བྱ་སློབ་མའི་རྒྱུད་ལ་ཇི་ལྟར་སྟེར་བའི་བརྒྱུད་རིམ་སོགས་ཀྱི་དགོས་པ་ཁོང་དུ་ཆུད་དགོས། རྒྱུས་ལོན་བྱེད་པ་ནི་དཀའ་བ་ཆེ་བའི་ངལ་རྩོལ་ཞིག་ཡིན། དེ་བས་དགེ་རྒན་གྱིས་གཏིང་ཟབ་སྒོས་སློབ་ཁྲིད་གྲ་སྒྲིག་གང་ལེགས་བྱས་ཏེ། བསླབ་དེབ་ཀྱི་ནང་དོན་ཁོང་དུ་ཆུད་དགོས་པ་མ་ཟད། ད་དུང་ཕྱོགས་སོ་སོའི་ཤེས་བྱའི་འོ་མ་ཡང་ཡང་འཐུང་དགོས་ཤིང་རང་ཉིད་ཀྱི་གནས་ཚུལ་དངོས་གཞིར་བཟུང་ནས་སུན་སྣང་མེད་པར་ཟུར་ལྟའི་རྒྱུ་ཆ་མང་ཙམ་ཀློག་པ་དང། བསླབ་དེབ་ཀྱི་ཁྱབ་ཁོངས་ལས་ཕྱི་ལ་བརྒལ་ཏེ་མཐོང་ཐོས་ཀྱི་རྒྱ་ཁྱོན་ཇེ་ཆེར་གཏོང་ཅི་ཐུབ་བྱེད་དགོས།
   དགེ་རྒན་གྱིས་ཟུར་ལྟའི་དཔེ་ཆ་ཀློག་པ་ནི། རང་ཉིད་ཀྱིས་གཏིང་ཟབ་སྒོས་བསླབ་དེབ་རྒྱུས་ལོན་པར་རམ་འདེགས་བྱེད་ཐུབ་པ་དང། རྒྱུ་ཆ་གཅིག་ཐོག་ཉིས་རྩེག་བྱས་པས་རང་ཉིད་ཀྱི་རིག་གནས་ལས་སྒོའི་ཆུ་ཚད་ཇེ་མཐོར་འགྲོ་བར་ཕན་པ་ངེས་ཅན་ཡོད། འོན་ཀྱང། ཟུར་ལྟའི་རྒྱུ་ཆ་ལ་ངེས་པར་དུ་རང་རྐྱ་འཕེར་པའི་ངང་མནོ་བསམ་ཞིབ་ཕྲ་བཏང་ནས་དོན་གང་ལའང་དྲི་བ་ཞིག་འདོནན་ནུས་པར་བརྩོན་ཞིབ་ནན་ཏན་བྱེད་དགོས། དེ་ནས་གོ་རིམ་ཡོད་པའི་སྒོ་ནས་འདི་ནས་དེ་ཤེས་པ་དང། ཕྱི་ནས་ནང་ཤེས་པ། རགས་པ་ནས་ཟབ་པར་འགྲོ་བ། ཐག་ཉེ་ནས་རིང་སར་འགྲོ་བ་ལྟར་དོན་རྩ་མ་ལུས་གསལ་བོར་རྟོགས་པའི་བྱེད་ཐབས་བར་མ་ཆད་པར་སྤྱད་ནས་རིག་པའི་མཐུ་རྩལ་སྦྱོང་བརྡར་བྱས་པ་བརྒྱུད་དེ་བསླབ་གཞིའི་དཀའ་གནད་རྣམས་མི་ཤེས་པ་ནས་རྒྱུས་མངའ་བར་གྱུར་ཅིང། རིམ་གྱིས་རྟོགས་གསལ་འགྱུར་གསུམ་གྱི་གནས་སུ་བསླེབ་དགོས།
   དེ་ལས་རྟོགས་པ་ཞེས་པ་ནི། བསླབ་དེབ་ཀྱི་རྨང་གཞིའི་བསམ་བློ་དང། རྩ་བའི་གོ་དོན། ཕྱོགས་སྡོམ། སྤྱི་འགྲོས་དང་གཏན་སྲོལ། ཐ་སྙད་དང་བརྗོད་བྱ། ཐ་ན་རྗོད་བྱེད་ཀྱི་ཚིག་རེ་རེ་དང་ཡི་གེ་རེ་རེའི་གོ་དོན་ནམ་འབྱུང་རྩ་ཡིད་ལ་གསལ་ཆ་ཡོད་པར་བྱེད་པའོ། །གསལ་བ་ཞེས་པ་ནི། བསླབ་དེབ་ཀྱི་ནང་དོན་བྱང་ཆུབ་པ་དེ་ཡིན། དེ་ཡང་རྟོགས་པ་ཁོ་ན་ལས་གཞན་རྒྱུས་ལོན་གསལ་པོ་ཡོད་པ་བྱེད་དགོས་ཤིང། བསླབ་དེབ་བཀོལ་སྤྱོད་བྱེད་པར་ཐོགས་པ་མེད་ཅིང་གང་དྲན་ལག་ཏུ་ཐོན་པར་བྱེད་ནུས་པའོ། །འགྱུར་བ་ཞེས་པ་ནི། ཤེས་བྱ་དེ་རང་ཉིད་ཀྱི་དངོས་པོར་འགྱུར་བར་བྱས་ཏེ། རང་ཉིད་ཀྱི་བསམ་པའི་བརྩེ་དུང་དང་བསླབ་དེབ་ཀྱི་ནང་དོན་གཅིག་ཏུ་འདྲེས་ནས་བསླབ་དེབ་ནི་རང་གི་ཤ་ཁྲག་དང་རྣམ་ཤེས་སུ་འགྱུར་བར་བྱེད་པའོ། །
   སློབ་ཁྲིད་གྲ་སྒྲིག་དེ་རྟོགས་གསལ་འགྱུར་གསུམ་གྱི་གནས་སུ་སླེབས་ཚེ། ད་གཟོད་བསླབ་དེབ་ཁོང་དུ་ཆུད་པ་དང། བསླབ་དེབ་བྱང་ཆུབ་པ་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཆོག

གཉིས་པ། སློབ་མའི་གནས་ཚུལ་རྒྱུས་ལོན་བྱེད་པ།

   སློབ་མ་ནི་དགེ་རྒན་གྱི་སློབ་ཁྲིད་བྱ་ཡུལ་ཡིན་པ་མ་ཟད། སློབ་ཁྲིད་བརྒྱུད་རིམ་ཁྲོད་ཀྱི་ལྟེ་གནས་ཀྱང་ཡིན། སློབ་ཁྲིད་ཀྱི་མཐར་ཐུག་དམིགས་ཡུལ་ནི་སློབ་མས་རང་གི་རྒྱུད་ལ་འབྱོར་པའི་ཤེས་བྱ་དེ་ལག་ལེན་དངོས་ཀྱི་ནང་དུ་བཀོལ་སྤྱོད་བྱེད་དགོས་པ་དེ་ཡིན། སློབ་མའི་གནས་ཚུལ་རྒྱུས་ལོན་བྱེད་པ་ནི་སློབ་ཁྲིད་གྲ་སྒྲིག་བྱེད་པའི་གོ་རིམ་ནང་ངེས་པར་བསྒྲུབ་དགོས་པའི་མ་ལག་ཅིག་ཡིན། སློབ་མ་རྒྱུས་ལོན་བྱེད་པར་སློབ་མའི་སྔར་ཡོད་ཀྱི་ཤེས་བྱའི་རྨང་གཞི་དང། ཁོང་དུ་ཆུད་ཟིན་པའི་ཤེས་བྱ་དང་ནུས་ཤུགས་ཀྱི་རྒྱུ་སྦྱོང་གི་བྱེད་ཐབས། ཁྱིམ་གྱི་གནས་ཚུལ་རགས་རམ་བཅས་རྒྱུས་ལོན་དགོས་ལ། སྤྱིར་སློབ་མའི་གནས་ཚུལ་རྒྱུས་ལོན་བྱེད་པ་ནི་སློབ་ཁྲིད་གྲ་སྒྲིག་གི་དམིགས་ཡུལ་མིན་ཡང། དགེ་རྒན་ལ་སློབ་མའི་གནས་ཚུལ་མ་ལུས་གསལ་རྟོགས་ཡོང་བའི་སྒོ་ནས་ཡང་དག་པའི་སློབ་ཁྲིད་ལེགས་པོ་ཞིག་བཀོད་སྒྲིག་བྱེད་ཆེད། སློབ་མས་ཤེས་བྱ་གསར་བ་སློབ་སྐབས་དཀའ་ངལ་གང་འདྲ་འབྱུང་བ་སྔོན་དཔོག་ཐུབ་པ་དང། དཀའ་ངལ་དེ་དག་ཇི་ལྟར་སྔོན་འགོག་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་ཞིག་མཆིས།
   འདི་ལྟར་བྱས་ན་སློབ་ཁྲིད་གྲ་སྒྲིག་དང་སློབ་མ་གྲ་སྒྲིག་གཉིས་ལྷན་དུ་འབྲེལ་ཐུབ་པར་གྱུར་ཅིང། སློབ་ཁྲིད་ཀྱི་འབྲས་བུ་ལའང་མངོན་རྟགས་ཆེ་བའི་གདེང་ཚོད་ཡོད། གལ་ཏེ་ཕྱོགས་གཅིག་རྒྱ་ཡན་དུ་བཏང་ནས་ཕྱོགས་གཅིག་ཁོ་ན་བཟུང་ན་སློབ་ཁྲིད་བྱ་བར་མཐོར་འདེགས་སུ་གཏོང་དཀའ་ཞིང་དགེ་རྒན་གྱི་ཡིད་ཀྱང་ཚིམ་པར་མི་ནུས་སོ། །

གསུམ་པ། སློབ་ཁྲིད་བྱེད་ཐབས་ཀྱི་སྐོར།

   དགེ་རྒན་གྱིས་བསླབ་དེབ་ཁོང་དུ་ཆུད་པའི་རྨང་གཞི་བཟང་པོའི་སྟེང། འཆད་སྤེལ་གྱི་ལམ་དུ་འདྲེན་དགོས། དེ་བས་དགེ་རྒན་གྱིས་ཇི་ལྟར་བྱས་ནས་ཤེས་བྱའི་གྲུ་ཆར་སློབ་མའི་རྒྱུད་ལ་འཇོ་བར་བསམ་བློ་ཞིབ་ཕྲ་བཏང་སྟེ་བྱང་ཆུབ་པའི་ངང་དཔེ་ངོས་ཀྱི་སློབ་ཚན་དེ་སྐད་ཆའི་སློབ་ཚན་དུ་འགྱུར་ཅི་ཐུབ་བྱེད་དགོས།
སློབ་ཁྲིད་གྲ་སྒྲིག་གི་བླང་བྱ་གཙོ་བོ་ནི། སློབ་ཚན་བཀོད་སྒྲིག་ཇི་ལྟར་བྱེད་པ་ལ་བསམ་བློ་གཏོང་དགོས་ཤིང། ཁྱད་པར་དུ་དོན་དངོས་ཇི་ལྟར་རྒྱས་བཤད་དང། གོ་དོན་ཇི་ལྟར་བྱུང་བ། ཆོས་ཉིད་ཇི་ལྟར་རིགས་པས་སྒྲུབ་པ་སོགས་ལ་ནན་ཏན་གྱིས་བརྩོན་ཞིབ་བྱེད་པ་དང་ལྷན་དུ། ད་དུང་སློབ་ཁྲིད་ཀྱི་རྣམ་པ་དང། སློབ་ཚན་གྱི་གྲུབ་ཚུལ། སློབ་ཁྲིད་བྱེད་ཐབས་སོགས་ལའང་བསམ་གཞིགས་མང་ཙམ་བཏང་ན་འགྲིག དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་སྐབས། གོང་གསལ་གྱི་རིམ་པ་དེ་དག་སྒྲུབ་པ་དང་མཉམ་དུ། ད་དུང་གཤམ་གྱི་འཆར་གཞི་གསུམ་གཏན་ལ་དབབ་དགོས།

འཆར་གཞི་དང་པོ། སློབ་སྐབས་གཅིག་གི་སློབ་ཁྲིད་མྱུར་ཚད་ཀྱི་འཆར་གཞི།
   སློབ་སྐབས་སློབ་ཁྲིད་མྱུར་ཚད་ཀྱི་འཆར་གཞི་ནི་ངེས་པར་དུ་སློབ་སྐབས་གསར་པ་འགོ་མ་ཚུགས་པའི་སྔོན་ལ་གཏན་འཁེལ་བྱེད་དགོས། དེའི་ནང་དོན་ལ་ཕྱོགས་གང་དག་འདུ་བ་འདི་ལྟ་སྟེ། ཁྲིད་ཡུལ་འཛིན་གྲྭ་དེའི་སློབ་མ་ཡོངས་ཀྱི་གནས་ཚུལ་མདོ་ཙམ་རྒྱུས་ལོན་དང། སློབ་སྐབས་དེའི་སློབ་ཁྲིད་རེ་འདུན། སློབ་སྐབས་དེའི་བསླབ་གཞིའི་ས་བཅད་དམ། སློབ་ཁྲིད་དུས་གྲངས་ཀྱི་དུས་ཚོད་བཀོད་སྒྲིག་བྱེད་པ། བསླབ་གཞི་སོ་སོར་མཁོ་བའི་སློབ་ཆས་གཙོ་བོ་སོགས་སོ། །

འཆར་གཞི་གཉིས་པ། བསླབ་གཞིའི་འཆར་བཀོད།
   སློབ་སྐབས་སློབ་ཁྲིད་མྱུར་ཚད་ཀྱི་འཆར་གཞི་བཟོས་པའི་རྗེས་སུ། སློབ་ཁྲིད་མ་བྱས་པའི་སྔོན་ལ་དགེ་རྒན་གྱིས་ད་དུང་སློབ་ཁྲིད་རྩ་གནད་ཀྱི་ལེའུ་ས་བཅད་རེ་རེ་ལ་ཕྱོགས་ཡོངས་ནས་མནོ་བསམ་ཞིབ་ཏུ་བཏང་ནས་བསླབ་གཞི་དང་ཡང་ན་སློབ་ཚན་གཅིག་གི་འཆར་བཀོད་གཏན་ལ་ཕབ་དགོས། དེའི་ཁོངས་སུ་གཤམ་གྱི་ནང་དོན་འགའ་འདུ་སྟེ། སློབ་ཚན་གྱི་མིང་(ཡང་ན་ལེའུ་ས་བཅད་རེའི་མིང)དང། སློབ་ཚན་རང་གི་སློབ་ཁྲིད་ཀྱི་དམིགས་ཡུལ། སློབ་ཁྲིད་དུས་གྲངས་ཁག་དུ་ལ་བགོས་པ་དང། སློབ་ཚན་རེས་ཐག་གཅོད་དགོས་པའི་གནད་དོན་གཙོ་བོ། སློབ་ཁྲིད་ཀྱི་རྣམ་པ། སློབ་ཁྲིད་བྱེད་ཐབས་སམ་སློབ་ཆས་གཙོ་བོ་བཅས་སོ། །

འཆར་གཞི་གསུམ་པ། སློབ་ཁྲིད་དུས་གྲངས་འཆར་གཞི། (སློབ་ཁྲིད་འཆར་གཞི)
   སློབ་ཁྲིད་དུས་གྲངས་འཆར་གཞི་འདི་ནི་སློབ་ཐུན་རེ་རེའི་རྒྱལ་ཕམ་ལ་རྩ་བའི་སྟེང་ནས་ཤན་ངེས་ཅན་ཡོད་པ་ཞིག་ཡིན། མདོར་ན། སློབ་ཁྲིད་དུས་གྲངས་འཆར་གཞི་ལ་གཤམ་གསལ་གྱི་ཕྱོགས་འགའ་ཡོད་དེ། ཐོག་མར་ཡང་དག་པའི་སྒོ་ནས་སློབ་ཁྲིད་དུས་ཚོད་ཀྱི་སློབ་ཁྲིད་དམིགས་ཡུལ་ངོ་མ་ཐག་གཅོད་བྱེད་དགོས་ཤིང་དེ་ནས་སློབ་ཁྲིད་གོ་རིམ་ལ་བསམ་བློ་ཞིབ་མོར་གཏོང་དགོས། སློབ་ཐུན་རེར་དུས་ཚོད་སྐར་མ་ཞེ་ལྔ་མ་གཏོགས་མེད། དགེ་རྒན་གྱིས་སློབ་ཁྲིད་མ་བྱས་པའི་སྔོན་ལ་སློབ་ཁྲིད་ཀྱི་གོ་རིམ་རྣམས་འོས་འཚམས་ཀྱིས་བཀོད་སྒྲིག་ལེགས་པོ་བྱེད་དགོས་པ་དང། དེ་མ་ཟད་གོ་རིམ་རེ་རེར་མཁོ་བའི་ཧ་ལམ་གྱི་དུས་ཚོད་གཏན་འཁེལ་བྱེད་པ། དེ་ལྟར་བྱས་ན་ད་གཟོད་བདེ་བླག་ངང་ནུས་པ་ལྡན་པའི་བྱེད་ཐབས་ཀྱིས་དུས་ཚོད་སྐར་མ་རེ་རེ་བེད་སྤྱོད་ཐུབ་པར་འགྱུར་ངེས་ཡིན་ནོ། །
   དགེ་རྒན་གསར་པ་དང་ཡང་ན་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་གང་ཡིན་ནའང། ཚང་མས་ངེས་པར་དུ་སློབ་ཁྲིད་དུས་གྲངས་ཀྱི་འཆར་གཞི་བཟོ་དགོས་ཤིང་ཞིབ་རྒྱས་ཀྱིས་སློབ་ཁྲིད་བྱེད་ཐབས་བཟོ་བ། ཐད་ཀར་དུ་འབྲེལ་བ་ཡོད་པའི་སློབ་ཆས་གང་དག་མཁོ་ཆེ་བ་སོགས་ཐག་གཅོད་གསལ་བོ་བྱེད་དགོས། སློབ་ཁྲིད་འཆར་གཞི་རྒྱས་པ་དང་རགས་པ་གང་ཡིན་ཡང། གཏན་འཁེལ་བྱས་རྗེས་ངེས་པར་དུ་བྱང་ཆུབ་པར་བྱེད་དགོས། བྱ་བའི་སྔོན་ལ་ཅི་འདྲའི་ཕུན་སུམ་ཚོགས་པའི་གྲ་སྒྲིག་ཅིག་བྱས་པ་དང་ཡང་ན་སློབ་ཁྲིད་འཆར་གཞི་སྒྲིག་པ་ཅི་འདྲའི་ཞིབ་ཅིང་གནད་ལ་འཁེལ་བ་ཞིག་ཡིན་ནའང། རྐྱེན་སྣ་ཚོགས་ཀྱི་དབང་གིས་སློབ་ཁང་སློབ་ཁྲིད་དུ་གློ་བུར་བཟོ་བཅོས་བྱེད་དགོས་པའི་བྱ་བ་ནི་རྟག་པར་འབྱུང་བ་ཞིག་ཡིན། གནས་ཚུལ་འདི་དག་འབྱུང་སྐབས། དགེ་རྒན་བྲེལ་འཚུབ་མ་སྐྱེས་པར་སེམས་པ་ལྷོད་ལ་བབས་ཏེ་མྱུར་མོར་ཐག་གཅོད་བྱེད་དགོས་ཤིང་སེམས་ཐག་ཆོད་པའི་ངང་སྔར་གྱི་འཆར་གཞིར་འགྱུར་ལྡོག་བྱུང་བའི་གནས་ཚུལ་དེ་འོས་འཚམས་ཀྱིས་བསྒྱུར་དགོས། འོན་ཀྱང་འདི་ལྟ་བུའི་ནུས་རྩལ་ནི་སློབ་ཁྲིད་བྱ་བའི་སྦྱོང་བརྡར་བརྒྱུད་པ་ལས་འཐོབ་པ་ཡིན་ནོ། །

མཆན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བསྟན་འཛིན་རྒྱ་མཚོས་བརྩམས་ཏེ། ཕྱི་ལོ་༡༩༨༦ ལོའི་མཚོ་སྔོན་སློབ་གསོའི་དེབ་ལྔ་པའི་སྟེང་སྤེལ་ཞིང། ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སློབ་དེབ་ལས་བདམས་བཀོད་བྱས།

 

སྔོན་མ།
སློབ་ཐུན་ལེགས་པོ་ཞིག་གི་ཚད་གཞི་ག་འདྲ་ཡིན།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
Menu