ཟླ་རེའི་གསར་འགྱུར།

སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོ་ཚོགས་པ།

གསར་འཕྲིན།
༄༅། །འདི་ག་ཤེས་རིག་ལས་ཁུངས་གིས་གོ་སྒྲིག་འོག་ཧི་མཱ་ཅལ་དང་ལ་དྭགས་མངའ་ཁུལ་སློབ་ཁག་བཅུ་གཅིག་གི་རིགས་ལམ་འདུ་འཛོམས་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོ་ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་བསྐྱངས་ཡོད་པ་དང༌། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས། ས་གནས་ཚོགས་སྡེ་ཁག་གི་འགོ་འཛིན་དང༌། འཐུས་མི་སོགས་ཚང་འཛོམས་ཐོག་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་འདུ་འཛོམས་རིང་སློབ་ཕྲུག་ནང་ཁུལ་རིགས་ལམ་རྩོད་པ་དང་དམ་བཅའ་འཇོག་པ། སློབ་ཚན་གཞན་ཐོག་རིགས་ལམ་རྟགས་གསལ་བཏང་བ་དང༌། རྟོག་ཞིབ་གནང་མཁན་ཉིན་དང་པོར་རིགས་སློབ་སློབ་དཔོན་དགེ་བཤེས་བློ་བཟང་ཟླ་བ་ལགས་དང། ཉིན་གཉིས་པ་དང་གསུམ་པར་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་དང་དཔེ་མཛོད་སློབ་དཔོན་ན་ག་སངས་རྒྱས་བསྟན་དར་ལགས། ཉིན་བཞིར་རྫོང་གསར་མཁན་པོ། ཉིན་མཐའ་མར་ཤེས་རིག་དྲུང་ཆེ་དང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་བཅས་ནས་གཟིགས་ཞིབ་གནང་ཐུབ་པ་དང་བྱུང་ཡོད། འདུ་འཛོམས་ནང་སློབ་ཁག ༡༡ ནས་ཆོས་དགེ་ ༡༡ དང་སློབ་མ་ ༧༧ མཉམ་ཞུགས་གནང་ཡོད། སློབ་མ་དང་ཆོས་དགེ་མྱོང་ཚོར་ཅི་བྱུང་བསམ་ཤོག་བསྡུས་པའི་གནས་སྟངས་དང༌། ཤེས་ཡོན་ལྟ་སྐོར། ལས་འཆར་ཞིབ་ཕྲ་ཇི་སྤེལ་ལས་བསྡོམས་སྒྲོགས་སྦྱང་ཞུས།
    སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་རིགས་ལམ་བརྒྱུད་སྤྱིར་ཤེས་བྱའི་གནས་ལ་འཇུག་པའི་རྣམ་འབྱེད་ཀྱི་བློ་གྲོས་སད་པར་གདོན་མི་ཟ་ཡང༌། རིགས་ལམ་གྱི་རྩལ་མཆོག་རྙེད་ནས་རང་ཉིད་ཀྱི་འཚོ་བའི་བདེ་དོན་ཁོ་ནའི་ཆེད་དུ་འབུངས་པ་མ་ཡིན་པར་བསྟན་པ་དང་འགྲོ་བ་སེམས་ཅན་སྤྱི་ལ་ཕན་བདེ་དང༌། རང་ཉིད་མི་བཟང་པོ་ཞིག་ཡོང་ཐབས་བྱ་དགོས་སྐོར་གསུང་བཤད་གནང༌། དེ་ནས་ཅོན་ཏ་ར་སཾ་བྷོ་ཊ་སློབ་གྲྭའི་འཛིན་སྐྱོང་དང་དགེ་ལས་སློབ་ཕྲུག་བཅས་ཀྱི་འཐུས་མི་རེ་ནས་དེ་གའི་ཆོས་དགེ་ངག་དབང་བརྩོན་འགྲུས་ལགས་སུ་སློབ་ཕྲུག་རྣམས་ལ་རིགས་ལམ་སློབ་འཁྲིད་ཐད་ཤུགས་སྣོན་དང་ཐུགས་ཁུར་ཆེ་བཞེས་གནང་བར་ལེགས་གསོལ་མཇལ་དར་ཕུལ།
    སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེས་རིགས་ལམ་འདུ་འཛོམས་ལ་བཅར་བའི་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་སློབ་མ་རྣམས་ཕྱག་འཁྱེར་གནང་བ་དང༌། མཇུག་བསྡོམས་ལམ་སྟོན་གསུང་བཤད་དུ་སྤྱིར་བཙན་བྱོལ་ནང་བོད་མིའི་ཤེས་ཡོན་གྱི་གནས་སྟངས་གང་ལེགས་ཡོད་ཀྱང༌། བོད་མིའི་ཁྲོད་ཚན་རིག་པ་དང་རིགས་གཅིག་རྐང་འཛིན་པའི་སློབ་ཐོན་བོད་རིགས་ཤེས་ཡོན་ཅན་ཤིན་ཏུ་དཀོན་པོ་ཡོད་པས། དེང་གི་ཆར་ཉེ་བའི་གཙུག་ལག་རབ་འབྱམས་དང་གཙུག་ལག་རབ་འབྱམས་ཀྱི་གནས་ཚད་ཙམ་གྱི་མ་འགྲིགས་པར་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ཆེས་མཐོའི་རིགས་གཅིག་རྐང་འཛིན་པའི་སློབ་ཐོན་པ་ཞིག་ཡོང་ཐབས་ཅི་ནས་ཀྱང་བྱ་དགོས་སྐོར་དང༌། ྋགོང་ས་མཆོག་གི་དགོངས་བཞེད་དང་བཀའ་ཤག་སྐབས་བཅུ་བཞི་པའི་ཤེས་ཡོན་ལས་དོན་གལ་ཆེར་བརྩིས་པ་ཁོངས་ནས་སློབ་་གྲྭ་ཁག་ནང་རིགས་ལམ་སློབ་འཁྲིད་དང༌། དེ་ཡང་སློབ་ཚན་གཞན་ཀུན་རིགས་ལམ་བརྒྱུད་ནས་འཁྲིད་ཐབས་ཐད་ཤུགས་སྣོན་གནང་དགོས་སྐོར། བོད་ཕྲུག་རྣམས་སྔར་དང་མི་འདྲ་བའི་གདོང་ལེན་བྱེད་རིགས་མང་པོ་ཡོད་ཀྱང་གོ་སྐབས་དེ་ལས་ཀྱང་མང་བར་ཡོད་པར་བརྟེན། ཚང་མས་གོ་སྐབས་དམ་འཛིན་གནང་དགོས་པའི་སྐོར་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང༌། དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཆོས་དགེ་རྣམས་དང་ཆ་ཤས་ལེན་མཁན་སློབ་མ། ཚོགས་ཡུལ་སློབ་གྲྭའི་དགེ་ལས་རྣམ་པར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་བ་དང༌། ཤེས་རིག་དྲུང་ཆེ་དང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གྱིས་ཅོན་ཏ་ར་གཏན་སློབ་ཀྱི་སྡེ་ཚན་ཁག་དང་བཟོ་རིག་ལས་འཆར། གཞན་ཡང་སྦིར་ཉིན་སློབ་བཅས་ལ་གཟིགས་ཞིབ་གནང་ཡོད་པ་བཅས།།
སྔོན་མ།
བུ་གླེན་པས་མནའ་མ་སློང་བ།
ཕྱི་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གི་གཟེངས་རྟགས་བྱ་དགའ་གནང་བ།
Menu