ཟླ་རེའི་གསར་འགྱུར།

སློབ་གྲྭའི་སྡེ་ཁག་གི་འགན་འཛིན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག   གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭའི་སྡེ་ཁག་གི་འགན་འཛིན་ཚོགས་འདུ་སྐོང་ཚོགས་གནང་བ་དང་། ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན།
ད་རེས་ཚོགས་འཛོམས་གནང་དགོས་པའི་རྒྱུ་མཚན་དོན་ཚན་གཉིས་གསུམ་ཞིག་ཡོད།  གྲོས་གཞི་ནང་ཡོད་པ་བཞིན་ང་ཚོ་གྲོས་བསྡུར་གང་འདྲ་བྱེད་དགོས་པ་དང་། བར་ལམ་ནས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་ཤེས་ཡོན་འགན་འཛིན་རྣམ་པའི་ཚོགས་འདུ་ལོ་རེར་ཐེངས་རེ་སྔོན་མ་ནས་ཚོགས་བཞིན་ཡོད་ཀྱང་། སྔ་ལོ་ཕལ་ཆེར་འཛོམས་མ་ཐུབ་པ་ལྟ་བུ་ཆགས་སོང་།   དེ་ལྟར་འཛོམས་བཞིན་ཡོད་སྟབས་ཤེས་ཡོན་ཐོག་འགན་འཁུར་མཁན་ཚོ་ནང་ཁུལ་བློ་གྲོས་བསྡུར་རྒྱུར་ཧ་ཅང་གལ་ཆེན་པོ་རེད་འདུག    དེ་བཞིན་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་རིགས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོང་གི་འདུག་པར་བརྟེན། ད་ལོ་འཛོམས་རྒྱུའི་རྒྱུ་མཚན་གཅིག་འདི་ཡིན། དེ་ནས་བཀའ་ཤག་སྐབས་ ༡༥ ཡིས་ལོ་ཡུན་དང་པོ་སྐབས་ ༡༤ པའི་བཀའ་ཤག་སྐབས་ཤེས་ཡོན་གལ་ཆེ་ཤོས་ངོས་འཛིན་གནང་བ་དེ་རྣམ་པ་ཚོ་ཚང་མས་མཁྱེན་གྱི་ཡོད།
སྐབས་ ༡༥ བཀའ་ཤག་ངོས་ནས་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཤེས་ཡོན་གལ་ཆེ་ཤོས་སུ་རྩི་གནང་གི་ཡོད་པའི་སྐོར་གསུང་བཤད་གནང་བ་རེད། དེ་འདྲའི་ཆ་ནས་ཀྱང་བོད་མིའི་སྒྲིག་འཛུགས་ནས་ང་ཚོའི་ཤེས་ཡོན་འདི་ཧ་ཅང་གལ་ཆེན་པོ་ཞིག་རྩི་བཞིན་ཡོད་པ་འདི་གསལ་པོ་མཁྱེན་དགོས་ཀྱི་ཡོད་རེད་ལ། མཁྱེན་རྒྱུ་གནད་འགག་ཆེན་པོ་འདུག་སྙམ་པ་བྱུང་། དེ་ལྟ་བུའི་རྒྱུ་མཚན་ཁ་ཤས་ཐོག་ནས་ང་ཚོ་ད་རེས་འཛོམས་ཐུབ་རྒྱུའི་དགོངས་པ་བཞེས་པ་རེད། ད་རེས་ཚང་མས་གལ་ཆེ་དོན་ཆེ་བརྩིས་ཏེ་ཕེབས་འདུག་པར་ཐུགས་རྗེ་ཆེ། ཞེས་དང་། རྩ་བའི་གྲོས་གཞི་སོ་སོའི་གནས་སྟངས་སྐོར་དེ་རིང་དང་སང་ཉིན་བཅས་བཀའ་མོལ་གནང་རྒྱུ་ཡོང་གི་རེད། དེའི་རྒྱབ་ལྗོངས་གནས་ཚུལ་རྣམས་སྐབས་མཚམས་ཞུ་རྒྱུ་དང་། ད་རེས་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཡོད་སྟབས།   དུས་ཚོད་འཕྲོ་བརླག་མི་དགོས་པ་ཆགས་ཀྱི་རེད་དྲན་གྱི་འདུག འོན་ཀྱང་སྤྱི་ཡོངས་ཐོག་ངའི་སེམས་ཚོར་ཞུས་པ་ཡིན་ན། གཙོ་བོ་༸གོང་ས་མཆོག་གིས་ཤེས་ཡོན་གལ་ཆེ་ཤོས་རྩི་གནང་གི་ཡོད་པ་དང་། ཇི་ཙམ་ཐུགས་སྣང་དང་ཐུགས་འཁུར་བཞེས་གནང་གི་ཡོད་པ་ང་ཚོ་ཚང་མས་མཁྱེན་གྱི་ཡོད། དེའི་གཞོགས་འདེགས་སུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་ཤེས་ཡོན་ཐོག་སྐུ་ལས་བསྐྱོན་རྒྱུར་དགོངས་པ་བཞེས་ཀྱི་ཡོད།
ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ཡོང་དུས་བོད་མིའི་མི་རབས་གསར་པ་འཛུགས་སྐྲུན་འདི་ལྟར་བྱེད་ཐུབ་དང་མ་ཐུབ་ནི། ཤེས་ཡོན་ཐོག་གནས་ཀྱི་ཡོད། ཤེས་ཡོན་ཐོག་སྒྲིག་འཛུགས་ངོས་ནས་མར་བལྟས་ཡོང་དུས་འགན་འཁུར་མཁན་གཙོ་བོ་ང་རང་ཚོ་ཆགས་ཀྱི་འདུག ཤེས་རིག་བཀའ་བློན་ནས་མར་དྲུང་ཆེ་རྣམ་པ་གཉིས་དང་། གལ་ཆེ་ཤོས་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་ཤེས་ཡོན་འགན་འཛིན་རྣམ་པ་བརྒྱུད་པའི་ལས་ཐོག་ཚང་མ་གནད་འགག་ཆགས་ཀྱི་ཡོད་སྟབས།    དེའི་ཚོར་བ་རྣམ་ཀུན་ནས་ཡོད་ཀྱི་རེད་དྲན་གྱི་འདུག ང་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་གནང་གི་ཡོད་ཀྱང་རྒྱུན་དུ་ང་ཚོ་བོད་མིའི་མི་རབས་གསར་པ་འདི་ཤེས་ཡོན་གཉིས་ལྡན།    བཟང་སྤྱོད་དང་ལྡན་པ་ཞིག་མ་བྱུང་ན་འགྲིག་གི་མི་འདུག་བསམ་པའི་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེ་དགོས་རྒྱུ་དང་།   ཚོར་བ་སྐྱེས་པའི་ཐོག་ནས་ལས་ཀ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག   རྣམ་པ་ཚོ་ཕྱག་ལས་གནང་མཁན་ཚང་མ་ཏན་ཏན་འདི་འདྲ་ཞིག་ཡོད་རེད་དྲན་གྱི་འདུག དངོས་ཡོད་གནས་ཚུལ་ལ་ཕྲུ་གུའི་ཐོག་གལ་ཆེ་ཤོས་འཆར་གཞི་སྒྲིག འབད་བརྩོན་བྱས། དཔལ་འབྱོར་སོགས་མཁོ་སྒྲུབ་བྱས་པ་ཡིན་ནའང་། གལ་ཆེ་ཤོས་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་སྟངས་རེད་འདུག འདིའི་ཐོག་རྣམ་པ་ཚོ་ང་ལས་ལྷག་སློབ་གྲྭའི་ནང་འབྲེལ་བ་ཡོད་སྟབས་མཁྱེན་གྱི་ཡོད།    ད་ལྟ་ང་ཚོ་སྤྱི་ཡོངས་ཐོག་ཕ་མ་དང་།    ཀློག་དེབ་དང་གཞོག་འདེགས་ཀྱི་རྒྱུ་ཆ་དེ་འདྲའི་སྒང་ལ་གོ་རྟོགས་སྤེལ་རྒྱུའི་ཐོག་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་སློབ་གྲྭའི་ནང་སློབ་ཁྲིད་ག་འདྲ་འགྲོ་གི་ཡོད་པ་འདི་ཧ་ཅང་གནད་འགག་ཆེན་པོ་རེད་འདུག
དེར་བརྟེན་ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་དེ་དག་རང་གསལ་ཡོད། དངོས་ཡོད་གནས་ཚུལ་ལའང་དེ་ག་རང་རེད།   གང་ལྟར་དགེ་རྒན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་ཚོས་ལོ་བཞི་ལྔ་རིང་དགེ་རྒན་ལ་ཟབ་སྦྱོང་དང་ཁྱད་ལས་ཡར་རྒྱས་གཏང་རྒྱུའི་མཚོན་པའི་འབད་བརྩོན་ཆེན་པོ་བྱས་པའི་ནང་དགེ་རྒན་ ༢༢༠༠ ཙམ་ལ་གོ་སྐབས་ཕུལ་བ་བྱུང་འདུག   སྤྱི་ཡོངས་ཐོག་ནས་སློབ་གྲྭ་སྡེ་ཚན་ཚང་མར་འབྲེལ་བ་ཆགས་ཀྱི་ཡོད།   འོན་ཀྱང་རྒན་ལགས་རྣམ་པ་ཚོའི་ཤེས་ཚད་མ་འདང་པ་ཡོད་ན། སློབ་ཚན་བྱེ་བྲག་སོ་སོའི་ཐོག་རམ་འདེགས་དང་ཕྱག་རོགས་ག་འདྲ་ཞུ་དགོས་འདུག
དེ་བཞིན་གཉིས་པ་ནི། ཤེས་ཚད་ཡག་པོ་ཡོད་པ་ཡིན་ནའང་འཁྲིད་ཐབས་ཐོག་འགྲིག་གི་མེད་པ་ཡིན་ན། འཁྲིད་ཐབས་ག་འདྲ་བྱེད་དགོས་འདུག དེ་དག་ཟབ་སྦྱོང་གི་བརྒྱུད་རིམ་ནང་ཆ་ཚང་ཡོད། གནད་འགག་ཆེ་ཤོས་རྒན་ལགས་རྣམ་པས་འཛིན་གྲྭའི་ནང་བེད་སྤྱོད་གནང་གི་འདུག་དང་མི་འདུག་ལྟ་དགོས་འདུག   དེ་ལ་ལྟ་བར་ཤེས་རིག་ལས་ཁུངས་ནས་དེ་ཙམ་ཡོང་རྒྱུ་མི་འདུག སློབ་གྲྭ་སྡེ་ཚན་སོ་སོ་དང་དེའི་ནང་ནས་ཤེས་ཡོན་འགན་འཛིན་རྣམ་པས་ཐུགས་སྣང་གནང་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད་འདུག   ཤེས་ཡོན་འགན་འཛིན་རྣམ་པས་གནང་གི་ཡོད་རེད། གནས་སྟངས་དེ་རྣམ་པ་ཚོ་མ་ཤེས་པ་ཡོད་མ་རེད་དེ།   ཤེས་ཡོན་འགན་འཛིན་རྣམ་པས་ཞིབ་འཇུག་གནང་རྒྱུ་དེ་སློབ་གྲྭའི་སློབ་སྤྱིའི་བརྒྱུད་ནས་གནང་དགོས་རྒྱུ་གནད་འགག་ཆེན་པོ་རེད་འདུག དེར་བརྟེན་སློབ་གྲྭ་ཁག་གི་སློབ་སྤྱི་དེ་དག་ཧྲ་ཏག་ཏག་ཡོང་རྒྱུའི་ཐོག་ང་ཚོ་ཚང་མས་དགོངས་པ་བཞེས་དགོས་རྒྱུ་གནད་འགག་ཆགས་ཀྱི་འདུག
སློབ་སྤྱི་ལས་ཁུངས་ནང་སྡོད་པ་གཅིག་པུ་མིན་པར་རྒྱུན་དུ་དགེ་རྒན་རྣམ་པས་སློབ་སྦྱོང་ག་འདྲ་སྤྲོད་ཀྱི་འདུག དགེ་རྒན་སོ་སོའི་ཤེས་ཚད་ག་འདྲ་འདུག དེ་ཚོའི་ཐོག་འཛིན་གྲྭའི་ནང་རེས་མོས་ཕེབས་ཏེ་དགེ་རྒན་སུ་དང་སུ་ལ་རོགས་ཕན་ག་འདྲ་བྱེད་དགོས་འདུག  དེ་འདྲའི་འཆར་གཞི་བཟོས་ནས་ཤེས་རིག་ལས་ཁུངས་སུ་འབྲེལ་བ་གནང་རོགས། ད་ལྟ་བོད་ཡིག་ཐོག་ལས་འཆར་འགྲོ་བཞིན་ཡོད།   དེ་ལྟ་བུ་སློབ་ཚན་གཞན་པའི་ཐོག་ལས་འཆར་ཡོད་པ་ཡིན་ན།   དམིགས་སུ་བཀར་ནས་འདི་ནས་གང་བྱེད་དགོས་འདུག   དེ་དག་གི་ཐོག་ནས་བཀའ་ཤག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བཀའ་བློན་རྣམ་པ་ཡིན་ནའང་རེད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་ནའང་རེད། ཕ་མ་ཚོ་ཡིན་ནའང་རེད། བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་ཡག་པོ་ཐོབ་ཀྱི་ཡོད། ཅེས་གདེང་འཁེལ་བ་ཞིག་ང་ཚོས་ག་འདྲ་བཟོ་ཐུབ་པ་འདུག འདི་ང་ཚོ་དམིགས་ཡུལ་ཧ་ཅང་གལ་ཆེན་པོ་རྩི་དགོས་ཀྱི་འདུག བརྒྱ་ཆ་སྐབས་རེ་མཐོ་བ་དང་དམའ་བ་ཡོང་སྲིད་པ་རེད། དོན་དམ་སློབ་སྦྱོང་ཡག་པོ་འགྲོ་གི་ཡོད་བསམས་པའི་གདེང་ཚོད་ཐོབ་རྒྱུ་ང་ཚོས་ག་འདྲ་བྱེད་རྒྱུ་འདུག དེ་ཚོའི་ཐོག་ཏོག་ཙམ་ཐུགས་སྣང་གནང་རོགས་གནང་། ཞེས་གསུངས།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་བོད་མི་ཡོངས་ཀྱིས་ཤུགས་སྣོན་རྒྱག་དགོས་པའི་དོན་ཚན་ཁག་གཅིག་སྐོར་གསུང་དོན།  བོད་མིའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ། དགེ་རྒན་ཁྱད་ལས་ཡར་རྒྱས་གཏོང་དགོས་པ། གཞི་རིམ་འོག་མ་དེ་ང་ཚོའི་རྩིག་རྨང་ལྟ་བུ་ཆགས་ཡོད་སྟབས་དེའི་ཐོག་ཤུགས་སྣོན། སྐད་ཡིག་གཉིས་ཀའི་ཐོག་རྩོམ་འབྲི་ཐུབ་ཐབས། ཨང་རྩིས་ཀྱི་ཐོག་ཤུགས་སྣོན།   རིགས་ལམ་ནི་སློབ་ཚན་ཚང་མར་ཕན་ཐོགས་ཡོད་པར་བརྟེན་དེའི་ཐོག་ཤུགས་སྣོན་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བཟང་སྤྱོད་ནི་བོད་མི་རིགས་ཀྱི་ཟུངས་ཁྲག་ལྟ་བུ་ཆགས་ཡོད་སྟབས་དེ་ཚོའི་ཐོག་ཤུགས་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།

སྔོན་མ།
རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་།
ཕྱི་མ།
སློབ་གྲྭའི་སྡེ་ཁག་གི་འགན་འཛིན་ཚོགས་འདུ་དབུ་འཛུགས་གནང་བ།
Menu