ཟླ་རེའི་གསར་འགྱུར།

སློབ་ཕྲུག་ཚོའི་མདུན་ལམ་དང་འབྲེལ་བའི་འཆར་འགོད་སོགས་ལ་ཕན་པའི་དྲ་རྒྱ་དབུ་འབྱེད་གནང་བ

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཀྱི་མདུན་ལམ་དང་འབྲེལ་བའི་དྲ་རྒྱ་ཤེས་རིག་མདུན་ལམ་ལམ་སྟོན་དྲ་ཚིགས་ (LAMTON VIRTUAL CAREER CENTRE) ཞེས་པ་དབུ་འབྱེད་གནང་སོང་།    དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༤༥ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དབུས་པའི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད། དཔེ་སྟོན་སློབ་གྲྭའི་སློབ་སྤྱི། དྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན། མདུན་ལམ་སློབ་སྟོན་པ་ཁག་གཅིག ཨ་རི་བོད་ཀྱི་ཐེབས་རྩའི་ལས་བྱེད་བཅས་ཁྱོན་མི་གྲངས་ ༣༠ ཙམ་ལྷན་འཛོམས་ཐོག་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ (www.lamton.org) ཞེས་པའི་དྲ་རྒྱ་དབུ་འབྱེད་གནང་།
དེ་རྗེས་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་གྱིས་དྲ་རྒྱ་འདི་ཉིད་བཟོ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། ནང་དོན་ཁག་རེ་རེ་བཞིན་འགྲེལ་བརྗོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཚོག་གིས་གསུང་བཤད་གནང་དོན། འདིར་འདུས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་ཤེས་རིག་མདུན་ལམ་ལམ་སྟོན་དྲ་ཚིགས་དབུ་འབྱེད་ཞུ་བཞིན་པ་འདི་ནི། སྤྱིར་སློབ་ཕྲུག་ཡོངས་དང་། ལྷག་པར་འཛིན་གྲྭ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་ཤེས་རིག་ལས་ཁུངས་ངོས་ནས་ཕྱི་ལོ་གསར་པའི་ལེགས་སྐྱེས་ལྟ་བུ་ཆགས་ཀྱི་འདུག དྲ་ཚིགས་སྐོར་ལ་ཚང་མས་མཁྱེན་གསལ་རེད། དྲ་ཚིགས་ངོ་སྤྲོད་བྱུང་བ་ནས་བཟུང་སྒེར་གྱི་མི་ཚེའི་ནང་གང་ཅིའི་ཐོག་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད། དྲ་ཚིགས་འདི་བརྒྱུད་སློབ་ཕྲུག་ཚོར་ག་རེ་ཕན་ཐོགས་ཡོང་གི་རེད་བརྗོད་པ་ཡིན་ན། འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་བསླེབས་པའི་སྐབས་སུ་དེའི་རྗེས་གང་བྱ་དགོས་སྐོར་སེམས་ཁྲལ་ཡོང་གི་ཡོད།
 ང་ཚོ་བོད་པའི་སློབ་ཕྲུག་ཚོས་དེ་ཙམ་སེམས་ཁྲལ་བྱེད་ཀྱི་མེད་པའི་བཟོ་འདྲ་བོ་མཐོང་གི་འདུག འོན་ཀྱང་སློབ་སྦྱོང་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གི་དེའི་ཐོག་དོ་སྣང་ཏན་ཏན་བྱེད་ཀྱི་ཡོད་པ་མ་ཟད། ཕ་མས་ཐུགས་སྣང་གནང་གི་ཡོད་པར་བརྟེན་མདུན་ལམ་ལམ་སྟོན་ཞུ་ཆེད་དྲ་ཚིགས་ཀྱི་མཐུན་རྐྱེན་དངོས་སུ་གོ་སྒྲིག་ཐུབ་པར་དགའ་པོ་བྱུང་། ང་ཚོའི་སྐབས་སུ་མདུན་ལམ་གྱི་གོ་སྐབས་ཐོབ་མྱོང་མེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་མདུན་ལམ་སློབ་སྟོན་པ་པདྨ་ནོར་རྒྱས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
སྤྱིར་དྲ་རྒྱ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཆེད་མངགས་རང་རེའི་སློབ་ཕྲུག་ཚོའི་མདུན་ལམ་དང་འབྲེལ་བའི་འཆར་འགོད་སོགས་ཀྱི་ཆེད་བཟོ་སྐྲུན་ཞུས་པ་ཞིག་ཡིན་འདུག་པ་དང་། དྲ་རྒྱ་འདི་བརྒྱུད་སློབ་ཕྲུག་དང་། ཕ་མ། མདུན་ལམ་སློབ་སྟོན་པ། དགེ་རྒན་བཅས་ནས་ཀྱང་ལམ་སྟོན་གང་མང་ལེན་རྒྱུ་ཡོད་པ་མ་ཟད། མདུན་ལམ་ངོ་སྤྲོད་དང་། འཛིན་རིམ་བཅུ་གཉིས་རྗེས་མི་ཚེའི་མདུན་ལམ་ཆེད་ལས་ཀ་གང་ཡོད་པ། ཚུད་རྒྱུགས་གང་དང་གང་ཡོད། སློབ་ཡོན་སྐོར། མཐོ་སློབ་དྲག་གྲས་ཁག་གི་མཐོ་གཞུང་། མདུན་ལམ་དང་འབྲེལ་བའི་དྲ་བརྙན། སློབ་འཇུག་གསལ་བསྒྲགས། མདུན་ལམ་སྐོར་དྲ་ཚིགས་གཞན་གྱི་ཁ་བྱང་སོགས་གནས་ཚུལ་ཆ་ཚང་གཟིགས་རྒྱུ་ཡོད་འདུག་པ་བཅས།།

སྔོན་མ།
འཇང་གླིང་གཡུལ་འགྱེད།(ཚན་པ་གཉིས་པ)
ཕྱི་མ།
ཐའེ་ཝན་སྐད་ཡིག་སློབ་སྦྱོང་ཆེད་བདམས་ཐོན་བྱུང་བའི་མིང་ཐོ།
Menu