ཟླ་རེའི་གསར་འགྱུར།

སློབ་མས་བཀའ་འགྱུར་ལྗགས་ཀློག

གསར་འཕྲིན།

དེ་རིང་ཕྱི་ཚེས་ ༢༧ རེས་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་བཀོད་སྒྲིག་འོག  སོའུ་ཀེ་ཀིརྟིའི་དགའ་ལྡན་བཀྲ་ཤིས་ཆོས་གླིང་དགོན་གྱི་ཨ་ལགས་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་དབུས་དགོན་དེའི་དགེ་འདུན་པ་གསུམ་དང་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་བརྒྱད། དེ་བཞིན་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་དགེ་རྒན་དང་ལས་བྱེད། གཏན་སློབ་ཀྱི་འཛིན་རིམ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་སློབ་ཕྲུག་མཉམ་འབྲེལ་ཐོག་ཉིན་གཅིག་རིང་བཀའ་འགྱུར་ཆ་ཚང་ཞལ་ཕྱེ་དང་ལྗགས་ཀློག་གནང་གྲུབ་ཡོད་པ་རེད། ཐེངས་འདིའི་བཀའ་འགྱུར་ཞལ་ཕྱེ་དང་ལྗགས་ཀློག་གི་བྱེད་སྒོ་འདི་བཞིན་སློབ་ཕྲུག་རྣམས་ལ། བོད་མིའི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཁག་ཅིག་རང་གིས་དངོས་སུ་ཉམས་མྱོང་ལ་བརྟེན་ནས་ཤེས་རྟོགས་ཡོང་རྒྱུ་དང་། དེ་མཚུངས་ བོད་མིའི་སྐྱབས་མགོན་༸གོང་ས་མཆོག་སྐུ་ཚེ་བརྟན་ཅིང་། སྤོག་སྦོང་མི་མང་དང་སྤོག་སྦོང་སཾ་བྷོ་ཊ་གཏན་སློབ་གཉིས་ཀྱིོ་ཕྱི་ནང་གི་རྐྱེན་ངན་བར་ཆད་ཞི་བ། ཁྱད་པར་དུ་བོད་ཀྱི་བདེན་དོན་ཆེད་སྐུ་སྲོག་ཤོར་བ་དང་སྡུག་བསྔལ་མྱོང་བཞིན་པ་རྣམས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་ཆེད་བཀའ་འགྱུར་ཞལ་ཕྱེ་དང་ལྗགས་ཀློག་གནང་བ་ཞིག་ལགས་པ་དང་། ལས་གཞི་འདི་ནི་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱིས་བཀའ་འགྱུར་ཞལ་ཕྱེ་དང་ལྗགས་ཀློག་བྱེད་ཐེངས་གཉིས་པ་ཡིན་འདུག་པ་བཅས།

གནས་ཚུལ་མཁོ་གཏོང་བ། སྤོག་རེ་སྤོང་སམ་བྷོ་ཊའི་བོད་དགེ་རྡོ་རྗེ་རིན་ཆེན།

སྔོན་མ།
ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་སྐོང་ཚོགས་གནང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་མཇུག་བསྡོམས་གནང་བ།
Menu