ཟླ་རེའི་གསར་འགྱུར།

ཧི་མཱ་ཅལ་མངའ་སྡེའི་གཞུང་གིས་བོད་ཕྲུག་ཆེད་སྨན་པའི་ཟུར་བཅད་ས་མིག་གཅིག་འཕར་མ་གནང་འདུག

གསར་འཕྲིན།

༄༅། །ཧི་མཱ་ཅལ་མངའ་སྡེའི་གཞུང་ནས་ཕྱི་ལོ་ ༢༠༡༨ ལོའི་ཤེས་ཡོན་སློབ་དུས་སྐབས་བོད་ཕྲུག་ཆེད་མངའ་སྡེའི་མཐོ་སློབ་ནང་དུ་སྨན་པའི་ཟུར་བཅད་ས་མིག་གཅིག་ MBBS འཕར་མ་གནང་བར་འདི་ག་ཤེས་རིག་ལས་ཁུངས་ནས་དགའ་བསུ་དང་བཅས་གསལ་བསྒྲགས་སྤེལ།
སྤྱིར་ཧི་མཱ་ཅལ་མངའ་སྡེའི་གཞུང་ནས་སྔ་ལོ་ནས་བཟུང་བོད་མི་བཙན་བྱོལ་བའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་མདུན་ལམ་ལ་དགོངས་བཞེས་ཀྱིས་སྨན་པའི་ཟུར་བཅད་ས་མིག་གྲངས་བཞི་གནང་ཟིན་ཡང་། འདི་ལོར་ཞབས་སྟེགས་འཕར་མ་གཅིག་ཁ་གནོན་བརྒྱབ་པར་བརྟེན་ད་ཆ་ཁྱོན་སྨན་པའི་ཞབས་སྟེགས་ལྔ་གནང་ཟིན་འདུག
དེ་ཡང་སྨན་པའི་ཟུར་བཅད་ས་མིག་གནང་ཡུལ་མཐོ་སློབ་ཁག་ནི་། སིམ་ལར་རྟེན་གཞི་བྱས་པའི་ཨིན་དྷི་ར་གྷན་དྷི་སྨན་པའི་མཐོ་སློབ་ (Indra Gandhi Medical College (IGMC) Shimla) དང་། དེ་བཞིན་ཏན་ཌར་ (Tanda) རྟེན་གཞི་བྱས་པའི་ཌོག་ཌར་རཱཇེནྡྲ་པྲཱ་སཱད་གཞུང་གི་སྨན་པའི་མཐོ་སློབ། (Dr. Rajendra Prasad Govt. Medical College) ཕྱོགས་མཚུངས་ན་ཧན་ (Nahan) དུ་རྟེན་གཞི་བྱས་པའི་ཡཤཝནྟ་སིངྒ་པར་མར་སྨན་གྱི་མཐོ་སློབ་ Dr. Yashwant Singh Parmar Govt Medical College དང་། དེ་བཞིན་ཅམ་བྷར་ Chamba རྟེན་གཞི་བྱས་པའི་པཎྜི་ཏ་ནེ་རུ་སྨན་གྱི་མཐོ་སློབ་ Pandit Jawaharlal Nehru Govt Medical College གཞན་ཡང་ཧ་མིར་པུར་ (Hamirpur) དུ་རྟེན་གཞི་བྱས་པའི་རཱ་དཱ་ཀྲིཤཎ་སྨན་གྱི་མཐོ་སློབ་(Dr. Radha Krishna Govt Medical College) བཅས་ཡིན་འདུག
སྤྱིར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ ཉིན་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་སྐུ་ཞབས་ཝི་པིན་སིངྒ་པར་མཱར་ (Shri Vipin Singh Parmar )མཆོག་དང་མཇལ་འཕྲད་གནང་སྐབས་མངའ་སྡེའི་གཞུང་གིས་བོད་ཕྲུག་རྣམས་ལ་དགོངས་པ་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཕྲུག་སློབ་མ་རྣམས་མ་འོངས་པར་སྨན་གྱི་སློབ་སྦྱོར་མཐར་ཕྱིན་རྗེས་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུ་ཡིན་སྐོར་ཞུས།
ཕྱོགས་མཚུངས་སྐབས་དེར་བཀའ་བློན་མཆོག་གིས་འཕྲོད་བསྟེན་བཀའ་བློན་གསར་པ་མཆོག་གིས་བོད་ཕྲུག་ཚོའི་སློབ་ཡོན་གནང་རྒྱུའི་ཐད་བཟང་ཕྱོགས་ཀྱི་རྣམ་པ་བཏོན་གནང་བ་དེས་བོད་མིའི་སྤྱི་ཚོགས་སྤྱི་དང་། ལྷག་པར་སློབ་ཕྲུག་གཞོན་སྐྱེས་ཚོར་བློ་སྟོབས་སྐྱེ་གཞི་ཞིག་གྱུར་ཡོད་སྐོར་ཞུས་འདུག
ཐེངས་འདིར་སྨན་པའི་ཟུར་བཅད་ས་མིག་འཕར་མ་གནང་བ་ལ་བརྟེན་ནས་འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྨན་པ་མ་འདང་བའི་དཀའ་ངལ་སེལ་ཐུབ་རྒྱུའི་རེ་བ་གནང་བཞིན་ཡོད་པ་བཅས། །

སྔོན་མ།
ཕྱི་ལོ་ ༢༠༡༨ ལོའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོ་ཚོགས།
Menu