ཟླ་རེའི་གསར་འགྱུར།

ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་མི་འགྲོ་འདེམས་རྒྱུགས་གནང་བཞིན་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༥ ཉིན་གངས་སྐྱིད་ལས་བྱེད་གསོལ་ཐབ་ཁང་གི་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་ཚན་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ལོའི་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ཁྲོད་སློབ་ཕྲུག་འདེམས་སྒྲུག་ཆེད་འབྲི་རྒྱུགས་འགོ་འཛུགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཡིག་རྒྱུགས་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ ༧༤ ནས་འདེམས་རྒྱུགས་ཀྱི་བརྒྱུད་རིམ་དང་པོ་ GWTT ཞེས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཐོག་འབྲི་རྒྱུགས་བཏང་བ་དང་། རྒྱུགས་སྤྲོད་ལྟ་རྟོག་བྱེད་པོ་ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་ཚན་པའི་འགན་འཛིན་སྐལ་བཟང་རིན་ཆེན་ལགས་དང་འབྲེལ་ཡོད་ལས་བྱེད་རྣམས་ཡིན།
དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་ཀྱིས་གསར་འགོད་པར་ཡིག་རྒྱུགས་སྐོར་ལ་གསུང་དོན། ཕྱི་ལོ་ ༢༠༡༧ ལོའི་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ཡིག་རྒྱུགས་ནང་འཛུལ་བཞུགས་ཆེད་ཆ་རྐྱེན་ཚང་བའི་མིང་ཐོ་དེབ་འགོད་གནང་མཁན་གྲངས་ ༨༩ བྱུང་། འོན་ཀྱང་དེ་རིང་འདིར་དངོས་སུ་ཡིག་རྒྱུགས་གཏོང་མཁན་སློབ་ཕྲུག་གྲངས་ ༧༤ འདུག ཡིག་རྒྱུགས་སྐབས་འདིར་བོད་ཀྱི་ཆོས་དང་རིག་གཞུང་། ཨིན་ཇིའི་ཐོག་ནས་ GWTT ཞེས་པའི་བརྗོད་གཞི་དེ་དག་ནང་གཏན་འབེབས་བྱས་པའི་བརྒྱ་ཆ་དེ་ལོན་རྗེས་རྩེ་བཏོག་བརྒྱབ་པའི་སློབ་ཕྲུག་རྣམས་ལ་ཟླ་ ༥ ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་རྒྱ་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་དྲུང་ཆེ་མཆོག་དང་། རྒྱ་གར་ནང་ཡོད་པའི་ཨ་རིའི་རིག་གཞུང་སློབ་སྟོན་པ་རྣམ་གཉིས་ཕེབས་ནས་ངག་རྒྱུགས་བླངས་རྒྱུ་རེད། དེ་རྗེས་ད་ལྟའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་དང་འཛིན་རིམ་བཅུ་གཉིས་དང་མཐོ་སློབ་སོགས་ཀྱི་ལག་ཁྱེར་ལ་གཞིགས་པའི་བརྒྱ་ཆ་བཅས་ལ་བརྟེན་ནས་སླར་ཡང་སློབ་ཕྲུག་བཅོ་ལྔ་འདེམས་སྒྲུག་བྱ་རྒྱུ་དང་། དེ་རྗེས་རྩེ་བཏོག་མི་བཅོ་ལྔ་རྣམས་ཡིག་རྒྱུགས་བཏང་རྗེས་ས་མིག་ལ་གཞིགས་པའི་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༨ ནང་སློབ་ཕྲུག་རྣམས་ཨ་རིའི་མཐོ་སློབ་ནང་སློབ་འཇུག་བྱ་བར་བསྐྱོད་རྒྱུ་ཡིན་པ་རེད། ལས་གཞི་འདི་ནི་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་ཞིག་ཡིན་པ་དང་། ལས་གཞི་འདི་ད་ལྟའི་ཆར་རྒྱ་གར་ནང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་བྱེད་བཞིན་ཡོད། དངུལ་གྱི་ཡོང་ཁུངས་དེ་ཨ་རི་བོད་ཀྱི་ཐེབས་རྩ་ཁང་ནས་རེད། ཅེས་གསུངས། །

སྔོན་མ།
རྒྱ་བལ་བོད་སློབ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ལུས་རྩལ་སྐོར་ཟབ་སྦྱོང་གནང་བཞིན་པ།
ཕྱི་མ།
གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་མཇུག་བསྒྲིལ།
Menu