ཟླ་རེའི་གསར་འགྱུར།

ཨང་རྩིས་སློབ་དགེ་རྣམས་ལ་ཟབ་སྦྱོང་ཕུལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༥ ནས་ ༡༤ བར་ཉིན་གྲངས་བཅུ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དུ་(NCERT) འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་ཨང་རྩིས་དགེ་རྒན་ཁག་ཅིག་ལ་ཨང་རྩིས་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་སྤྲད།
ཟབ་སྦྱོང་འདི་བཞིན་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ་རྣམས་ནི། དགེ་རྒན་ཚོའི་ཨང་རྩིས་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་བྱུས་ཡར་རྒྱས་གཏོང་རྒྱུ་དང་། སློབ་ཕྲུག་ཚོས་ཨང་རྩིས་སློབ་ཚན་དེ་ཡང་སློབ་ཚན་གཞན་དང་མཚུངས་པར་ཕན་ཚུན་གྲོས་མོལ་དང་གོ་བསྡུར་སྦྱངས་བཤད་བྱ་རྒྱུ་ཡོད་པ་དང་། ཨང་རྩིས་སློབ་ཚན་དེ་མཉམ་རུབ་ཐོག་སློབ་སྦྱོང་བྱེད་ཐུབ་རྒྱུ་ཡོད་པ་ར་སྤྲོད་གནང་ཐུབ་པ་ཡོང་རྒྱུ། དེ་བཞིན་ཨང་རྩིས་སློབ་ཚན་གྱི་སློབ་དེབ་ནང་གི་སློབ་ཚན་དཀར་ཆག་ཙམ་ལ་དོ་སྣང་བྱས་ནས་མ་བསྡད་པར་ཐབས་ལམ་གཞན་བཀོལ་ནས་ཨང་རྩིས་སློབ་སྦྱོང་བྱ་རྒྱུར་ཁོར་ཡུག་སྤྲོ་སྣང་ཅན་བཟོ་ཐབས། དེ་བཞིན་དགེ་རྒན་ཚོའི་ཉིན་རེའི་སློབ་ཁྲིད་སྐབས་དོགས་གཅོད་དང་དཀའ་ངལ་ཇི་འཕྲད་རྣམས་སེལ་ཐབས་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩ། སེར་བྱེས་སློབ་གྲྭ་བཅས་ནས་ཁྱོན་དགེ་རྒན་གྲངས་ ༡༦ མཉམ་ཞུགས་གནང་འདུག ཟབ་སྦྱོང་འདི་བཞིན་ཁེ་ན་ཌའི་ཕྱི་སྲིད་ལས་དོན་དང་ཚོང་དོན་དང་ཡར་རྒྱས་ཚན་པས་ Department of Foreign Affairs, Trade and Development (Canada). དཔལ་འབྱོར་གྱི་མཐུན་འགྱུར་གནང་འདུག

སྔོན་མ།
གཞི་རིམ་འོག་མའི་སློབ་དེབ་གསར་པ་རྒྱུས་སྟོན།
ཕྱི་མ།
གཞི་རིམ་བར་མའི་ཨང་རྩིས་དགེ་རྒན་ཁག་གཅིག་ལ་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་།
Menu