ྋགོང་ས་མཆོག་ལ་བསྟོད་པའི་ཀ་བཤད།

ཉི་འོད། སུ་ཇཱ་བོད་ཁྱིམ།

ཀ་ལ་པིང་ཀའི་གསུང་དང་མཉམ་ཞིང་གསུང་གི་ཡོན་ཏན་རབ་ཏུ་ཕྱུག།
ཁ་བའི་མདངས་ལྟར་རབ་ཏུ་དཀར་བའི་ཐུགས་དགོངས་ནམ་མཁའི་མཐའ་དང་མཉམ།།
ག་པུར་སྨན་གྱི་མཐུ་མཆོག་ཇི་བཞིན་འགྲོ་བའི་སྡུག་བསྔལ་སེལ་མཛད་པའི།།
ང་ཡི་དྲིན་ཆེན་རྩ་བའི་བླ་མར་སྒོ་གསུམ་མི་འབྲལ་གུས་པས་འདུད།།

ཅ་ཅོ་མང་བའི་རྙིགས་མའི་དུས་འདིར་ཁྱེད་ཀྱིས་འགྲོ་བའི་དོན་བཞེད་ནས།།
ཆ་ལུགས་མི་དང་མཐུན་པར་མཛད་དེ་འགྲོ་བ་མི་ཡི་རྣམ་པར་རོལ། །
ཇ་ཡུན་ཙམ་ཡང་ཐུགས་དགོངས་མི་གཡེང་སྡུག་གིས་མནར་བའི་འགྲོ་རྣམས་ལ།།
ཉ་མོ་ཆུ་ཡིས་བསྐྱངས་བ་ཇི་བཞིན་ཁྱེད་ཀྱིས་ཐམས་ཅད་བུ་བཞིན་བསྐྱངས།།

ཏཱ་ལའི་བླ་མ་འགྲོ་བའི་མགོན་པོ་ཁྱེད་ནི་བྱམས་བརྩེའི་བདག་ཉིད་དེ།།
ཐ་མལ་མི་རྣམས་འཁྲུལ་བའི་དབང་གིས་ཁྱེད་ལ་ཉེས་བའི་ཚིག་འགེབས་ཀྱང་།།
ད་དུང་ཞལ་འཛུམ་ཀུན་ནས་རྒྱས་ཤིང་ཕྱག་གཉིས་ཐལ་མོ་སྦྱར་ནས་ནི།།
ན་ཟུག་ཆེ་བའི་དགྲ་བོའི་ཞེ་སྡང་བྱམས་བརྩེའི་སྟོབས་ཀྱིས་ཡོངས་སུ་འཇོམས།།

པ་ཏྲའི་རིས་ལྟར་རྙོག་འཛིང་རྒོད་པའི་དུས་ངན་རྙིགས་མའི་འགྲོ་རྣམས་ལས།།
ཕ་མར་མ་གྱུར་སུ་ཡང་མེད་པས་ཀུན་ལ་མ་ལྟར་གཟིགས་ནས་ནི།།
བ་སོའི་མདངས་ལྟར་ལྷག་བསམ་དཀར་པོས་ཉིན་དང་མཚན་དུ་དབྱེར་མེད་པར།།
མ་གྱུར་འགྲོ་བའི་བཀའ་དྲིན་བསམ་ནས་འགྲོ་བའི་དོན་ཆེན་རྟག་ཏུ་མཛད།།

ཙ་རི་ལྷུན་པོའི་རང་ཚུགས་ཇི་བཞིན་ཐུགས་དགོངས་མི་འགྱུར་རབ་ཏུ་བརྟན།།
ཚ་གྲང་བཀྲེས་སྐོམ་གདུང་བའི་གནས་ལས་ཐར་མཛད་དགོས་འདོད་ནོར་གྱི་མཆོག །
ཛ་ལང་སྤྱོད་པ་འདུལ་ལ་མཁས་པའི་གདམས་ངག་དོན་གྱི་བདག་པོ་ཉིད།།
ཝ་མོའི་གཡོ་ཐབས་གཏོར་ལ་མཁས་པ་ཁྱེད་ལས་གཞན་པ་སུ་ཡིས་ཤེས།།

ཞ་ར་ལྟ་བུའི་ལོག་པའི་མི་ལ་བླང་དོར་བློ་མིག་ཁྱེད་ཀྱིས་སྦྱིན།།
ཟ་ངེ་ཟིང་ངེའི་འཇིག་རྟེན་ཁམས་ལ་བདེ་བ་འཚོལ་ཐབས་ཁྱེད་ཀྱིས་བསྟན།།
འ་ཆད་འུ་ཐུག་མི་ཡི་མི་ཚེར་རེ་བའི་ཉི་གཞོན་ཁྱེད་ཀྱིས་བསུས།།
ཡ་མ་ཟུང་གི་འཇིག་རྟེན་ཁམས་འདིར་ཁྱེད་ཉིད་མེད་ན་ཅི་ཡང་མེད།།

ར་ལྟར་གྱོང་བའི་མི་སེམས་བསྒྱུར་བར་ཁྱེད་ཀྱི་གསུང་ལས་ལྷག་པ་མེད།།
ལ་ལ་མ་ཡིན་ཐམས་ཅད་ལ་ནི་བདེ་འདོད་སྡུག་བསྔལ་མི་འདོད་པས།།
ཤ་ཚ་རང་ལ་ཡོད་པ་ཇི་བཞིན་གཞན་ལའང་དེ་ལྟར་ཡོད་དགོས་ཞེས།།
ས་སྟེང་ཀུན་ལ་གནད་དུ་གསུང་བ་བདེན་པར་མི་འདོད་སུ་ཞིག་ཡོད།།

ཧ་ཅང་བདེན་ཞིང་གནད་དུ་འཁེལ་བའི་ཁྱེད་ཀྱི་བཀའ་གསུང་ཡང་དག་རྣམས།།
ཨ་སྔོན་དགུང་གི་ཉི་མའི་མདངས་བཞིན་གླིང་བཞི་ཀུན་ལ་ཁྱབ་པ་ཡིས།།
འགྲོ་བའི་བློ་ཡི་རྨོངས་བ་སེལ་ཞིང་བླང་དོར་བློ་མིག་ཐོབ་ནས་ནི།།
གོ་ལའི་ལྗོངས་སུ་རྫོགས་ལྡན་གསར་བའི་དུས་བཟང་འཆར་ལ་རེ་བས་བརྟས།།

ཁྱེད་ཀྱི་ལྷག་པའི་དགོངས་པ་ཟབ་མོས་འགྲོ་ལ་དྲིན་གྱིས་བསྐྱངས་གྱུར་བས།།
འགྲོ་བ་རྣམས་ཀྱང་ཁྱེད་ལ་དད་ཅིང་བསྟོད་པའི་མེ་ཏོག་ཆད་མེད་འབུལ།།
ཁྱེད་ཀྱིས་གདམས་ངག་ཡང་ཡང་བསྩལ་ཅིང་མ་ནོར་ཡང་དག་ལམ་བསྟན་པས།།།
འགྲོ་བ་རྣམས་ཀྱང་ཁྱེད་ཀྱི་དྲིན་གྱིས་ལེགས་ཉེས་འབྱེད་ལ་མཁས་པར་གྱུར།།

འདི་ལྟར་ཁྱེད་ཀྱིས་འགྲོ་བའི་སླད་དུ་མཛད་འཕྲིན་བསྐྱངས་བ་ཚད་མེད་ཀྱང་།།
བྱིས་བློའི་ནུས་པས་ཇི་ཙམ་ལྕོག་པ་དེ་ཙམ་ཁོ་བོས་བྲིས་པ་འདི།།
ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སེམས་ཀྱི་མཚོན་བྱེད་རང་ལགས་ན།།
མགོན་པོ་ཉིད་ཀྱི་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་འགྲུབ་པའི་རྒྱུ་རུ་བསྔོ།།

ྋགོང་ས་མཆོག་ལ་བསྟོད་པའི་ཀ་བཤད།

རྟ་མགྲིན་དབང་རྒྱལ། དྷ་སྟེང་བོད་ཁྱིམ།

བསྟན་པའི་ཐུགས་རྒྱུད་དྭངས་གཙང་ལྷད་མེད་འཁྲུངས།།
འཛིན་ཅིང་སྤེལ་བ་ས་སྟེང་ཀུན་ལ་ཁྱབ།།
རྒྱལ་བའི་གསུང་འབུམ་མ་ལུས་ལྷུར་གྱིས་བཞེས།།
མཚོ་བཞི་གླིང་ལྔར་མཚན་སྙན་དགུང་དུ་འཕྱོ།།

ཞེས་པའི་མཆོད་བརྗོད་ཀྱིས་སྔུན་བསུས་ཏེ་གངས་ལྗོངས་འགྲོ་བའི་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་དེ་ཉིད་ཀྱི་མཛད་པ་ཤིན་ཏུ་རྒྱས་ན་ཡང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ཚུལ་དུ་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པའི་དཔེ་ལྟར་གང་ཉིད་ཀྱི་མཛད་པ་མདོར་ཙམ་གླེང་བ་ལ།

སྐུ་ཡི་མཚན་དཔེ་སུམ་རྩེན་ས་ཡི་རྩེ་མོའི་ལྗོངས་སུ་རབ་བཞད་པ།།
ཁ་བའི་ལྗོངས་ཀྱི་བདེ་སྡུག་ལྷུར་བཞེས་འགྲོ་བའི་མགོན་པོ་དྲིན་ཅན་རྗེ།།
གང་གི་ཐུགས་བརྩེས་ཉེར་བཟུང་བོད་འབངས་ཐམས་ཅད་སྡུག་གིས་མནར་བའི་ཚེ།།
ངལ་བ་དུ་མ་ཁྱད་དུ་བསད་ནས་མཚོ་བཞི་གླིང་ལྔར་ཞབས་ཀྱིས་བཅགས།།

བཅོམ་ལྡན་ཤཱ་ཀྱའི་རྗེས་འཇུག་རྣམ་དག་རབ་བྱུང་སྔུར་སྨིག་སྐུ་ལ་བསྣབས།།
འཆད་རྩོད་རྩོམ་གསུམ་བྱ་བཞག་བླ་མེད་མཁས་རྣམས་དང་བ་འདྲེན་མཛད་པ།།
འཇམ་དབྱངས་མཁྱེན་བརྩེའི་ཐུགས་རྒྱུད་ལྟ་བུར་ཤེས་རབ་མེ་འབར་རལ་གྲི་ཡིས།།
ཉོན་མོངས་དུག་གསུམ་རྨང་ནས་བཅད་དེ་ཐར་ལམ་ས་བཅུའི་ལམ་སྣ་ཟིན།།

བསྟན་འཛིན་སྐྱེས་ཆེན་དུ་མའི་དབུས་ནས་གོང་བཀུར་ཆེ་བསྟོད་རྒྱས་པ་དང་།།
ཐམས་ཅད་མཁྱེན་པའི་བདག་པོ་ཡིན་ཕྱིར་སྐྱེ་བོ་མཐོ་དམན་ཀུན་གྱིས་འདུད།།
དད་ལྡན་གདུལ་བྱ་བརྩེ་བས་བསྐྱངས་ཏེ་ཡོངས་རྫོགས་ཐར་པའི་ལམ་སྣ་འདྲེན།།
ནང་སེམས་ཉོན་མོངས་ཀུན་ནས་བཏུལ་ཏེ་གཞན་ཕན་ལྷག་བསམ་སྤོབས་པ་སྐྱེས།།

དཔོག་པར་དཀའ་བ་གཏིང་མཐའ་ཡངས་པའི་ཁྱེད་ཀྱི་བྱམས་བརྩེའི་ཐུགས་རྒྱུད་ཀྱིས།།
ཕན་བདེ་མ་ལུས་ལྷུར་གྱིས་མཛད་དེ་འགྲོ་བའི་སྡུག་བསྔལ་བཅོམ་མཛད་པ།།
འབྱུང་པོའི་རླབས་རྒྱུན་རྨང་ནས་གཅོད་ཅིང་ཐུགས་ལ་སྙིང་རྗེའི་ས་བོན་འཁྲུངས།།
མ་གཅིག་བུ་ལྟར་བརྩེ་བས་ཉམ་ཐག་འགྲོ་རྣམས་ཐུགས་ཀྱིས་གཟིགས་པས་བསྐྱངས།།

བཙུན་པའི་བརྟུལ་ཞུགས་རྣལ་མ་ཟིན་ཏེ་ནང་བསྟན་རིག་པའི་སྒོ་མོ་ཕྱེ།།
ཚན་རྩལ་རིག་གནས་ཐུགས་སུ་ཆུད་དེ་དེང་རབས་ཚན་རིག་ལྷན་དང་བགྲོས།།
འཛམ་གླིང་ཡང་རྩེའི་མཐོ་སྒང་དེ་ནས་ཁྱེད་ཀྱི་བྱམས་བརྩེའི་འོད་སྣང་འཕྲོ།།
ཝ་སྐྱེས་ལྟ་བུའི་གཟི་བྱིན་ཁྲོད་ནས་གང་གི་མཚན་སྙན་དགུང་དུ་འཕྱོ།།

ཞ་སེར་བསྟན་པའི་ཐུགས་རྒྱུད་འཁྲུངས་ནས་ཆོས་ལུགས་མཛའ་གཅུགས་གསེར་ཟམ་བསྐྲུན།།
ཟང་ཟིང་བྱ་བ་ཅི་གར་སྤངས་ཏེ་དྲང་སྲོང་ངོ་མའི་སྤྱོད་ཚུལ་འཛིན།།
འུ་ཅག་གངས་ཅན་ཆགས་འཇིག་གནས་སྟངས་ཐུགས་ཀྱིས་བརྩེ་བས་ཡོངས་སུ་ཉར།།
ཡང་ཡང་བཀའ་སློབ་རིམ་པར་གནང་སྟེ་སྤོབས་པའི་གོམ་ཁ་མདུན་དུ་འདྲེན།།

རིག་པའི་ཁྱུ་མཆོག་འཇམ་དཔལ་དབྱངས་ཀྱི་ཐུགས་ཀྱིས་བརྩེ་བས་རབ་གཏད་ནས།།
ལང་ཚོའི་གཟི་བྱིན་མངོན་པར་རྒྱས་ཏེ་རིག་གནས་ཀུན་ལ་ཁྱད་དུ་འཕགས།།
བཤད་ཁྲིད་དབང་ལུང་མན་ངག་ལ་སོགས་ཐུན་མོངས་ཀུན་ལ་སྦྱངས་པ་ཆེ།།
ས་བཅུའི་ཐར་ལམ་རིམ་གྱིས་བགྲོད་དེ་ཐམས་ཅད་མཁྱེན་པའི་གོ་འཕང་ཟིན།།

ཧ་ལོའི་མེ་ཏོག་མཆོད་པར་ཕུལ་ཏེ་གངས་རིའི་མགོན་པོའི་མཛད་འཕྲིན་དྲན།།
ཨེ་མ་མགོན་ཁྱེད་སྲིད་གསུམ་མི་འཇིག་བསྐལ་བརྒྱར་བསྟན་པའི་གསོལ་འདེབས་ཞུའོ།།

དཀའ་སྡུག་སྣ་མང་འཐབ་པའི་འཇིག་རྟེན་འདིར།།
འགྲོ་དྲུག་སེམས་ཅན་སྡུག་གིས་མནར་བའི་ཚེ།།
གང་གི་གསུང་བའི་དབུགས་དབྱུང་ལན་གཅིག་གིས།།
ཐམས་ཅད་ཐར་པའི་ལམ་ལ་བདེ་བར་བཀོད།།

ྋགོང་ས་མཆོག་ལ་བསྟོད་པའི་ཀ་བཤད།

ཚེ་རིང་ནོར་བུ། སྦེལ་ཀོབ་བོད་ཁྱིམ།

ཀ་ཡེ་གསོན་དང་ཤ་རུས་གཅིག་པའི་སྤུན།།
ཁ་བ་ཅན་པའི་ལྷ་གཅིག་པད་དཀར་འཆང་།།
ག་པར་ཕེབས་ཀྱང་གདུལ་བྱའི་ཚོགས་ཀྱིས་བསྐོར།།
ང་ཚོར་མཇལ་བསྐལ་ཡོད་པ་བསོད་ནམས་ཆེ།།

ཅ་ཅོའི་རྫུན་ལས་གྲུབ་པའི་བསྟན་དགྲའི་ཚོགས།།
ཆ་ལུགས་མི་ཡི་ཚུལ་གྱིས་བཏུལ་མཛད་ཅིང་།།
ཇ་ཆང་ཤ་ལ་སྨྱོས་པའི་སྐྱེ་བོ་དག།
ཉ་མོ་མཚེའུར་འཁྱུག་ལྟར་འཇིགས་ལས་སྐྱོབ།།

ཏ་ཐ་ག་ཏའི་དམ་ཆོས་འདི་ཉིད་ཀྱི།།
ཐ་མལ་ཚུལ་གྱིས་གནད་རྣམས་གསེད་དཀྲོལ་མཛད།།
ད་དུང་ཟིང་འཁྲུག་རྒོད་པའི་དུས་རབས་འདིར།།
ན་གཞོན་རྣམས་ཀྱི་འགན་དུ་བསྩལ་བ་གནང།།

པ་ཕ་ཨ་མ་མེད་པའི་ད་ཕྲུག་ཚོར།།
ཕ་བཟང་གཅིག་པུ་དེ་ནི་ཁོང་ཉིད་དོ།།
བ་གླང་གྲོག་མ་སྲིན་འབུ་ཚུན་ཆད་ལ།།
མ་ལྟར་བྱམས་ཀྱིས་སྐྱོང་བ་ཨེ་མ་མཚར།།

ཙ་རིའི་གནས་སོགས་སྐོར་བའི་བསྐལ་མེད་ཀྱང་།།
ཚ་བའི་རོང་འདིར་ཁྱེད་གསུང་ཐོས་འདི་སྤྲོ།།
ཛ་རེ་ཛོ་རེའི་རི་དྭགས་བཀུར་བ་ལས།།
ཝ་སྐྱེས་རྒྱལ་པོས་གནང་བར་མི་སྤྲོའམ།།

ཞ་ལོང་ལ་སོགས་དབང་པོ་སྐྱོན་ཅན་རྣམས།
ཟ་མ་གནས་མལ་བསྩལ་བར་བགྲང་རིན་ཅི།།
འ་འུར་དཀྲོག་གཏམ་སྒྲོག་པའི་སྐྱེ་བོ་རྣམས།།
ཡ་བྲལ་མེད་པར་ཐུགས་རྗེས་སྙོམས་པར་གཟིགས།།

ར་རྒན་ཚེ་ཐར་བཏང་ཞེས་མ་ངོམས་དང་།།
ལ་ཆུང་གཅིག་གཉིས་བརྒལ་བར་མ་འུར་དང་།།
ཤ་ལས་གྲུབ་པའི་སྲོག་ལྡན་ཀུན་པོའི་སླད།།
ས་སྒང་ཉིན་པར་བསྐོར་པར་ངལ་མི་གནང་།།

ཧ་ཅང་སྤྲོས་པ་བྲལ་བའི་༸རྒྱལ་དབང་ཉིད།།
ཨ་ཆུང་ང་ཡིས་བསྟོད་པའི་ཀ་རྩོམ་འདི།།
ཧ་ཧ་ཟེར་ནས་དམོད་པར་མ་བྱེད་དང་།།
ཨ་ཙི་དད་པའི་སྟོབས་ཀྱིས་ཤོར་ནས་ཐལ།།

མདུན་ཤོག

Menu