སྲིད་དབང་རྩིས་སྤྲོད་ཀྱི་ཕུགས་དམིགས།

བློ་བཟང་ཡེ་ཤེས། སུ་ཇཱ་བོད་ཁྱིམ།

དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ལ་འཕོ་འགྱུར་ཧ་ཅང་ཆེ་བའི་ཁྲོད། དཀྱིལ་ཤར་ཨེ་ཤི་ཡ་གཙོས་པའི་ས་ཕྱོགས་གང་སར་མི་སེར་དག་གིས་རྣམ་པ་འདྲ་མིན་གྱིས་གཞུང་འཛིན་པར་ངོ་རྒོལ་གྱེན་ལོག་བྱས་ཏེ་སྲིད་དབང་མི་མང་གི་ལག་ཏུ་ཐོབ་པ་ནས་ཉེ་ཆར་གྱི་བར་སྲིད་དབང་འཐབ་རྩོད་ཀྱིས་ནང་འཁྲུག་དང་དམག་འཛིང་རྒྱུན་མི་ཆད་པར་བྱུང་བཞིན་པ་རེད། དོན་སྙིང་ཅི་ཞིག་ཡོད་དམ།་མིའི་རིགས་འདི་གནའ་སྔ་མོ་ནས་ད་བར་སྲིད་དབང་འཐབ་རྩོད་ལ་ཁྱོད་ཤི་ང་གསོན་གྱིས་འཇུག་དོན་ཅི་ཡིན་ནམ། ཡང་སྙིང་རྒྱལ་ཁབ་གཅིག་གམ་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་སྡུག་ལ་ཐུགས་འཁུར་ཡོད་མཁན་གྱི་ཆབ་སྲིད་མི་སྣ་ག་ཚོད་ཡོད་དམ།
རང་ཅག་བོད་པ་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་དབུ་ཁྲིད་༸གོང་ས་མཆོག་ནི་དུས་རབས་ཉི་ཤུ་པ་དང་ཉི་ཤུ་རྩ་གཅིག་གི་འཇིག་རྟེན་དང་ཆབ་སྲིད་བཅས་མདོར་ན་འགྲོ་བ་མིའི་སྤྱོད་བཟང་མཚོན་ཐུབ་པའི་སྐྱེ་བོ་རྙེད་དུ་མེད་པ་ཞིག་རེད། དུས་རབས་འདི་གཉིས་ཀྱི་རིང་ལ་འཛམ་གླིང་ཁྱོན་ཡོངས་ལ་ནུས་པ་ཆེ་བའི་ཆབ་སྲིད་མི་སྣ་ཇི་སྙེད་ཅིག་བྱུང་ཡོད། དཔེར་ན། དུས་རབས་ཉི་ཤུ་བའི་ནང་སུ་སོ་ལགས་དང་། སི་ཏ་ལིན། ཆར་ཆིལ་དང་། དུས་རབས་ཉི་ཤུ་རྩ་གཅིག་ནང་ཨོ་བྷ་མ་དང་། ཞི་ཅིན་ཕིིན་སོགས་རེད། ༸གོང་ས་མཆོག་གི་ཆབ་སྲིད་མཛད་རྗེས་རྣམས་བཤད་སྐབས་ང་ཚོས་ཐོག་མར་སྐབས་ལ་འཁེལ་བའི་གཉིས་ཕན་དབུ་མའི་ལམ་དང་འཚེ་མེད་ཞི་བའི་འཐབ་རྩོད་སྐོར་མ་ཤེས་ན་ཐབས་མེད་རེད། དེ་ནས་ཕུགས་རྒྱང་རིང་བའི་གོ་ལ་གཅིག་དང་མིའི་རིགས་གཅིག་གི་འདུ་ཤེས་ཐོག་ནས་༸གོང་ས་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ལ་དགོངས་པའི་མ་འོངས་ཆབ་སྲིད་ལངས་ཕྱོགས་དང་ལྟ་ཚུལ་ལ་རྒྱུས་ལོན་བྱ་ཐུབ་ངེས་རེད།
༸གོང་ས་མཆོག་དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆབ་སྲིད་ཟུང་གི་ཐུགས་འགན་བཞེས་པ་ནས་ལྔ་བཅུ་ང་དགུ་ལོར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་ཆབ་སྲིད་སྐྱབས་བཅོལ་དུ་ཕེབས་ནས་ད་བར་བོད་ཀྱི་སྲིད་དོན་ཐད་ལ་ཕྱག་ལས་རླབས་ཆེན་བགྲང་ལས་འདས་པ་གནང་ཡོད། འཛམ་གླིང་ས་ཕྱོགས་གང་སར་ཕེབས་ཏེ་བོད་ཀྱི་གནས་སྟངས་དེ་འགྲིག་ཐབས་ཡོང་བའི་ཞི་བའི་དོན་ཚན་ལྔ་སོགས་དོན་ཚན་འདྲ་མིན་དང་། གཏམ་བཤད། རེ་སྐུལ་སོགས་ཀྱི་ཐབས་ཤེས་ཡོད་ཚད་གནང་ཡོད། ༸གོང་ས་མཆོག་གི་ཆབ་སྲིད་འཐབ་རྩོད་ཀྱི་མཐའ་དེ་འཚེ་མེད་ཞི་བ་ལས་འཚེ་བ་ལ་གཏན་ནས་བསྟེན་མ་མྱོང་བ་དང་རིམ་པས་ཆབ་སྲིད་ཀྱི་སྒྲོམ་གཞི་སྲ་བརྟན་དུ་བཏང་ཡོད།
༸གོང་ས་མཆོག་གིས་བདུན་ཅུ་དོན་གྲངས་ནས་རང་བཙན་གཙང་མ་མི་རྩོད་པ་དང་། དབུ་མའི་ལམ་གྱི་འཐབ་རྩོད་ལ་ངེས་ཤེས་བརྟན་པོ་རྙེད་ཡོད། དེ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་དེང་དུས་མང་གཙོའི་ལུགས་དང་ཁ་ཐག་ཉེ་རུ་འགྲོ་བའི་དུས་དེར་༸གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་གནང་ཡོད། ཕྱི་ལོ་༢༠༠༡ ལོར་མང་མོས་ཀྱིས་བཀའ་བློན་ཁྲི་པ་ཐོག་མ་འོས་འདེམས་བྱས་པ་དང་ཕྱི་ལོ་༢༠༡༡ ལོར་ཁོང་གིས་སྲིད་དབང་ཐད་ཀར་མང་མོས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་གནང་ཡོད།
དེ་ནས་བཟུང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་ཞུས་ཡོད་ཀྱང་། བོད་མི་ཞིག་ཡིན་པའི་ཆ་ནས་ལམ་སྟོན་དང་བཀའ་སློབ་སོགས་སྩལ་མུས་རེད།
༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་བ་དེར་ལོ་རྒྱུས་དང་རྒྱབ་ལྗོངས་རང་ཅག་རང་ག་བས་དཔོག་ག་ལ་ནུས་ཀྱང་། དུས་ཚོད་དང་གནས་སྟངས་ལོ་རྒྱུས་སོགས་སྲིད་དབང་རྩིས་སྤྲོད་ཆེན་པོ་དེ་ཡི་དགེ་མཚན་དང་ཕུགས་དམིགས་ནམ་ཞིག་ར་སྤྲོད་བྱ་ངེས་རེད་མོད། རང་ཅག་ཀུན་གྱི་མདུན་ལ་སྲིད་དབང་རྩིས་སྤྲོད་ཀྱི་ཆེས་མངོན་གསལ་དོད་པའི་དམིགས་ཡུལ་གསུམ་མཐོང་ཆོས་སུ་ཡོད།
དང་པོ། བོད་མིའི་སྒྲིག་འཛུགས་དེ་མང་གཙོ་ཚད་ལྡན་ཞིག་ཏུ་བསྒྱུར་རྒྱུ། གོང་ས་མཆོག་གིས་སྔོན་ནས་མང་གཙོའི་དགེ་མཚན་རྟོགས་ཡོད་དེ། བོད་མིའི་སྒྲིག་འཛུགས་འདི་མང་གཙོ་ཀ་བ་གསུམ་ལྡན་ཞིག་ཏུ་བསྒྱུར་བ་དང་མང་གཙོའི་མིག་དཔེར་འོས་པའི་གཞུང་དང་། མང་གཙོ་ཚད་ལྡན་ཞིག་ལ་རེས་མོས་ཡོད་པ་བཞིན་སྐུ་སྒེར་གྱི་སྲིད་དབང་རྩིས་སྤྲོད་གནང་ཡོད།
གཉིས་པ། མ་འོངས་པའི་གཞོན་སྐྱེས་རྣམས་ལ་སྐུལ་ལྕགས་མཛད་པ། སྲིད་སྐྱོང་བློ་བཟང་སེང་གེར་སྲིད་དབང་ཆ་ཚང་རྩིས་སྤྲོད་བྱས་པ་དེ་མ་འོངས་པའི་བོད་རིགས་གཞོན་སྐྱེས་ཡོངས་ལ་འགན་འཁྲི་དང་གྲ་སྒྲིག་དགོས་པའི་དྲིལ་བརྡ་ཆེན་པོ་ཞིག་ཏུ་མངོན་པར་མ་ཟད། རྒྱ་ནག་གིས་༸གོང་ས་མཆོག་སྐུ་གཤེགས་རྒྱུར་སྒུག་ཡོད་ནའང་བོད་ཀྱི་གནས་སྟངས་དེ་གཙང་སེལ་མ་བྱུང་ཚེ་ནམ་ཡང་གསོན་པོར་གནས་ཐུབ་པའི་ཆེད་དུ་ཆུ་མ་ཡོང་གོང་ནས་རགས་ཞེས་པའི་དཔེ་ལྟར། གྲ་སྒྲིག་སྡུག་ས་ནས་གནང་པ་དང་རེ་བ་བཟང་སར་བརྒྱབ་ཡོད།
གསུམ་པ། རྒྱལ་སྤྱིའི་མཁས་པ་འདྲ་མིན་དང་བསམ་ཡོད་ཅན་ཚོས་བཤད་པ་ལྟར། རྒྱ་ནག་གཞུང་གིས་པན་ཆེན་རིན་པོ་ཆེའི་ཡང་སྲིད་ཐོག་ལ་ཧམ་ཤེད་ཆེན་པོས་ཐེ་གཏོགས་བྱས་པ་ནང་བཞིན། ༸གོང་ས་མཆོག་གི་ཡང་སྲིད་དེར་ཐེ་གཏོགས་མི་བྱེད་པའི་ངེས་པ་མེད་ཙ་ན། ཁོང་གིས་རྟག་ཏུ་ཡང་སྲིད་དེ་བོད་མི་རིགས་ཀྱི་ལག་ཏུ་ཡོད་ཚུལ་དང་གལ་ཏེ་ཡང་སྲིད་བྱུང་བ་ཡིན་ཡང་། རང་དབང་ལུང་པའི་ནང་འཁྲུངས་པ་ལས་རང་དབང་མེད་པའི་ལུང་པའི་ནང་འཁྲུངས་མི་སྲིད་པའི་སྐོར་གསུངས་ཡོད། དེས་ན་མ་འོངས་པར་༸གོང་ས་མཆོག་མེད་པའི་དུས་ཞིག་ལ་ཡིན་ཡང་བོད་ཀྱི་རྩ་དོན་མེད་པ་ཆགས་མི་སྲིད་ལ། བཙན་བྱོལ་སྒྲིག་འཛུགས་ལ་དོ་ཕོག་ཐེབས་མི་སྲིད་པ་དེ་རེད།
མིའི་རིགས་ཀྱིས་བར་མཚམས་མེད་པར་སྲིད་དབང་འཐབ་རྩོད་བྱས་པ་དེར་དོན་སྙིང་ཡོད་དེ། ཉམ་ཆུང་ནུས་མེད་ཀྱི་མི་སེར་དག་གིས་མ་འོངས་ཉི་མ་གསར་པ་ཞིག་ལ་སྙེག་པའི་རེ་བ་ཡོད་ལ་མཚན་མོར་སྡུག་རྩུབ་ཅན་གྱི་ཧམ་སེམས་ཀྱང་ལོས་ཡོད། རྒྱལ་ཁབ་གཅིག་གམ་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་སྡུག་ལ་ཐུགས་འཁུར་མཛད་མཁན་གྱི་དབུ་ཁྲིད་ཡོད་དེ། དེ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རེད།
༸གོང་ས་མཆོག་གིས་ཐུགས་དགོངས་ཆེར་བཞེས་ཀྱིས་བོད་མི་རྣམས་ལ་མང་གཙོའི་ལེགས་སྐྱེས་གནང་བ་དང་། འཚེ་མེད་ཞི་བ་དང་གཉིས་སྨན་དབུ་མའི་ལམ་གྱི་ནུས་ཤུགས་ལ་བརྟེན་ནས་བོད་ཀྱི་རྩ་དོན་རྒྱུན་སྐྱོང་གནང་གི་ཡོད། མདོར་ན། སྐུ་མདུན་གྱིས་འཛམ་གླིང་ཁྱིམ་ཚང་གཅིག་ལྟ་བུའི་འཆམ་མཐུན་དང་། ཞི་བདེ། བདེ་སྐྱིད་སོགས་ཡོང་བའི་ཕུགས་རེ་བཅངས་ཡོད།

སྲིད་དབང་རྩིས་སྤྲོད་ཀྱི་ཕུགས་དམིགས།

གྲགས་པ་བཤད་སྒྲུབ། དྷ་སྟེང་བོད་ཁྱིམ།

དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་ཐོག་ཞེ་གཉིས་པ་འུ་དུམ་བཙན་པོ་འམ་གླང་དར་མའི་བར་བོད་ཀྱི་སྲིད་དབང་དེ་རྒྱལ་པོས་དབང་བསྒྱུར་ཞིང་། ཕྱིས་སུ་བོད་སིལ་བུར་འཐོར་རྗེས་ཆོས་རྒྱུད་གྲུབ་མཐའ་ཁག་ནས་སྲིད་ལ་དབང་བསྒྱུར་ཚུལ་ནི་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་ཞིག་ཡིན།
ཕྱིས་སུ་སྤྱི་ལོ་༡༩༦༠ ཟླ་ ༩ ཚེས་༢ ཉིན་༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོས་ཆབ་སྲིད་ཀྱི་དགོས་དམིགས་དང་། མི་མང་གི་བདེ་སྡུག སྤྱིར་འཛམ་གླིང་གི་འཕོ་འགྱུར་ལ་གཞི་བཅོལ་ཏེ་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོའི་ལམ་དུ་བསྒྱུར་ཞིང་མི་མང་ལ་དབང་ཆ་དང་ཐོབ་ཐང་གནང་། སྒོས་སུ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཐོག་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཕེབས་ཤིང་དེ་ནས་མང་གཙོའི་ལམ་ལུགས་དེ་ཡར་རྒྱས་དང་འཐུས་ཚང་བ་ཞིག་ཆགས་ཏེ་ཉིས་སྟོང་བརྒྱད་ཀྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་སྲིད་སྐྱོང་བློ་བཟང་སེང་གེ་ལ་གནང་སྟེ་མཇུག་བསྡུས་ཤིང་དབུས་བོད་མིའི་སྒྲིག་འཛུགས་སམ་ཡང་ན་མི་མང་རང་ཉིད་ལ་ཆབ་སྲིད་དབང་ཆ་གཙང་མ་སྤྲད་ཡོད། ༸གོང་ས་མཆོག་ནས་འདི་ལྟར་སྲིད་དབང་བདག་འཛིན་གྱི་ཐོབ་ཐང་མི་མང་ལ་གནང་བར་དགོས་དམིགས་ཤིན་ཏུ་ཆེ་བས་གཤམ་ནས་དེ་དག་གི་སྐོར་ལ་ཅུང་ཟད་འཆད་པར་བྱའོ།།
དང་པོ་འདས་ཟིན་གྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་དུས་ཆབ་སྲིད་ཀྱི་བདག་དབང་དེ་རྒྱལ་པོ་ཡང་ན་བླ་མ་སྐུ་དྲག་ལ་སོགས་པ་ནས་བཟུང་བ་ཙམ་མ་གཏོགས་མི་མང་ལ་དེ་ཙམ་གྱིས་སྲིད་དབང་བདག་འཛིན་གྱི་དབང་ཆ་རག་མེད་པས་མི་མང་གི་གཞི་རྩའི་ཐོབ་ཐང་གང་མང་ཞིག་བརླག་པ་དང་མི་མང་སྔར་བཞིན་ཤེས་ཡོན་དང་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་པའི་གོ་སྐབས་མ་རག་པས་མི་མང་ལ་ཡར་ཐོན་གང་ཡང་མེད་པར་ལྷག དེ་བས་༸གོང་ས་མཆོག་ནས་མི་མང་གི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་བཀུར་དང་མི་མང་རང་ཉིད་ལ་སྲིད་དབང་བདག་ཐོབ་ཀྱི་དབང་ཆ་ཆ་ཚང་གནང་།
གཉིས་པ་འཛམ་གླིང་སྟེང་གི་སྐྱེ་འགྲོ་ཀུན་གྱི་ཤེས་ཡོན་གྱི་བློ་མིག་དེ་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ཡར་ངོའི་ཟླ་ལྟར་འཕེལ་བས་མི་མང་ལ་གོ་རྟོགས་སད་ཅིང་གཞི་རྩའི་ཐོབ་ཐང་ལ་རྩོད་ལེན་དང་སྲིད་དབང་སྒེར་འཛིན་དེ་མང་གཙོའི་ལམ་ལ་ཕྱོགས་བཞིན་ཡོད། དེ་བས་༸གོང་ས་མཆོག་གིས་དུས་རབས་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་ཞིང་མི་མང་གིས་རང་སྲིད་རང་གིས་སྐྱོང་བར་དགོས་དམིགས་ཆེ་བར་གཟིགས་ཏེ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་ལ་གནང་བ་རེད།
གསུམ་པ་ང་ཚོ་བོད་མི་བཙན་བྱོལ་བ་འདི་འཛམ་གླིང་སྟེང་གི་སྐྱབས་བཅོལ་བ་ཚང་མའི་ནང་ནས་ཆེས་འཐུས་ཚང་དང་ཚགས་ཚུད་པོའི་སྐྱབས་བཅོལ་བ་ཞིག་ཡིན་ཡང་དེ་ནི་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ཡིན་ལ་མི་མང་ནས་ཀྱང་༸གོང་ས་མཆོག་ལ་བློ་རྩེ་གཅིག་ཏུ་ཁེལ་ཏེ་ཧ་ཅང་བག་ཡངས་དང་ལེ་ལོའི་ངང་སྡོད་བཞིན་ཡོད། ང་ཚོ་བོད་ཀྱི་བདེན་མཐའ་འདི་༸གོང་ས་མཆོག་གི་སྐུའི་འཚོ་བཞུགས་སྐབས་བསལ་ཐུབ་ཅེས་སུས་ཀྱང་ཁ་ཚོན་ཆོད་དཀའ་བས་གལ་ཏེ་ནམ་ཞིག་༸གོང་ས་མཆོག་སྐུ་འཚོོ་བཞུགས་མེད་པའི་དུས་ངན་འདྲ་བྱུང་ཚེ་མི་མང་ལ་དཀའ་ངལ་མི་འཕྲད་པ་དང་རང་ཉིད་ཀྱི་རྐང་པའི་སྟེང་ལངས་ཏེ་དགྲ་བོ་ལ་ཁ་གཏད་གཅོག་ཐུབ་པའི་མི་རིགས་ཤིག་བསྐྲུན་ཆེད་སྔ་ས་ནས་མི་མང་ལ་རང་མགོ་ཐོན་ཆེད་སྲིད་དབང་གི་བདག་ཐོབ་ཆ་ཚང་གནང་བ་རེད།
བཞི་པ་རྒྱ་ནག་གིས་སྔ་མོ་ནས་བོད་འདི་བླུན་རྨོངས་དང་རྟུལ་པོའི་མི་རིགས་ཤིག་ལ་ངོས་བཟུང་མྱོང་ལ་ད་ལྟའི་དུས་རབས་ཉེར་གཅིག་པའི་དུས་འདིར་ཡང་ང་ཚོའི་མི་རིགས་ལ་ནུས་མེད་འཇོན་མེད་ཅེས་མཐོང་ཆུང་ཁྱད་གསོད་བྱེད་མུས་དང་། ༸གོང་ས་མཆོག་གིས་རང་གི་མི་མང་ནི་ནུས་འཇོན་ལྡན་ཞིང་རང་མགོ་ཐོན་པའི་མི་རིགས་ཤིག་ཡིན་པ་ར་སྤྲོད་པའི་ཆེད་དུ་མི་མང་ལ་དབང་ཆ་སྤྲད་ཅིང་ཆབ་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ནས་ཀྱང་ཁོང་གིས་སྲིད་དབང་ཆ་ཚང་བླངས་པའི་ཉིན་མོར་གཏམ་བཤད་ཀྱི་ནང་དུའང་རང་ཉིད་སྲིད་སྐྱོང་དུ་ལངས་པ་འདིས་རྒྱ་ནག་ལ་བརྡ་ལན་ཞིག་སྤྲད་ཡོད་ཅེས་གསུངས་ཡོད།
འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་སྲིད་དབང་བདག་འཛིན་གྱི་རྩོད་རྙོག་གི་རྐྱེན་གྱིས་ཁྲག་སྦྱོར་གྱི་རྐྱེན་ངན་མང་པོ་བྱུང་འདུག་ཀྱང་༸གོང་ས་མཆོག་ནས་མི་མང་གི་བདེ་སྡུག་དང་། ཐོབ་ཐང་། མང་གཙོའི་སྒྲོམ་གཞི་དུས་རབས་ཀྱི་འཕོ་འགྱུར་ལ་སྟབས་བསྟུན་ཏེ་ང་ཚོ་སེར་སྐྱ་མི་མང་ལ་སྲིད་དབང་བདག་སྤྲོད་གནང་བ་འདི་ངོ་མཚར་རྨད་དུ་བྱུང་བའི་ཕྱག་རྗེས་ཤིག་ལགས་པས་ཁོང་གི་ཐུགས་རྗེ་བཀའ་དྲིན་ནི་ཚེ་རབས་སྟོང་ཕྲག་ལའང་འཇལ་དཀའོ།།

སྲིད་དབང་རྩིས་སྤྲོད་ཀྱི་ཕུགས་དམིགས།

ནོར་བུ་ལྷ་རྒྱལ། གོ་པལ་པུར་བོད་ཁྱིམ།

༄༅། །ཕྱི་ལོ་༢༠༡༡ ལོའི་ཟླ་ ༨ པའི་ཚེས་ ༨ ཉིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་༸གོང་ས་སྐུ་ཕྲེང་ལྔ་པ་ནས་རྩིས་པའི་ལོ་གྲངས་༣༦༩ ལྷག་གི་ལོ་རྒྱུས་རང་བཞིན་ཡོད་པའི་བོད་ཀྱི་སྲིད་དབང་དེ་བཙན་བྱོལ་བོད་མི་ཚོས་མང་གཙོའི་ལམ་ལུགས་ཡང་དག་ནས་འདེམས་ཐོན་བྱུང་བའི་སོ་ནམ་པ་དབུལ་པོའི་བུ་སྲིད་སྐྱོང་བློ་བཟང་སེང་གེ་ལ་གནང་བའི་རྒྱུ་མཚན་དུ་མ་ཡོད་རུང་དེ་གར་གུས་པས་རྒྱུ་མཚན་གཙོ་བོ་ཁག་བཞིའི་ཐོག་ཏུ་གླེང་བར་འདོད་དོ།།

དང་པོ། མང་གཙོ་ཡང་དག

ང་རང་ཚོ་བོད་མིའི་མང་གཙོའི་བྱུང་རིམ་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བོད་མི་མང་ཡོངས་ལ་གསོལ་རས་སུ་གནང་ཡོད་པ་དང་དེ་ནི་ཁྲག་དང་། སྲོག དམག་འཐབ་བཅས་གང་ཡང་མེད་པའི་མང་གཙོ་ཁྱད་པར་ཅན་ཞིག་ཡིན་པ་ནི་ཡོངས་གྲགས་ཡིན། དེ་ཡང་མང་གཙོ་ཡང་དག་ཞིག་དང་ཚད་ལྡན་ཞིག་དགོས་པར་གང་ཟག་ག་གེ་མོ་ཞིག་ལ་ཧ་ཅང་ཚད་མཐོ་བའི་དབང་ཚད་ཞིག་བཟུང་པ་ཡིན་ན་དེ་ནི་མང་གཙོའི་འགག་རྡོ་ཞིག་དང་ཁྱད་པར་མེད་པས། ༸གོང་ས་མཆོག་གིས་ང་རང་ཚོ་བོད་ཀྱི་མང་གཙོ་དེ་འཛམ་གླིང་འདི་ཡི་ནང་དུ་མང་གཙོ་ཡང་དག་ཞིག་དང་གླིང་གཞན་རྣམས་ཀྱི་དཔེ་རུ་བླངས་རུང་བའི་མང་གཙོ་ཁྱད་པར་ཅན་ཞིག་དང་ཚད་མཐོ་པོ་ཞིག་དགོས་ན་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་དབང་རྣམས་མི་མང་གིས་འདེམས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་བྱས་ན་ཧ་ཅང་གི་བཟང་བ་ལས་ཞན་པའི་རྒྱུ་ཡིན་པ་རྩ་བ་ནས་མ་གཟིགས། རྒྱུ་མཚན་དེར་གཞིགས་ནས་༸གོང་ས་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་སྲིད་དབང་རྩིས་སྤྲོད་གནང་ཡོད་པ་རེད་ལ། དེ་ནི་ཧ་ཅང་གི་ཚད་མཐོ་བའི་ཐག་གཅོད་ཞིག་དང་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་རྒྱལ་ཁ་ཆེན་པོ་ཞིག་ཀྱང་ཡིན་པ་ནི་གདོན་མི་ཟ།

གཉིས་པ། སྲིད་དབང་སྒེར་འཛིན་རིང་ལུགས་ཀྱི་ཉམས་རྒུད།

དུས་རབས་ཉེར་གཅིག་པའི་ནང་དུ་ང་ཚོ་ཚང་མས་མིག་གསལ་ལག་མཐོང་དུ་བྱུང་བ་དེ་ནི། དུས་ཡུན་རིང་པོར་སྲིད་དབང་སྒེར་འཛིན་པ་རྣམས་ཀྱི་འོག་ཏུ་ཡོད་པའི་མི་མང་རྣམས་ཀྱིས་གཞུང་ལ་ངོ་རྒོལ་དང་། འཐབ་རྩོད། དེ་བཞིན་ཟིང་འཁྲུག་སོགས་མང་པོ་ཡོང་གི་ཡོད་པ་རེད། དུས་ཡུན་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་འཛམ་གླིང་ཡུལ་གྲུ་གང་སར་སྲིད་དབང་སྒེར་འཛིན་པ་རྣམས་མགོ་རྟིང་བསློགས་པ་དང་། རྒྱལ་པོ་དང་རྒྱལ་མོ་སོགས་ཀྱི་རྒྱལ་རྒྱུད་རྣམས་ཀྱང་མང་གཙོར་འགྱུར་བ་སོགས་ཧ་ཅང་མང་པོ་བྱུང་ཡོད་པས་དུས་རབས་འདི་ནི་འདྲ་མཉམ་དང་། མང་གཙོ། དེ་བཞིན་ཐོབ་ཐང་སོགས་ཀྱི་དུས་རབས་ཡིན་པས་གང་ཟག་ག་གེ་མོ་ཞིག་གི་ལག་ཏུ་དབང་ཆ་ཉར་རྒྱུ་མེད་པ་དེ་བསྟན་ཡོད་པས་༸གོང་ས་མཆོག་གིས་ཉེ་རབས་ལོ་རྒྱུས་རྣམས་གཟིགས་ནས་སྲིད་དབང་ཆ་ཚང་མི་མང་ལ་གནང་ན་ལེགས་པར་གཟིགས།

གསུམ་པ། བོད་ཀྱི་འཐབ་རྩོད་ནི་བོད་མི་ཡོངས་ཀྱི་ཡིན་པ།

ང་རང་ཚོ་བོད་པའི་འཐབ་རྩོད་ནི་རྩམ་གཟན་བོད་པ་ཡོངས་ཀྱི་འཐབ་རྩོད་ཞིག་ཡིན་པ་ལས་༸གོང་ས་མཆོག་སྐུ་སྒེར་གྱི་འཐབ་རྩོད་ཞིག་མིན་པ་ཧ་ཅང་གི་གསལ་པོར་མངོན་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་ཀྱི་བདེན་མཐའ་གསལ་རྒྱུ་དང་བོད་ཀྱི་རྩ་དོན་༸གོང་ས་མཆོག་ཁོ་ནའི་འཐབ་རྩོད་རེད་བསམ་ནས་སྡོད་མཁན་ཧ་ཅང་མང་བས་ང་ཚོ་བོད་མི་རྣམས་ཀྱི་མུ་མཐུད་དུ་དེ་བཞིན་བྱེད་པ་ཡིན།
ང་ཚོའི་འཐབ་རྩོད་ནི་ཉིན་མོའི་སྐར་མ་བཞིན་ཧ་ཅང་རྩོད་ཁག་པའི་འཐབ་རྩོད་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི་གསལ་པོ་རེད། བྱས་ཙང་ང་ཚོ་ཚང་མས་འཕྱར་བ་གྲུ་འདེགས་ཀྱི་ངང་ནས་བོད་ཀྱི་རྩ་དོན་རྩོད་དགོས་པ་ལས་༸གོང་ས་མཆོག་སྐུ་རྐྱང་གི་འགན་ཡིན་བསམ་བསྡད་ན་ག་ལ་འགྲིག ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ནས་རང་རེའི་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་བོད་ཀྱི་རྩ་དོན་ཐོག་ཏུ་བསམ་ཞིབ་དང་གནོ་བསམ་རྒྱུན་མི་ཆད་པ་ཞིག་བཏང་ནས་དངོས་ཡོད་ཀྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་བྱེད་དགོས།

བཞི་པ། རྒྱ་ནག་གི་འཁྱོག་བཤད་ལ་ལན་འདེབས།

༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་བྱེད་པ་ནས་བཟུང་དུས་རྒྱུན་རྒྱ་ནག་གཞུང་གི་འཁྱོག་བཤད་འདྲ་མིན་ཁག་མང་པོ་ཞིག་ལ་ལན་འདེབས་གསལ་པོ་བརྒྱབ་ཡོད་པ་ནི་གསལ་པོ་རེད་འདུག དེ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་ནི་དབང་ཆར་དགའ་བ་དང་ཁོ་བོའི་གཞུང་ནི་མང་གཙོ་ཡང་དག་མིན་ལུགས་སོགས་ཀྱི་བདེན་པ་མིན་པའི་འཁྱོག་བཤད་རྣམས་ལ་༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་རྗེས་རྒྱ་ནག་གཞུང་གི་འཁྱོག་བཤད་རྣམས་ལ་ལན་འདེབས་གསལ་པོ་ཞིག་དང་རྒྱ་གཞུང་གི་རྫུན་གཏམ་རྣམས་ར་སྤྲོད་བྱས་ཡོད།
༸གོང་ས་མཆོག་གི་རླབས་ཆེན་གྱི་ཐག་གཅོད་འདི་ནི་འཛམ་གླིང་གི་ཡུལ་གྲུ་མང་པོའི་དབུ་ཁྲིད་རྣམས་ཀྱིས་དགའ་བསུ་དང་། བསྔགས་བརྗོད། ཡིད་རངས་སོགས་བྱེད་ཀྱི་ཡོད་པ་གདོན་མི་ཟ། དེ་ཙམ་དུ་མ་ཟད་ང་རང་ཚོ་བོད་མི་རྣམས་ཀྱིས་སྲིད་ཀྱི་ཐོག་ཏུ་སྔར་ལ་ནུས་པ་ཆེ་བ་བཏོན་རྒྱུའི་གོ་སྐབས་དང་བོད་མིའི་ནུས་ཤུགས་མཉམ་རུབ་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་རྩོད་དགོས་པའི་སྐུལ་མ་སོགས་མང་པོ་ཞིག་བསྟན་ཡོད།

མདུན་ཤོག

Menu