ྋགོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ།

ཤ་བོ་རྡོ་རྗེ། གོ་པལ་པུར་བོད་ཁྱིམ།

སྔོན་འགྲོའི་གཏམ།

ཚེ་སྔོན་ལས་ཀྱི་བག་ཆགས་དང་བྱིན་རླབས་ཤིག་གི་དབང་གིས་ལྷ་མོ་དོན་གྲུབ་ཅེས་པའི་བྱིས་པ་ཞིག་དངོས་སུ་ཆོས་ལྡན་ཁ་བའི་ཞིང་འདིར་བྱོན་པ་རེད། འདི་ནི་ང་ཚོ་གདོང་དམར་བ་རྣམས་ལ་མཚོན་ན་ཆེས་དགའ་ཚོར་རྒྱས་ཤིང་སྤོབས་པ་བྱེད་འོས་པའི་གནས་ཚུལ་ཞིག་ཀྱང་རེད་ལགས། ཁྱོད་ནི་མི་དཀྱུས་མ་ཞིག་ག་ལ་ཡིན་ཏེ་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམ་སྤྲུལ་མ་ཡིན་ནམ། ཁོང་གོ་ལ་འདིའི་སྟེང་བྱོན་པ་དེ་ཡང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་གི་སླད་དུ་ཕེབས་པ་རེད་ལགས། དེ་ཡང་ཁོང་གི་མཛད་རྗེས་ལ་ཕྱི་མིག་ཅིག་འཕངས་ཚེ་བློ་ཡུལ་ལ་ཤོང་དཀའ་ལ་དེ་བས་ཀྱང་ངོ་མཚར་ཅན་གྱི་མཛད་རྗེས་རླབས་ཆེན་དག་བརྗོད་ཀྱིས་མི་ལང་བའི་གནས་སྟངས་ཤིག་ཏུ་འགྱུར་ངེས། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆེས་རླབས་ཆེན་གྱི་མཛད་རྗེས་བཀའ་དྲིན་བསྐྱངས་པ་དེ་དག་ལ་ཕྲན་གྱིས་དོན་ཚན་འགའ་རུ་དབྱེ་སྟེ་བརྗོད་ན།

དང་པོ་། བོད་དང་བོད་མི་རིགས་ལ་བཀའ་དྲིན་ཆེ་ཚུལ།

འཛམ་བུ་གླིང་སྤྱི་ཡོངས་སུ་ཟིང་འཁྲུག་གི་གནས་སྟངས་ཤིག་དང་བོད་གངས་ཅན་ལྗོངས་འདི་ཡང་རྒྱ་ལག་དུ་ཤོར་ཉེན་ཆེ་བའི་ཆགས་འཇིག་གི་གནས་བབས་འདི་འདྲ་ཞིག་གི་དཀྱིལ་དུ་ཁོང་ལྟ་བུའི་བླ་ན་མེད་པའི་སྐྱེ་མཆོག་དམ་པ་ཞིག་སྐུ་བལྟམས་པ་རེད། ཁོང་ནི་སྐུ་ན་ཕྲ་དུས་ནས་བློ་རིག་བཀྲ་ལ་བརྩོན་འགྲུས་ཆེ་བ་མ་ཟད་ལྷག་པར་དུ་བྱམས་དང་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས་པ་ཞིག་ཀྱང་རེད། བོད་མི་རྣམས་ཀྱི་གཙུག་རྒྱན་དང་རེ་འདུན་བཅོལ་ས། ཡིད་ཆེས་བྱེད་ས་ཁོ་ན་དེ་ཡང་༸གོང་ས་མཆོག་ཉིད་ལས་མ་འདས།
དགུང་ལོ་བཅུ་དྲུག་ཙམ་ནས་བོད་ཕྱི་ནང་གཉིས་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་དེ་ཡང་མི་བཞེས་ཀ་མེད་དུ་གྱུར། དུས་དེ་ནས་བཟུང་སྟེ་བོད་ཀྱི་འདི་ཕྱིའི་རེ་བ་ཡོད་ཚད་ཁོང་ལ་བཅངས་ཡོད། ཕྱི་ལོ་༡༩༥༩ ལོར་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ལ་རྒྱ་དམར་པོའི་གདུག་རྩུབ་དང་གཉའ་གནོན་ལ་བརྟེན་ནས་བོད་མི་མི་ཉུང་བ་ཞིག་གི་བླ་སྲོག་འཇིག་རྟེན་ཕ་རོལ་དུ་བརྫངས་པ་མ་ཟད་བོད་ཀྱི་རང་དབང་དེ་ཡང་ཡོངས་སུ་བཙན་འཕྲོག་བྱས་པ་རེད། ཧ་ཅང་ཉག་ཕྲ་ཞིང་བོད་ཆགས་འཇིག་གི་གནས་སྟངས་འོག་༸གོང་ས་མཆོག་གིས་བོད་མི་ཁྲི་བརྒྱད་ལྷག་ཙམ་དང་ལྷན་དུ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་མི་ཕེབས་ཀ་མེད་བྱུང་ཡོད།
སྐབས་དེའི་གནས་སྟངས་ཧ་ཅན་ཞན་ལ་ལྷག་པར་དུ་༸གོང་ས་མཆོག་གིས་ཐུགས་དགོངས་ཆེ་བཞེས་ཐོག་བོད་མི་རིགས་ཡུན་གནས་ཐུབ་པ་དང་བོད་ཀྱི་རྩ་ཆེའི་ནང་པའི་ཆོས་དང་རིག་གཞུང། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་འདི་དག་མི་ཉམས་རྒྱུད་འཛིན་གྱི་སླད་དུ་ཟུར་དུ་བོད་པའི་སློབ་གྲྭ་དང་། དགོན་པ་སོགས་མི་ཉུང་བ་ཞིག་གསར་འཛུགས་མཛད་ཡོད། ལྷག་པར་དུ་བོད་ཀྱི་བདེན་མཐའ་གསལ་ཆེད་འཛམ་གླིང་ཡུལ་གྲུ་གང་སར་བསྐྱོད་དེ་ཕྱག་ཟུང་ཐལ་མོ་སྦྱར་ཏེ་ང་ཚོ་ལ་འདི་ལྟ་བུའི་མཐུན་རྐྱེན་དག་བསྩལ་བ་ཡིན་ལ། ཕྱི་ལོ་༡༩༦༠ལོར་དངོས་སུ་ང་ཚོ་ལ་དམངས་གཙོ་གསོལ་རས་ཡང་བསྩལ། དེ་བས་ཀྱང་རྒྱལ་སྤྱིའི་ནང་དུ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དྲིལ་བསྒྲགས་དང་ཕྱོགས་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐབས་ལམ་འདི་ཡང་གསར་བཏོད་གནང་སྟེ་འཚེ་མེད་ཞི་བའི་ཕྱོགས་སུ་བསྐྱོད་དུ་བཅུག བོད་རྒྱ་ཞི་མོལ་ཀྱི་ཆེད་དུ་བོད་ནང་དུ་སྐུ་ཚབ་ཡང་ཡང་བཏང་གནང་མཛད་པ་མ་ཟད་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ཡང་བོད་མི་མང་ལ་འདེམས་རྒྱུའི་འོས་འགན་བསྩལ་བ་རེད།
མདོར་ན། བོད་པའི་གནས་སྟངས་རྒྱལ་སྤྱིའི་ནང་བགྲོ་གླེང་དང་དྲིལ་བསྒྲགས་ཀྱིས་རྒྱབ་སྐྱོར་ཐོབ་པ་འདི་དག་༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལས་མ་འདས། ང་ཚོས་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་དེ་དག་སེམས་ལ་ཚོར་དགོས་པ་ཡིན།

གཉིས་པ། འཛམ་གླིང་སྤྱི་ལ་བཀའ་དྲིན་བསྐྱངས་པ།

འཇིག་རྟེན་འདིའི་དོན་དུ་བྱས་རྗེས་བཞག་ཟིན་པ་དང་ད་ལྟའང་འཇོག་བཞིན་པའི་མི་བླ་ཆེན་མི་ཉུང་བ་ཞིག་ཡོད་པའི་ནང་༸གོང་ས་མཆོག་ལྟ་བུ་ལ་མཚོན་ན་ཐུགས་ཀྱི་དམ་བཅའ་བཞི་བཟུང་ཡོད་པ་ནི། ༡། བོད་ཀྱི་བདེན་མཐའ་སེལ་ཐབས། ༢། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ། ༣། འཛམ་གླིང་ཞི་བདེ་བསྐྲུན་ཐབས། ༤། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་བཅས་ཡིན། འདི་དག་ཡོད་ཚད་ནི་རྒྱལ་ཁབ་གཅིག་གམ་གང་ཟག་སྒེར་སོ་སོ་ལ་ཕན་པའི་བྱ་བཞག་ཡིན་ལ་གཞི་རྒྱ་ཆེ་བའི་གོ་ལ་འདིའི་སྟེང་གི་གང་ཟག་ཡོད་དོ་ཅོག་ལ་ཕན་རླབས་ཆེ་བའི་ཐུགས་བཞེས་ཤིག་ཀྱང་ཡིན།
ཁོང་གིས་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་ཐུགས་འཕྲད་ཀྱིས། ཆོས་ལུགས་ཚང་མའི་བསྒྲུབ་བྱའི་མཐར་ཐུག་གི་དམིགས་ཡུལ་དེ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན་པ་གཅིག་མཚུངས་ཡིན་པས་ཕན་ཚུན་དབར་འཐེན་འཁྱེར་དང་ཕྱོགས་རིས་མི་བྱེད་པ། ཕན་ཚུན་མཐུན་སྒྲིལ་ཡོང་སླད་དུ་འབད་པ་བྱེད་བཞིན་ཡོད་ལ། འཛམ་གླིང་འདི་བག་ཕེབས་དང་ལྷིང་འཇགས་ཡོང་བར་འཛམ་གླིང་རྒྱལ་ཁབ་ཚང་མ་ཕན་ཚུན་མཐུན་སྒྲིལ་ཡོང་སླད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་བཀའ་སློབ་རབ་དང་རིམ་པ་མང་པོ་ཞིག་བསྩལ་ཡོད། འདི་དག་ནི་འཛམ་གླིང་སྤྱི་ལ་ཕན་པའི་ཆེས་རླབས་ཆེན་གྱི་མཛད་རྗེས་ཡིན་པས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱིས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ནི་ང་ཚོ་འཛམ་གླིང་འདིའི་སྟེང་གི་གང་ཟག་ཅིག་ཡིན་པའི་ཆ་ནས་འུ་ཅག་གི་འོས་འགན་ཞིག་ཡིན།

གསུམ་པ། འགྲོ་བ་ཡོངས་ལ་ཚེ་འདི་ཕྱིའི་བཀའ་དྲིན་བསྐྱངས་པ།

སྐྱེ་བའི་མཐའ་མ་འཆི་བ་དང་འགྲོགས་པའི་མཐའ་མ་བྲལ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་རླབས་ཆེན་གྱི་སངས་རྒྱས་ཀྱི་བསྟན་པ་འདིའི་ནུས་པ་ལ་བརྟེན་ནས་༸གོང་ས་མཆོག་གིས་འགྲོ་བ་རྣམས་ཐར་པའི་གནས་སུ་འགོོད་ཕྱིར་ནང་པ་སངས་རྒྱས་པའི་ཆོས་ལས་སྐྱེ་བ་སྔ་ཕྱིའི་གནས་ཚུལ་སོགས་འཛམ་གླིང་ཁྱོན་ཡོངས་ལ་དར་སྤེལ་མཛད་པ་ནས་བཟུང་མི་ཚང་མས་ཁོང་ལ་དད་གུས་དང་ཡིད་སྨོན་སྐྱེ་ཞིང་མི་ཉུང་བ་ཞིག་ནས་རང་ཉིད་ཐར་པ་ཐོབ་ཆེད་དུ་དུས་རྟག་ཏུ་ནང་ཆོས་ཉམས་སུ་ལེན་པ་དང་འགྲོ་སོང་ཙམ་ལ་མ་ལྟོས་པར་རྒྱང་ཐག་ཇི་ཙམ་རིང་ཡང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས་ཀྱི་ཡོད་པས་སྐྱེ་འགྲོ་ཡོངས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་མཛད་ཡོད་ལ། དགུང་གྲངས་༨༠ ཕེབས་ཀྱང་ད་དུང་ཡུལ་གྲུ་གང་སར་ཕེབས་ནས་བཀའ་སློབ་ལམ་སྟོན་གྱི་མཛད་པ་འཕྲིན་ལས་བསྐྱངས་དང་སྐྱོང་བཞིན་ཡོད།
མདོར་ན། ང་ཚོས་བཀའ་དྲིན་འདི་དག་ཁ་ནས་བརྗོད་པ་ཙམ་གྱི་བཀའ་དྲིན་རྗེས་དྲན་མཚོན་མི་ཐུབ་ལ་དེ་བས་ཀྱང་དཀའ། དེར་བརྟེན། ང་ཚོ་ཚང་མས་རང་གི་འོས་འགན་ཇི་བཞིན་བསྒྲུབ་རྒྱུ་དང་རྒྱལ་བའི་བཀའ་བཞིན་བསྒྲུབས་ནས་༸གོང་ས་མཆོག་གི་ཐུགས་མཉེས་སུ་འཇུག་རྒྱུ་ནི་ཀུན་གྱི་ཁ་ནས་ཡོངས་གྲགས་སུ་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་ཐབས་མཆོག་ཏུ་གྱུར་བ་དེ་ཡིན།

ྋགོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ།

བསྟན་འཛིན་དར་རྒྱས། སེར་བྱེས་འབྲིང་སློབ།

མཁྱེན་པའི་ཆུ་གཏེར་སྨྲ་བའི་དབང་ཕྱུག་དང་།།
གསུང་གི་སྙན་དབྱངས་ཚོགས་ཀྱི་མགོན་གྱུར་པ།།
ཚངས་སྲས་ལྷ་མོ་བདག་གི་མགྲིན་པའི་དབུས། །
ཞུགས་ཏེ་བདག་ལ་ངག་གི་དངོས་གྲུབ་སྩོལ།།
ཆོས་དང་ཆོས་མིན་ཀུན་གྱི་མགོ་བོ་ལ།།
ལུང་དང་རིགས་པ་མཆོག་གིས་དབང་བསྐུར་མཁན།།
ས་ཆེན་འགྲོ་བའི་གཙུག་གི་རྒྱན་གྱུར་པ།།
རྒྱ་མཚོའི་བླ་མ་རྟག་ཏུ་རྒྱལ་གྱུར་ཅིག།
བཀའ་དགོངས་ཟབ་མོ་ཀུན་གསལ་དབྱིངས་ལ་འགྲན།།
བཀའ་དྲིན་རྒྱ་མཚོ་ཕྱོགས་བཅུའི་མཐའ་ནས་འཕུར།།
བཀའ་དྲིན་རླབས་ཕྲེང་བརྗོད་པར་མ་ནུས་ཀྱང་། །
བཀའ་དྲིན་རྗེས་སུ་དྲན་པའི་དྲན་ཐོ་ཙམ།།
ཁྱེད་སྐུ་གསེར་གྱི་ལྷུན་པོའི་ཡངས་རྩེ་ནས།།
མཛད་འཕྲིན་འོད་བརྒྱ་མ་ལུས་རབ་འཕྲོས་པས། །
ཐུགས་རྗེའི་བྱིན་རླབས་བགྲང་བར་མ་ནུས་ཀྱང་།།
ཆུ་ཐིགས་ཙམ་ཞིག་སྙན་པའི་ངག་ལ་བརྒྱུས།།
གདོད་ནས་ཐར་པའི་གྲོང་ལ་མངའ་བརྙེས་ཀྱང་།།
ལྔ་བདོའི་འགྲོ་བའི་གདུང་བ་གཞོམ་སླད་དུ།།
རྒྱལ་སྲས་སྤྱོད་པ་མཆོག་གི་ཚུལ་བཟུང་ནས།
མདོ་སྨད་ཆོས་ཀྱི་ཞིང་དུ་ཁྱེད་སྐུ་བལྟམས། །
གཞོན་ནུའི་དུས་ནས་མདོ་རྒྱུད་ཐམས་ཅད་མཁྱེན། །
བོད་ཁམས་འགྲོ་བ་བརྩེ་བས་བདག་གིར་བཞེས།།
འགྲོ་བའི་གདུང་བ་རྒྱན་དུ་བཀླུབས་མཛད་པའི།།
མཁྱེན་བརྩེ་ནུས་པའི་དཔལ་གྱུར་ཁྱེད་ལ་འདུད།།
ནུབ་ཕྱོགས་ཀླ་ཀློའི་ཚོགས་ཀྱི་སྐྱེ་བོ་རྣམས།།
ངན་རྒྱུ་མ་ལུས་གཅིག་ཏུ་རབ་དར་བས།།
ཁྱེད་སྐུ་གསེར་གྱི་ཉི་མ་གཞོན་ནུ་ཡིས།།
སྤྲིན་ནག་མུན་པ་ཆ་མེད་ཡུལ་དུ་བསྐྲད།།
འོན་ཏེ་འགྲོ་བ་སྤྱི་དང་ཁྱད་པར་དུ།།
རིང་ནས་ལས་སྨོན་འབྲས་བཟང་དག་པ་ཡི།།
བོད་ཁམས་འགྲོ་བའི་བདེ་སྡུག་མ་དོར་བས།།
ཁྱེད་སྐུ་ཉི་གཞོན་གོ་ལའི་མགོན་དུ་གྱུར།།
ཆོས་ཀྱི་རིགས་པས་ཆོས་བྱེད་ཚོགས་རྣམས་སྐྱོང་།།
ཆོས་མིན་སྐྱེ་བོ་རྟགས་དང་རིགས་པས་སྐྱོང་།།
ཆོས་དང་ཆོས་མིན་ཚོགས་ཀྱི་མིག་གཅིག་པུ།།
དྲན་བཞིན་དྲན་བཞིན་སེམས་ལ་དབུགས་དབྱུང་སྟེར།།
དེ་མཚོན་གཟེངས་བསྟོད་གྲངས་ཀྱིས་མི་ལོངས་ཤིང་།།
བསྟོད་ཚིག་རྡུལ་ཕྲན་ཚོགས་ཀྱིས་འགྲན་དཀའ་བ།།
སུ་དང་གང་གིས་འགྲན་པའི་ཟླ་བྲལ་བ།།
མོས་གུས་དྲག་པོའི་མཚོ་ཆེན་མཁའ་ལ་སྐྱོམ།།
སྐུ་ཡི་བཀོད་པ་ས་ཆེན་ཡོངས་ལ་ཁྱབ།།
གསུང་གི་བདུད་རྩི་འགྲོ་བའི་སྨན་གྱི་མཆོག།
ཐུགས་ཀྱིས་ཉམ་ཐག་ཚོགས་རྣམས་བུ་བཞིན་སྐྱོང།།
འགྲོ་བ་འདྲེན་པ་ཁྱེད་ལས་སུ་ཞིག་ཡོད།།
འཆད་པའི་དབྱངས་སྙན་དབྱངས་སྙན་ཀུན་ལས་ལྷག།
རྩོད་པའི་ལུང་རིགས་ལུང་རིགས་ཀུན་ལས་འཕགས།།
རྩོམ་པའི་མཛད་བཟང་མཛད་བཟང་ཡོངས་ཀྱི་མཆོག།
འཆད་རྩོད་རྩོམ་པས་སེམས་ཅན་བདེ་ལ་འགོད།།
རིས་མེད་ཆོས་པ་ཁྱེད་ཞབས་མགོན་དུ་བཏེགས།།
སྲིད་པས་ཁྱེད་གསུང་ཐབས་ཀྱིས་རྒྱལ་སྲིད་སྐྱོང་།།
ཐབས་མཁས་ཆོས་སྲིད་གཉིས་ཀྱི་བཀྲག་མདགས་ཀྱིས།།
ས་གསུམ་སེམས་ཅན་ངལ་བ་བདག་གིར་བཟུང་།།
མིག་ལྡན་མི་ལ་མཆོག་གི་ལམ་སྟོན་པ།།
ཕལ་བའི་མི་ལ་དེ་འཚམ་གང་སྟོན་པ།།
གང་འདོད་གདུལ་བྱའི་ཚོགས་ལ་གདམས་མཁས་པ།།
མཐོ་དམན་སྐྱེ་བོའི་ཚོགས་ཀྱི་དེད་དཔོན་གྱུར།།
ཉེར་གཅིག་དུས་འདིར་སྙིགས་མའི་ཆོས་དར་བས།།
ཁྱོད་ཤི་ང་གསོན་ལྟ་བས་རང་ཉིད་སྐྱོང་།།
ཁོར་ཡུག་གཏོར་བཅོམ་དམག་འཁྲུག་རབ་དར་བར།།
ཁྱེད་སྐུའི་འཚེ་མེད་ལྟ་བ་སྨན་གྱི་མཆོག།
སྐྱེས་ཤིང་སྐྱེ་བ་ཀུན་གྱི་འཕྲང་ལམ་ལ།།
གཅིག་པུར་རྒྱལ་བའི་བློ་ངན་སྤོང་དཀའ་བས།།
མི་འདོད་འཁོར་བར་བྱིང་ཞིང་གཡུལ་འགྱེད་པར།།
ཁྱེད་སྐུའི་རྟེན་བྱུང་ལྟ་བ་ཀུན་ལ་མཁོ།།
རང་ཉིད་ཕྱིར་དུ་ཕ་མ་ཁྱི་ལ་སྦྱིན།།
འཁྲིག་སྦྱོར་ཙམ་གྱིས་གཞན་སྲོག་ཆུ་ལ་བསྐུར།།
རང་ཉིད་ཁོ་ན་འདོད་པའི་དུས་འདི་ལ།།
ཁྱེད་ཆོས་སྙིང་རྗེ་ཆེན་པོས་ཞི་བདེ་འདྲེན།།
ཆོས་ཀྱི་གྲུབ་མཐས་བློ་སེམས་མ་སྨིན་ཡང་།།
ཞེན་པ་ཙམ་གྱིས་ཆོས་སྡེའི་དབུར་ཞུགས་ནས།།
ངན་རྟོག་རྣམས་ཀྱིས་བསྟན་པ་རབ་དཀྲུགས་པས།།
རྒྱུས་མེད་དག་སྣང་སྦྱོང་འདི་སུ་ལས་འཕགས།།
ཆོས་སེམས་ཁ་ལ་འཁུར་ནས་སྲིད་ལ་ཞུགས།།
སྣོད་ལྡན་སྐྱེ་བོ་བསླུ་བྲིད་རབ་ཐེབས་པར།།
ཆོས་སྲིད་ལམ་སྣ་འབྱེད་པའི་ཐབས་མཁས་མཆོག།
བསམ་བཞིན་བསམས་ན་དད་པ་རང་འཕེལ་རེད།།
མཐོ་ལ་གུས་ཞིང་དམན་ལ་རབ་སྡང་ཞིང་།།
ཕྱུག་ལ་དགའ་ཞིང་བཀྲེན་པོར་རབ་སྡང་པའི།།
ཀྱག་ཀྱོག་ལས་ངན་འཕྱུར་བའི་དུས་རབས་འདིར།།
དབྱེར་མེད་བྱམས་ཀྱིས་སྐྱོང་བ་ཁྱེད་གཅིག་པུ།།
ངེས་འབྱུང་ངེས་འབྱུང་ཟེར་བཞིན་འཁོར་བར་འཁྱམ།།
ཆོག་ཤེས་ཆོག་ཤེས་འཆད་བཞིན་ཐམས་ཅད་མཁོ།།
མདོར་ན་རང་ཉིད་གཅེས་འཛིན་དར་དུས་འདིར།།
ཐམས་ཅད་བློས་གཏོང་ཕོད་པ་ཁྱེད་ལས་སུ།།
གངས་རིའི་ལྗོངས་ལ་གང་རི་ལས་ཀྱང་དཀར།།
འཛམ་བུ་གླིང་ལ་འཛམ་བུའི་ཆུ་བོའི་རྒྱུན།།
ས་གསུམ་ཁྱོན་ལ་ལྷ་ཡི་ལྷ་ལས་བླ།།
ཀུན་གྱི་མགོན་དུ་གྱུར་བར་སྒོ་གསུམ་དུད།།
རྒྱལ་བའི་ཆོས་ལ་ཆོས་ཀྱི་མཐའ་མེད་པས།།
ཁོ་བོའི་བརྗོད་པ་ཆུ་ཐིགས་ཙམ་དུ་ཟད།།
གང་དྲན་ཚིག་ཕྲེང་སྤེལ་བའི་དགེ་རྩ་ཡིས།།
ས་གསུམ་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ།།
མདོར་ན་གང་བྱེད་ཆོས་སུ་འགྱུར་བ་དང་།།
དེའི་མཚོན་དགེ་བ་ཅུང་ཟད་བསགས་གྱུར་པ།།
བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་བཟང་རྣམས།།
ཆུ་གཏེར་བཞིན་དུ་འཕེལ་བའི་རྒྱུར་གྱུར་ཅིག།

ྋགོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ།

སངས་རྒྱས་དོན་གྲུབ། གོ་པལ་པུར་བོད་ཁྱིམ།

སྐུ་མཚན་དཔེ་གངས་ཅན་ལྗོངས་སུ་བཞད།།
གསུང་ཚངས་དབྱངས་གོ་ལ་ཡོངས་སུ་ཁྱབ།།
ཐུགས་བྱམས་བརྩེས་འགྲོ་ཀུན་བུ་བཞིན་བསྐྱངས། །
མགོན་བླ་མེད་བསྟན་འཛིན་རྒྱ་མཚོ་རྒྱལ།།

ཞེས་མཆོད་བརྗོད་ཀྱི་ཚིགས་བཅད་སྔོན་དུ་བསུས་ནས་སྐབས་བབ་ཀྱི་རྩོམ་འབྲིའི་བརྗོད་གཞི་ལ་གཞིགས་ན་སྤྱིར་ང་ཚོ་ཚང་མས་ཤེས་གསལ་ལྟར་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ནི་སྲིད་པའི་གོ་ལ་འདིའི་ནང་སྐུ་བལྟམས་པ་ནས་བཟུང་ད་བར་འཛམ་གླིང་སྐྱེ་འགྲོ་ཡོངས་དང་ཡང་སྒོས་བོད་མི་ཡོངས་ལ་སྟོང་གསུམ་སྣོད་དུ་བཀང་ནས་ཕུལ་ནའང་གཞལ་ཐབས་བྲལ་བའི་བཀའ་དྲིན་བསམ་གྱི་མི་ཁྱབ་པ་བསྐྱངས་ཡོད་པས་དེ་རིང་ཕྲན་གྱིས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་སྟེ་རྒྱ་མཚོ་ནང་གི་ཆུ་ཐིགས་ལྟ་བུ་ཁྱོན་དོན་ཚན་གསུམ་གྱི་སྟེང་དུ་དབྱེ་ནས་བརྗོད་འདོད་ཆེ།

དང་པོ། བོད་ཕྲུག་རྣམས་ལ་བསྐྱངས་པའི་བཀའ་དྲིན།

དེ་ཡང་ལྔ་བཅུ་ང་དགུ་ལོར་རྒྱ་དམར་ཀླ་ཀློའི་གདུག་རྩུབ་ཀྱི་བཙན་འཛུལ་འོག་༸གོང་ས་མཆོག་སྐུ་འཁོར་དང་བཅས་པ་བོད་མི་ཁྲི་བརྒྱད་ལྷག་མི་འདོད་བཞིན་དུ་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་རྒྱ་གར་འཕགས་པའི་ཡུལ་འདིར་སྐྱབས་བཅོལ་དུ་ཕེབས་དགོས་བྱུང། དུས་དེ་ནས་བཟུང་རྒྱབ་བརྟེན་གང་ཡང་མེད་པར་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་སྤྱི་ཚོགས་འདིའི་ནང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་ནས་བཙན་བྱོལ་དུ་ཡོད་པའི་བོད་ཕྲུག་དེ་དག་དཀའ་ངལ་གང་ཡང་མེད་པར་རྒྱ་གར་གྱི་སློབ་གྲྭ་ཡག་གྲས་ཁག་ནང་གཏང་ཆོག་ཅེས་བརྗོད་ནའང་༸མགོན་པོ་གང་ཉིད་མཆོག་ནས་མ་འོངས་སྔོན་གཟིགས་ཀྱི་གལ་སྲིད་མ་འོངས་པར་མུ་མཐུད་ནས་དེ་འདྲའི་གནས་སྟངས་ཤིག་གི་འོག་ཏུ་ཕྱིན་ཚེ། བོད་ཀྱི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་བཟང་པོ་དེ་དག་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཕར་བཞག ཐ་ན་དེ་དག་ཉམས་ནས་བོད་མིའི་ངོ་བོ་ཡང་རིམ་བཞིན་ཡལ་འགྲོ་བར་དགོངས་ནས་བོད་ཕྲུག་དག་ལ་ཟུར་དུ་ཤེས་བྱ་རིག་གནས་སྦྱོང་ས་བུ་གསོ་ཁང་ཞེས་པ་བཙུགས་པ་རེད། དེ་ནས་རྒྱ་བསྐྱེད་ཀྱི་རྣམ་པས་ད་ལྟའི་ཡན་ལག་མང་བའི་བོད་ཁྱིམ་སློབ་གྲྭ་འདི་དག་གྲུབ་པ་རེད། དེ་ཡང་བཙན་བྱོལ་སྤྱི་ཚོགས་འདིའི་ནང་བོད་ཁྱིམ་སློབ་གྲྭ་འདི་ལྟ་བུ་ཞིག་ཡོད་པའི་དབང་གིས་བོད་ནང་གི་ཕ་མ་མང་པོ་ཞིག་གིས་སོ་སོའི་བུ་ཕྲུག་༸གོང་ས་མཆོག་གིས་ལྟ་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་ནང་གཏོང་ཐུབ་ན་བོད་མིའི་དྲི་མ་མ་ཡལ་བ་དང་ཚད་ལྡན་ཞིག་ཆགས་ཐུབ་པར་ཡིད་ཆེས་ཀྱིས་དཀའ་ངལ་དང་ཉེན་ཁ། བློས་གཏོང་གང་མང་ཞིག་ལ་མ་འཛེམས་པར་སོ་སོའི་ཤ་ལས་མཆེད་པའི་གཅེས་ཕྲུག་ས་ཐག་རིང་པོ་འདི་འདྲ་ཞིག་ལ་གཏོང་བཞིན་ཡོད་པས་ན་བདག་ཀྱང་དེ་དག་ནང་གི་གཅིག་ཡིན་པ་སྨྲ་མི་དགོས། དེ་ལྟར་བོད་ཕྲུག་དག་བོད་ཁྱིམ་གྱི་སློབ་གྲྭ་འདི་དག་གི་ནང་གནའ་དེང་གི་ཤེས་བྱ་རིག་གནས་མ་ལུས་པ་སྦྱོང་བའི་གོ་སྐབས་དང་ལྡན་ལ། སློབ་ཐོན་བྱུང་རྗེས་སོ་སོའི་ཤེས་འཇོན་གྱིས་སྤྱི་ཚོགས་ཀྱི་ས་གནས་མང་པོའི་ནང་སྤྱི་ལ་ཕན་པའི་བྱ་བ་སྒྲུབ་མཁན་ཧ་ཅང་མང་པོ་ཡོད། དཔེར་ན་ད་ལྟ་འུ་ཅག་གི་སྲིད་སྐྱོང་བློ་བཟང་སེང་གེ་ཁོང་འདི་ལྟ་བུའི་གོ་གནས་ཤིག་གི་སྟེང་དུ་ལངས་ཐུབ་པ་དང་འཐབ་རྩོད་ཀྱི་སྣེ་འཁྲིད་ཐུབ་པ་འདི་ཡང་༸གོང་ས་མཆོག་གི་བཀའ་དྲིན་དང་གཟིགས་སྐྱོང་ལ་བརྟེན་ནས་བྱུང་བ་ཡིན་ཞེས་དངོས་སུ་གསུངས་མྱོང་། དེ་མ་ཟད་ད་ལྟ་ཡིན་ནའང་ལོ་རེར་མཐོ་སློབ་ཁག་གི་ནང་བོད་ཕྲུག་ན་གཞོན་དང་བོད་ཁྱིམ་ལོ་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱིི་སློབ་ཕྲུག་དག་ལ་ནང་ཆོས་ངོ་སྤྲོད་དང་། བཟང་སྤྱོད། ཡ་རབས། བྱམས་བརྩེ་སོགས་ཀྱི་ཐོག་བཀའ་སློབ་གནང་དང་གནང་མུས་རེད། དེར་བརྟེན་དེང་སང་འཛམ་གླིང་སྐྱེ་འགྲོ་ཚང་མས་ཁ་གཅིག་གྲགས་ཀྱིས་བོད་མི་ཚོ་བཟང་སྤྱོད་དང་ལྡན་པ། དྲང་པོ་དང་ཡ་རབས་ཡིན་པ་སོགས་བརྗོད་བཞིན་པ་དེ་ཡང་མགོན་པོ་མཆོག་གི་ཐུགས་རྗེ་གཟི་བྱིན་དང་བཀའ་དྲིན་ཉག་གཅིག་ལས་བྱུང་བ་གོར་མ་ཆག གོང་གི་ཚིག་དུམ་ཁ་ཤས་དེ་ལས་༸གོང་ས་མཆོག་ནས་ང་ཚོ་བོད་ཕྲུག་རྣམས་ལ་བསྐྱངས་པའི་བཀའ་དྲིན་ནི་ཤིན་ཏུ་ནས་གཞལ་ཐབས་བྲལ་ལོ།།

གཉིས་པ། བོད་མི་མང་ལ་བསྐྱངས་པའི་བཀའ་དྲིན།

དེ་ཡང་མགོན་པོ་གང་ཉིད་མཆོག་ནས་ཛ་དྲག་གི་གནས་སྟངས་འོག་དགུང་ལོ་བཅུ་དྲུག་སྟེ་དགུང་ན་ཤིན་ཏུ་ཕྲ་བའི་དུས་ནས་བཟུང་ལྷ་སྲུང་མའི་ལུང་བསྟན་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཆ་ཚང་འཁུར་དགོས་བྱུང་བ་རེད། དུས་དེ་ནས་མགོན་པོ་གང་ཉིད་ལ་བླ་ན་མེད་པའི་དགོངས་བཞེད་གཅིག་ཡོད་པ་ནི་བོད་དེ་ཡར་རྒྱས་དང་སྔོན་ཐོན་གྱི་ཕྱོགས་སུ་འདྲེན་རྒྱུ་དེ་ཡིན། སྐབས་དེར་ལེགས་བཅོས་ལས་ཁུངས་འཛུགས་དགོས་དོན་ཡང་དམིགས་ཡུལ་དེ་ཁོ་ན་ལས་གཞན་མ་མཆིས། དེ་ལྟར་ང་དགུ་ལོར་གནས་སྟངས་ཛ་དྲག་འོག་བོད་མི་ཚོ་བཙན་བྱོལ་དུ་སླེབས་ནས་སྐྱབས་བཅོལ་ཞེས་པའི་མིང་བྱང་འདི་འཁུར་འགོ་ཚུགས་པ་ནས་བཟུང་བོད་མི་ཚོ་སྡོད་སའི་གཞིས་ཆགས་དང་ས་ཞིང་སོགས་སྲ་བརྟན་ཡོང་བར་སྐུ་ངལ་ཚད་མེད་བསྐྱོན་ཡོད། དེ་ནས་རིམ་བཞིན་གནས་བབ་ཡར་རྒྱས་དང་བསྟུན་ནས་འཛམ་གླིང་སྤྱི་འགྲོས་དང་མཐུན་པར་མང་གཙོའི་ཡང་དག་པའི་ལམ་ཆེན་སྟེང་གོམ་པ་སྤོ་འགོ་བཙུགས་ཡོད། དེ་ཡང་ཐོག་མར་༸མགོན་པོ་མཆོག་ནས་བོད་མི་འགའ་ཐད་ཀར་འོས་འདོམས་ཀྱིས་སྤྱི་འཐུས་ཚོགས་མི་དང་། མང་གཙོའི་རྩ་ཁྲིམས་གཏན་འབེབས་བྱས་པ་དེ་ནས་རིམ་བཞིན་ཉིས་སྟོང་ལོ་ནས་བཟུང་སྟེ་ཕྱེད་རྒས་ཡོལ་གྱི་ཚུལ་མི་མང་གིས་འོས་བསྡུ་ཡི་ལམ་ནས་འདེམས་པའི་བཀའ་བློན་ཁྲི་པར་ཆབ་སྲིད་ཀྱི་འགན་དབང་སྤྲད་པ་དང་། མཐར་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་སྟེ་མི་མང་གི་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་པའི་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་པ་ཚོར་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་རྫོགས་པ་གནང་ནས་རྒས་ཡོལ་ཆ་ཚང་ཞུས་པ་རེད། དེ་ཡང་མགོན་པོ་མཆོག་གིས་ང་ཚོའི་མགོ་ཁྲིད་གནང་མ་འདོད་པ་དང་སེམས་ཤུགས་ཆག་པ་རྩ་ནས་མིན་པར་གཙོ་བོ་དུས་ལ་བབས་པར་གཟིགས་ནས་རྒས་ཡོལ་ཞུས་པ་ཞིག་ཡིན། གལ་སྲིད་དཀའ་ངལ་ལ་སོགས་པ་འཕྲད་དུས་ཁོང་ནས་ནམ་ཡིན་ཡང་ལམ་སྟོན་དང་རོགས་འདེགས་གནང་ན་འགྲིག་གི་རེད་ཅེས་དངོས་སུ་གསུངས་ཡོད། ཡིན་ནའང་བར་ལམ་ནས་མི་བསམ་མེད་ཁ་ཤས་ཀྱིས་༸གོང་ས་མཆོག་གིས་བོད་གཞུང་བསྡུ་གསོག་རྒྱབ་སོང་བ་སོགས་ཁུངས་མེད་ཀྱི་དཀྲོག་གཏམ་བརྗོད་པ་དེ་དག་ལ་བློ་ཕམ་པའི་གང་ལ་ལ་དྭགས་དང་ཨོ་སི་ཊོ་ལི་ཡ་སོགས་སུ་བཀའ་སློབ་གནང་བ་དེའི་ཆ་ཙམ་ཞིག་བཀོད་ན”ང་ཆུང་དུས་ནས་བོད་དེ་བྱིས་པ་ཆུང་ཆུང་ཞིག་ལྟར་གཡས་སྐྱོར་གཡོན་སྐྱོར་གྱིས་ཡར་བསྐྱངས་པ་ཡིན། བྱས་ན་ད་ལྟ་ངས་བོད་གཞུང་དེ་མེད་པ་བཟོ་སྲིད་ཀྱི་རེད་དམ” ཞེས་པའི་བཀའ་སློབ་ཐུང་ངུ་དེ་ལས་༸མགོན་པོ་མཆོག་ང་ཚོ་བོད་མི་མང་ལ་ཇི་ཙམ་གྱི་བཀའ་དྲིན་ཆེན་པོ་ཡིན་པ་བརྗོད་ག་ལ་དགོས།

གསུམ་པ། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བསྐྱངས་པའི་བཀའ་དྲིན།

དེ་ཡང་༸གོང་ས་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ་ལས་ཁོང་ཆུང་དུས་ནས་འཕྲུལ་ཆས་དང་ཚན་རྩལ་གྱི་ཕྱོགས་ལ་དགའ་ཞེན་ཤིན་ཏུ་ཡོད་པ་དེ་བཀླགས་མྱོང་མཁན་ཚང་མས་ཤེས་གསལ་རེད། དེ་ལྟར་༸མགོན་པོ་མཆོག་བཙན་བྱོལ་དུ་སླེབས་པ་ནས་བཟུང་ཕྱིའི་ཡུལ་གྲུ་ཁག་ལ་འབྲེལ་འདྲིས་སོགས་མང་པོ་བྱུང་ཡོད། དམིགས་བསལ་གྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་མང་པོའི་དབུ་ཁྲིད་ཚོར་ངོ་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་ཤུགས་ཆེར་གནང་ཡོད། དེ་མ་ཟད་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་དང་བཟང་སྤྱོད་སོགས་ཀྱི་བརྗོད་གཞིའི་ཐོག་ངལ་བ་ཚད་མེད་ཀྱིས་དུས་ནས་དུས་སུ་རྒྱལ་ཁབ་དང་རྒྱལ་ཁབ། གླིང་ཕྲན་དང་གླིན་ཕྲན་བརྒྱུད་ནས་སྤྱི་ལ་ཕན་པའི་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་ཡོད། ད་དུང་ཁོར་ཡུག་སྲུང་སྐྱོབ་དང་། ཚན་རིག་དང་ནང་ཆོས་དབར་ཚོགས་འདུ་རབ་དང་རིམ་པ་མང་པོ་འཚོགས་ནས་ཚན་རིག་གི་བྱ་གཞག་ཐོག་ལ་རླབས་ཆེན་གྱི་གྲུབ་འབྲས་བཞག་ཡོད། དེ་ཡང་མདོར་བསྡུས་ནས་བཤད་ན་ཕྱི་ལོ་༡༩༧༩ལོའི་སྣོ་སྦེལ་ཞི་བདེའི་གཟེངས་རྟགས་དང་༢༠༡༡ལོའི་ཊེམ་པཱེལ་ཊོན་གཟེངས་རྟགས་སོགས་ཀྱིས་མགོན་པོ་མཆོག་ནི་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པ་དངོས་སུ་ར་སྤྲོད་བྱས་ཡོད།

མདུན་ཤོག

Menu