ྋགོང་ས་མཆོག་མཇལ་བའི་ཚོར་སྣང་།

ཀླུ་རྒྱལ་དོན་གྲུབ། སུ་ཇཱ་སློབ་གྲྭ།

ཡུན་རིང་སེམས་སུ་སྒོམ་པའི་ཤར་ཕྱོགས་ཀྱི་ཉི་མ། །
ད་ཆ་མི་ཡུལ་མཇལ་བའི་བསྐལ་པ་ཞིག་ཐོབ་པས།།
ཡོད་ཚད་བདེ་བར་བཞུགས་པ་ངམ་ངམ་ཤུགས་ཀྱིས་ཚོར་།།
གཏན་གྱི་བདེ་སྐྱིད་ཡིན་སོང་འཇིག་རྟེན་གྱི་མགོན་ལེགས།།

མི་ལོ་དུ་མའི་ཡར་སྔོན་དེར་ང་རང་ནོར་ནག་གི་ཁྲོད་ན་དགོ་དགོ་དབྱངས་ཀྱི་འགྱུར་ཁུག་ལ་འཐམ་ཞིང་ཚིག་བར་ན་སྐད་གསེང་མཐོན་པོས་གླུ་ལེན་པར་དགའ་བའི་བྱིས་པ་སྣང་བ་སྐྱིད་པོ་དེ་ཡིན། རྒྱུན་ཏུ་རྒན་རབས་པ་ཚོས་མ་ཎི་འཁོར་ཁང་སོགས་ནས་མགོན་ཁྱེད་ཉིད་ཨ་སྔོན་ན་གཟི་མདངས་རྣམ་པར་བཀྲ་ཞིང་འགྲོ་བ་མི་ཡོངས་ལ་བདེ་སྐྱིད་དང་བདེ་འཇགས་ཀྱི་དྲོད་ཁོལ་སྦྱིན་མཁན་གྱི་རྟ་བདུན་དབང་པོ་རེད་ཟེར་བ་ཐོས་དུས། ཁྱེད་ནི་མུན་པ་གསལ་པའི་སྒྲོན་མེ་དང་འགྲོ་ཀུན་བདེ་སྐྱིད་འཕེལ་བའི་རྩ་བ་ཉག་ཅིག་ཡིན་པར་སེམས། ཧ་ཅང་ཉམ་ཆུང་ཞིང་སྣང་བ་སྐྱིད་པའི་བུ་ཆུང་ངའི་སེམས་སུ་ཁྱེད་དང་མཇལ་འདོད་ཀྱིས་འདུན་པ་རྒྱ་མཚོའི་རླབས་བཞིན་དྲག་ཏུ་འཕྱོ་བར་བརྩམས། ང་རང་ལ་གཞོན་པའི་སེམས་ཆགས་ཤིང་སྟག་ཤར་གཞོན་ནུ་ཡི་ཉམས་སླེབས་པའི་དུས་འདིར་གློ་བུར་བའི་སེམས་ཚོར་ཞིག་གིས་ཁྱེད་དང་མཇལ་འདོད་བྱུང་།
ལེ་བར་སྟོང་ཕྲག་བརྒལ་བའི་རྗེས་ཀྱི་དུས་དེ་རིང་། ངས་ཡུན་རིང་ཞིག་ལ་སེམས་སུ་ཉར་ཞིང་དངོས་སུ་མཇལ་འདོད་ཀྱི་འདུན་པ་ཡོད་པའི་ཁྱེད་དང་མཇལ། གནམ་ངོ་གསལ་ལ་མི་གསལ་བའི་ཐོ་རེངས་ཀྱི་དུས་དེར་ང་རང་འཕགས་ཡུལ་གྱི་ཡ་གྱལ་གནས་མཆོག་དྷ་ས་རུ་འབྱོར། མགོན་ཁྱེད་སྐུ་བཞུགས་པས་ནམ་མཁའ་གཡའ་དག་ཅིང་ས་གཞིར་མཛེས་སྡུག་ལྡན། མི་མང་དགའ་བཞིན་གནས། ངའི་ཁྲ་རིལ་གྱི་མིག་ཟུང་གིས་ཁྱེད་སྐུ་གསལ་མཇལ་བྱུང་མ་ཐག་དགའ་སྐྱོ་ཟུང་གི་ཚོར་བ་རྗེན་པ་ཞིག་གིས་ངའི་དབུགས་བཀག་ཅིང་མིག་ཆུའི་ཐིགས་པ་མུ་ཏིག་ཕྲེང་ཐག་ཆད་པ་ལྟར་ས་གཞིར་འཐོར། དེ་མ་ཐག་ངའི་རང་ཉིད་ཀྱི་ལག་པས་རང་སེམས་མནན་ཏེ་ལག་པའི་ཐལ་མོ་སྦྱར་ནས་ཁྱེད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བཏབ་པ་ཡིན། བདག་གི་ཉིན་མཚན་དུས་དྲུག་གི་རྨི་ལམ་འདི་ལྟར་མངོན་སུམ་བྱུང་སོང་། ངའི་ཉམས་ཆུང་གི་མི་ཚེའི་ནང་དུའང་ཆེས་བལྟ་བའི་ཆོག་མི་མངོན་པའི་ཉི་མ་ཞིག་ཤར་བྱུང་བས། ང་ནམ་ཡང་ཁྱེད་ཀྱི་མདུན་ནས་འཚོ་ཞིང་ཁྱེད་ཀྱི་གཟི་དཔལ་ལ་རོལ་ན་འདོད། ངས་ནམ་ཡང་ཁྱེད་སེམས་སུ་སྒོམ་ནས་མགོན་ཏུ་བཀུར་ན་འདོད། ཁྱེད་དང་མཇལ་བའི་སེམས་ཚོར་དེ་འཇིག་རྟེན་གྱི་ཡོད་ཚད་ཀྱིས་མཚོན་པར་མི་ནུས་ལ། རང་བྱུང་གི་འཇིག་པ་ཅི་ལྟ་བུ་ཞིག་གིས་ཀྱང་འཇིག་ཐབས་ཡེ་ནས་མེད། ངས་ནམ་ཡང་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་འདི་རྡོ་བརྐོས་རི་མོ་བཞིན་ཏུ་སེམས་པའི་ཨ་ལུང་དུ་ཉར་ན་འདོད། མི་ལོ་གང་ཙམ་འདས་ཀྱང་ངས་སྐྱབས་མགོན་ཁྱེད་ལ་བཅིངས་པའི་དད་པ་དང་ཡིད་ཆེས་ནམ་ཡང་བརྗེད་མེད་ལ།་ཁྱེད་རང་མཇལ་བའི་ཉི་མ་དང་པོ་བཞིན་ངས་ཡོད་ཚད་དྭངས་གཙང་གི་ཆུ་ཤེལ་ལྟར་མི་ཚེ་ཡི་ཡངས་རྩེར་སོན་རྒྱུ་ཡིན། ཁྱེད་དང་མཇལ་བ་ངའི་མི་ཚེ་ཡི་ལེགས་འགྲུབ་ཆེ་ཤོས་དེ་ཡིན་སོང་པས། ཁྱེད་ནི་ངའི་འཇིག་པ་མེད་པའི་ཉི་མ་དང་ཉམས་པ་མེད་པའི་རྟག་བརྟེན་གྱི་བྲག་རི་ཡིན་ལགས།
དེ་ལས་ཀྱང་དགའ་འོས་པ་ཞིག་ནི། ཆ་འཕྲིན་ཤེས་བྱའི་དར་ཁྱབ་ཆེ་བའི་དུས་རབས་ཉེར་གཅིག་འདི་དང་བོད་ཁ་བའི་ལས་དབང་འ་ཆད་འུ་ཐུག་གི་སྐབས་འདིར་ཁྱེད་དང་འཕྲད་པས་སེམས་པ་རབ་ཏུ་དགའ། སྐྱབས་མགོན་ཁྱེད་དང་མཇལ་པས་ཁ་བའི་ལྗོངས་སུ་འགྲན་ཟླ་བྲལ་པའི་རེ་བ་ཞིག་ཡོད་པ་མཐོང་། ཁྱེད་ཡོད་པས་ང་ལ་ཕ་ཡུལ་ཡོད་བཞིན་ཕ་སྐད་ཡོད་པ་ཤེས། མ་ཟད་འཛམ་གླིང་ལ་གཤོག་པ་ཐོགས་ཤིང་ང་ཚོའི་འཚོ་བར་བདེ་སྐྱིད་ལྡན་པར་བྱས། གང་ལྟར་ཀྱང་ཁྱེད་ནི་འགྲེལ་ཚིག་མི་མངོན་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་རྟོགས། དེ་བས་ངས་ཁྱེད་གཏན་ནས་གཏན་དུ་བདག་གི་མགོན་ཏུ་བཞུགས་ཏེ། མི་ཐོག་ནས་མི་ཐོག་བར་སྐུ་ཚེ་བརྟན་པའི་ལྷ་ཕྱག་ལན་གསུམ་འཚལ།

ྋགོང་ས་མཆོག་མཇལ་བའི་ཚོར་སྣང་།

བུ་ཡག སུ་ཇཱ་བོད་ཁྱིམ།

ང་རང་བསིལ་ལྡན་གྱི་ཡུལ་གྲུ་འདིར་སྐྱེས་ཤིང་འཚར་བ་ནས་ཚིག་ཕར་བཤད་བརྡ་འཕྲོད་ཅིང་གཏམ་ཚུར་ཉན་དོན་གོ་ཞིང་། བསམ་གཞིགས་ཀྱི་སྣེ་མོ་ནང་དུ་བཀུག་ནས་འཛུབ་མོ་གར་སྟོན་ཤར་དུ་འཛིན་པའི་བླུན་པོའི་རྣམ་ཐར་སྐྱོང་ཚུལ་སྤངས་པའི་དེ་རིང་གི་བར་དུ། ངའི་ཁྲ་ཆུང་མིག་གིས་འཇིག་རྟེན་གྱི་བདེ་སྡུག་མཐོང་ལ་ཡ་ཁོག་སེམས་ནས་བདེ་སྡུག་གི་སྣེ་མོར་འཐམ་བཞིན་མངར་ལ་སྐྱུར་བའི་ཚོར་སྣང་མག་མོག་ལུས་སེམས་གཉིས་ཀྱི་བར་ན་རོལ་ཅིང་མཆིས། དེ་ཡང་“ཚོར་སྣང་”ཞེས་པའི་ཚིག་གི་ཐ་སྙད་སྐམ་པོ་འདི་གཉིས་ཀྱི་དོན་ཅི་འདྲ་རླབས་ཆེན་ཞིག་རེད་ཨང་། མི་སེམས་གཡོ་འགུལ་བཏང་མཁན་གྱི་སོ་སྐྱེ་དག་གི་ཁ་ལོ་བ་ཞིག་གི་ཚོར་སྣང་ཡོད་པས་ཕྱིར་མི་ཞིག་སྒྱེལ་བ་ལས་ཕྱིར་བསླངས་ལ། ལངས་པ་ལས་ཀྱང་ཕྱིར་སྒྱེལ་ཐུབ་པའི་ནུས་པ་ལྡན་པས་ངོ་མ་ཚོར་སྣང་ལ་ཡིད་སྨོན་ཤོར་བའི་ཆ་ཡོད་ལ། སྨོན་པ་བྱས་པའི་ཆ་ཀྱང་དེ་དེ་བཞིན་ཡོད།
འོ་་་་ ང་དང་རྒྱང་ཐག་དེ་ཙམ་མི་རིང་བའི་ཉེ་སྔོན་གྱི་གནས་ཚུལ་གྱི་ཚོར་སྣང་ཞིག་བློ་ངོར་འཆར་བྱུང་། སྐབས་ཤིག་ང་རང་དྷ་རམ་ས་ལ་འགྲོ་རྒྱུའི་གོ་སྐབས་ཤིག་བྱུང་ལ་དེའང་རྟེན་འབྲེལ་བཟང་བའི་སྒང་ལ༸གོང་ས་མཆོག་མཇལ་བའི་གོ་སྐབས་ཤིག་ཀྱང་ཐོབ་བྱུང། དེར་བརྟེན་ང་རང་གཞུང་ལམ་བརྒྱུད་༸གོང་ས་མཆོག་གི་བཞུགས་གནས་ཡིན་པ་ད་ལྟ་གཙུག་ལག་ཁང་དུ་འབོད་བཞིན་པའི་ཉེ་བའི་རི་གྲོང་དུ་འབྱོར་བ་ན། ངོ་མ་ངའི་མིག་དབང་གི་ལོངས་སྤྱོད་དུའང་ཤོང་དཀའ་ཞིང་། གདོན་བགེགས་ཀྱི་སྒྱུ་མའི་འཕྲུལ་དུ་བརྫུས་བ་མ་ཡིན་ནམ་སྙམ་པའི་འཕྱང་མོ་ཉུག ང་རང་ནི་རྡོ་སྣུམ་གྱི་བཟོས་པའི་གཞུང་ལམ་ཡངས་མོའི་བར་ན་ཡོད་ལ་ངའི་མདུན་ངོས་ན་ཡོད་པ་ནི་མང་ཚོགས་ཁྲི་སྟོང་འགའ་ཡིས་ལམ་གྱི་གཡས་ཟུར་གཡོན་ཟུར་ན་གྲལ་བསྟར་བསྒྲིགས་ནས་ཡར་ལ་ལངས་ཤིང་། ལག་པ་གཡས་གཡོན་དག་ན་དྲི་ཞིམ་བདུག་སྤོས་དང་དཀར་ལ་གཙང་བའི་ཁ་བཏགས་དཀར་པོ་འཕྱར་བཞིན་འཇིག་རྟེན་མིག་འབྱེད་དུ་འབོད་བཞིན་པའི་རང་ཅག་གདོང་དམར་བའི་རྩ་བའི་བླ་མ་ཕེབས་སྒུག་བྱེད་བཞིན་མཆིས། དེའི་ཁྲོད་ན་མི་རིགས་ལ་མཚོན་ན་བོད་མི་གཙོ་བྱས་པའི་རྒྱ་གར་བ། ཕྱི་གླིང་ནུབ་ཕྱོགས་པ་སོགས་ནས་ཆོས་དོན་གཉེར་གྱིས་ཁོང་ཞལ་མཇལ་ཕེབས་མཁན་ཤ་སྟག་འདུག་པས་ཁོང་ཚོས་ཕེབས་སྒུག་བྱས་པའི་སྣང་ཚུལ་རེ་རེའི་ངའི་མིག་ལམ་ན་ཤར་དུས་ངའི་ལུས་སེམས་ཡོངས་སུ་གློག་འཁྱུག་པ་བཞིན་དྲོལ་ཁོལ་རྒྱས་བཞིན་ངག་སྒོ་ཡང་ཆད་པ་ལྟར་སྨྲ་མི་ཤེས་པའི་སེམས་ཚོར་ཆེན་པོ་བྱུང་ལ་དེའི་མོད་ལ་འདི་ལྟར་སྙམ་བྱུང་།
ང་རང་མིའི་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་བོད་པ་གཙང་མ་ཞིག་དང་སྒོས་སུ་ཁོང་གི་བྱིན་རླབས་ཞུ་བཞིན་མ་འོངས་བོད་ཀྱི་སོན་རྩ་འབོད་བཞིན་པའི་བོད་པའི་སློབ་ཕྲུག་ཞིག་ཀྱང་ཡིན། ང་རང་ཉིད་ཀྱི་གུས་ལུགས་ཀྱི་ཚུལ་དང་རྒྱུན་གཏན་གྱི་བྱ་སྤྱོད་དག་ལ་བསམ་བཞིན་སྐྱོ་བ་ཚད་མེད་བྱུང་། དེ་ལྟར་དུས་ཚིགས་ཀྱི་སྐར་ཆ་ནི་སྐད་ཅིག་རེད་ལ་དུས་ཡུན་ཐུང་ངུ་ཞིག་གི་རྗེས་སུ་འདིར་འཛོམས་པའི་མང་ཚོགས་ཐམས་ཅད་མ་གྲོས་བསམ་པ་གཅིག་མཐུན་གྱི་མགོ་བོ་ནང་དུ་བཀུག་བཞིན་ལག་ན་ཡོད་པའི་སྤོས་དང་ཁ་བཏགས་ལྷན་དུ་ལག་གཉིས་ཐལ་མོ་སྦྱོར་བཞིན་བྲང་ཁར་བཞག་ཙ་ན་མོ་ཊ་གྲལ་སྟར་སྒྲིག་བཞིན་གཞུང་ལམ་ཡངས་མོ་ན་དལ་བ་དལ་བུས་ཕེབས་བཞིན་མི་མང་གི་མདུན་དུ་འབྱོར་བ་ན་མོ་ཊ་རྣམས་རིམ་བཞིན་བཀག་སོང་ལ་དེའི་ཁྲོད་ན་ང་ཚོའི་ཕེབས་སྒུག་ཞུ་བཞིན་པའི་ཁོག་པའི་སྙིང་དང་ཡ་ཐོད་ཀྱི་མིག་འབྲས་ལྟར་འཛིན་པའི་༸གོང་ས་མཆོག་མོ་ཊ་ནས་ཕྱིར་མངོན་བྱུང་། ཁོང་གི་ཞལ་ཡོངས་སུ་འཛུམ་མདངས་ཀྱི་ཁེངས་འདུག་ལ་ན་བཟའ་དང་ཕྱག་གི་ཕྱག་བརྒྱ་སོགས་ལ་བལྟས་ན་སྤྱན་རས་གཟིགས་མི་ཡུལ་གྱི་ཞིང་ཁམས་ན་འགྲོ་བའི་དོན་དུ་ཕེབས་པ་དང་ཨ་ན་མ་ན་རེད།
དེ་ལྟར་ཁོང་གི་མདུན་དུ་བསྐྱོད་བཞིན་གཡས་གཡོན་ན་ཡོད་པའི་མང་ཚོགས་རྣམས་ལ་ཕྱག་བརྐྱང་བཞིན་འཛུམ་མདངས་ཀྱིས་བསུ་བས་བོད་པ་གཙོ་བྱས་པའི་ཕྱི་གླིང་ནུབ་ཕྱོགས་པ་ཐམས་ཅད་ཀྱིས་མགོ་བོ་སྒུར་ཞིང་ཁ་ལྕེ་མནར་བཞིན་ཁོང་ལ་མཇལ་ཁ་ཞུས། ང་རང་དེའི་ཁྲོད་ནས་ལས་ངན་ནང་གི་ལས་ཅན་ཞིག་ཡིན་པས་ཁོང་མཇལ་རྒྱུའི་གོ་སྐབས་བླ་མེད་ཅིག་ཐོབ་བྱུང་བས་ངས་མགོ་བོ་སྒུར་བཞིན་ཁོང་ལ་མཇལ་ཁ་ཞུས་པ་ཡིན་ལ། དེ་ནས་ངས་མགོ་བོ་མང་ཚོགས་ཀྱི་ཁྲོད་ནས་བསྲིངས་ཙ་ན་མང་ཚོགས་ཀྱི་ཁྲོད་ན་མཇལ་ཁ་ཞུ་མི་རྒན་དར་གཞོན་གསུམ་འདུག ལོ་ན་བགྲེས་པའི་རྒན་རབས་པ་རེ་འགའ་ནི་པུས་མོའི་ལྷ་ང་ས་ལ་གཙུགས་ལ་ཁད་བཞིན་མིག་ན་དད་པའི་མཆི་མ་གཡོ་བཞིན་ཞལ་ནས་”སྐྱབས་སུ་མཆིས”ཞེས་སྨོན་ཚིག་ཡང་ཡང་ཟློས་བཞིན་མཇལ་ཁ་ཞུས།
ང་རང་གི་བློ་ངོར་ང་ནི་ཁོང་རྣམས་ལས་ལོ་ལྡབ་འགྱུར་གྱི་ཆུང་ཡང་ཁོ་ཚོ་བཞིན་རང་རྒྱུད་ལ་གུས་ལུགས་འདི་ལྟར་མེད་ཚུལ་ཤེས་བཞིན་ངའི་གློ་སྙིང་མཚམས་ན་བོད་ཀྱི་རྒན་རབས་པ་རྣམས་ལ་དད་པ་དང་དམ་ཚིག་ལ་ཡིད་སྨོན་སྐྱེས་བའི་མོད་ལ་ངའི་སེམས་ཀྱི་གཏིང་དང་གློ་རྒྱུའི་བར་ན་བསུབ་ཏུ་མེད་པའི་ཚོར་སྣང་གཏིང་ཟབ་པའོ། །

ྋགོང་ས་མཆོག་མཇལ་བའི་ཚོར་སྣང་།

བློ་གྲོས་རབ་འཕེལ། རཱ་ཇ་པུར་སློབ་གྲྭ།

ཨེ་མ་་་་ཤེས་བྱའི་བང་མཛོད་ཐབས་ལ་མཁས་པའི་བརྗོད་བྱ་“༸གོང་ས་མཆོག་མཇལ་བའི་ཚོར་སྣང་”ཞེས་པ་འདི་ལ་མི་ཡུལ་གྱི་འཁྱམས་ཕྲུག་ངས་ཡིག་འབྲུ་ཡི་མཆོད་པ་དང་ལྷན་དུ་གུས་ཕྱག་ཞིག་འབུལ་རྒྱུ་བྱུང་བ་དགའ་བ་ཆེ། མ་ཟད་དེ་རིང་གི་གླེང་ཡུལ་ནི་རྒྱ་མཚོ་ཡི་མུ་ཏིག་ཞིག་རང་ཅག་ལ་ཐོབ་པའི་ལྷད་མེད་བརྗོད་བྱ་ཞིག་རེད་འདུག
སྤྱིར་གོ་ལ་ཟླུམ་པོའི་ནང་དུ་ཆགས་པའི་སྐྱེ་དངོས་ཐམས་ཅད་རང་ཉིད་ལ་ཁྱད་ཆོས་སྣ་ཚོགས་ཡོད་པ་འདི་བརྗོད་མ་དགོས་བ་ཞིག་ཀྱང་རེད། དེ་དག་རང་ཅག་རྣམས་ལ་མཇལ་བའམ་ཐུག་པ་ཡིན་ན་རང་ཉིད་ལ་ཚོར་སྣང་མི་འདྲ་བ་ཞིག་སླེབས་ཀྱི་ཡོད་པ་ངེས་ཅན་ཞིག་རེད། དེ་བཞིན་མཐོ་སྒང་གི་འཁྱམས་ཕྲུག་ང་ལ་ཕྱི་ལོ་༢༠༠༥ ལོར་ས་སྟེང་ཡོངས་ཀྱི་ཞི་བདེ་དད་དཔོན་མཆོག་མཇལ་བ་ཐོག་མ་ཡིན། སྐབས་དེའི་དུས་གུས་པ་ལོ་ན་བདུན་ལ་ཉེ་བའི་བསམ་མེད་ཀྱི་བྱིས་པ་ཞིག་ཡིན། ཡིན་ནའང་སྐབས་དེའི་དུས་ཁོང་མཇལ་བའི་གཏམ་བཟང་ཐོས་པ་ཙམ་གྱི་ངའི་ལྷན་དུ་ཡོད་པའི་སྐྱེ་བོ་མང་པོར་དགའ་སྤྲོ་འཕེལ་བའི་ཚོར་སྣང་དེ་དྲན་སོས་ཀྱི་འདུག ཁོང་དངོས་སུ་མཇལ་སྐབས་ངའི་མཉམ་དུ་ཡོད་པའི་གསར་འབྱོར་མང་པོས་དགའ་ངུའི་ལམ་ནས་མཇལ་གྱི་འདུག བསམ་མེད་ང་ཡང་ཁོང་གི་ཞལ་རས་མཇལ་བ་ཙམ་གྱི་དགའ་སྤྲོའི་གཟུགས་སྟོད་ཡོངས་རྫོགས་ཁེངས་བ་ལྟ་བུ་ཚོར་བྱུང་། ད་དུང་ཁོང་གིས་མུན་ནག་ཁྲོད་སྒྲོན་མེ་དཀའ་སློབ་གནང་དུས་གུས་པ་གད་མོ་ཤོར་ནས་མཁལ་མ་ལ་ན་ཟུག་མ་བཏང་བར་དུ་བགད་ཡིན། འོན་ཀྱང་། ཁོག་གི་ལམ་སྟོན་བཀའ་སློབ་གནང་དུས་ང་ལས་ལོ་ན་ཆེ་བའི་སྤུན་གྲོགས་མང་པོ་ཞིག་ལག་གཉིས་མགོ་བོའི་སྟེང་དུ་ཁྱེར་ནས་གསོལ་འདེབས་ཞུས་པ་དྲན་གྱི་འདུག དེ་དུས་ཁོང་བླ་མ་ཞིག་ཡིན་པ་གཅིག་པུ་ཚོར་གྱི་འདུག ད་དུང་ངས་ཁོང་གད་མོ་ལ་དགའ་བའི་བླ་མ་ཞིག་རེད་འདུག་དྲན་བྱུང་། མཉམ་དུ་ངས་ལག་གཉིས་མགོ་ལ་བཞག་པ་དང་གུས་པའི་སེམས་ལ་དགའ་བ་ཆེན་པོ་ཞིག་དང་འཛམ་གླིང་སྤྱི་ལ་ཞི་བདེ་སྐྲུན་མཁན་གྱི་རྒྱལ་པོ་ཞིག་ཡིན་པ་དད་གུས་གཡོ་མེད་ཞུས་པ་ཡིན། ཁོང་གི་གསུང་བདག་གིས་ཐོས་པ་དང་བྱམས་པ་དང་སྙིང་རྗེ་ཟེར་བ་འདི་མི་ཚེ་ཡི་སྒྲོན་མེ་ཡིན་པ་ཚོར་སྣང་ཆེན་པོ་ཞིག་སླེབས་བྱུང་།
ཁོང་མཇལ་དུས་མི་མང་པོ་བཞད་མོ་ཤོར་བ་མཐོང་བྱུང་གང་ཡིན་ཟེར་ན། ཁོང་གི་འཛུམ་མདངས་རེ་རེས་ཀུན་ལ་བདེ་བ་རེ་རེ་བསྐྲུན་ཐུབ་ཀྱི་ཡོད་པའི་རྟགས་མཚན་རེད་དྲན་གྱི་འདུག

མདུན་ཤོག

Menu