ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ།

ངག་དབང་དར་རྒྱས། གོ་པལ་པུར་བོད་ཁྱིམ།

སྟོན་ལོ་སེར་པོ་རྣམས་ནི་མཁའ་དབྱིངས་ནས་ལྷུང་བའི་བྱ་རྒོད་ཀྱི་གཤོག་སྒྲོ་བཞིན། ལྷབ་ལྷབ་དུ་གཡོ་བ་དང་འགྲོགས་ནས་ས་ཐོག་ཏུ་ལྷུང་བ་ན། ལྗོན་ཤིང་གི་མཛེས་སྡུག་ལས་མཆེད་པའི་ལྗངས་མདོག་གི་རྣམ་པ་གསར་བ་དེ་ཡང་རེ་ཞིག་འཇའ་ཡལ་གྱི་སྣང་ཚུལ་ཙམ་གྱིས་ཡོད་ཚད་མེད་པར་གྱུར་མོད། ཤུལ་དུ་ལུས་བའི་སྡོང་རྒན་དག་གི་ལུས་ལ་ཐལ་བའི་རྒྱན་གོས་ཡིས་བཀླུབས་པ་དང་ཁྱད་ཅི། སྟོན་ཟླ་ར་བའི་དུས་ཚིགས་ཀྱང་ཚད་འདིར་སླེབས་པ་ན་དགུན་ཟླ་ར་བའི་འགོ་བོ་ཚུགས་བྱུང་།
མདང་ནུབ་ཀྱི་སྤྲིན་རིམ་ལས་བཞུར་བའི་ཁ་བའི་འདབ་མ་དག་གིས། རྒྱུས་མངའ་བའི་རི་གྲོང་གི་ཁང་ཁྱིམ་ཡོད་ཚད་ལ། མཛེས་སྡུག་དང་གྲང་རེག་གི་རླུང་བུའི་ཤུལ་དུ། གོས་དཀར་གྱི་ཡོངས་སུ་བཏུམས་པའི་སྡེ་གྲོང་ཞིག་མངོན་བྱུང་།
དེ་རིང་ནི་སྤྱི་ཟླ་༡༢ ཚེས་༡༠ ཡིན་ཞིང་། ང་ཚོའི་གྲོང་སྡེ་རྣམ་པ་གསར་བའི་འཕོ་འགྱུར་ཆེན་པོ་ཞིག་མངོན་པ་ནི། གྲོང་ཚོའི་བུ་མོ་རྣམས་ཀྱི་ལུས་ལ་བོད་ཆས་གཙང་གསར་རེ་གྱོན་ཞིང་། དགོད་སྒྲ་དང་ཀུ་རེ་བྱེད་བཞིན་པའི་སྟག་ཤར་རྣམས་ཀྱིས་ཀྱང་དགའ་སྣང་དང་སྤྲོ་སེམས་ཀྱིས་ཡོངས་སུ་ཁེངས་པའི་ངང་ ‘༸སྐྱབས་མགོན་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག’ ‘འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་བསྐྲུན་པའི་དེད་དཔོན་མཆོག’ སོགས་ཀྱི་སྐད་འབོད་སྣ་ཚོགས་བྱས། ང་ནི་རེ་ཞིག་རྡོ་ཕོགས་པའི་བྱེའུ་ཇི་བཞིན། ཁོང་ཚོའི་ངོ་མཚར་གྱི་སྐད་འབོད་དང་རྒྱས་སྤྲོས་དགོད་འཛུམ་སོགས་ལ་མགོ་བོ་གཡེང་། ས་རུབ་པ་ན་ཕག་རིའི་ཉི་ཟེར་གྱི་འོད་སྟོང་ཡང་ལ་ཁའི་རྒྱབ་ཏུ་ཡལ་ཞིང་ས་གཞི་ཆེན་མོའི་སྐྱེ་དངོས་མཐའ་དག་ཁ་ཁུ་སིམ་ཞིང་དལ་ཅག་གེར་ལུས། ས་འཛིན་གྱི་ཕྲེང་བའི་རི་བོ་རྣམས་ནི། རྒྱལ་མཚམས་དམ་པོར་སྲུང་བའི་ཡུལ་དམག་གི་དམག་སྤྱི་བཞིན་གཏུམ་དྲག་ཆེན་པོའི་ངང་སྲུང་བ་དང་ཁྱད་ཅི།
དགོང་མོ་དེར། ངེད་ཚང་གི་བཟའ་མི་ཡོངས་ཁང་སྟེང་དུ་སོང་སྟེ། སྔོ་དྲགས་ཀྱིས་རྒྱན་པའི་ཨ་མའི་ལག་ཟུང་གིས་དཀར་ཡོལ་འབྲུག་རིས་མ་མཐོ་བོར་འདེགས་བཞིན་དེ་རིང་ནི་འཛམ་གླིང་སྤྱི་དང་ལྷག་དོན་བོད་མི་ཚང་མའི་སྲུང་བརྩི་ཞུ་བཞིན་པའི་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་ཡིན་ཚུལ་དང་། རང་རྒྱལ་ཁབ་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་སྐྱབས་མགོན་མཆོག་ལ་གཟེངས་རྟགས་ཐོབ་ཚུལ་ཀྱང་ལྷུག་པོར་བརྗོད་ཞིང་། ཁོ་མོའི་གྲོང་ཚོར་ཕྱོགས་པའི་འདྲེན་བྱེད་ལས་ད་གཟོད་དུས་སྐབས་འདི་ནི་ཅི་འདྲིའི་རིན་ཐང་ཆེ་བ་དང་དགའ་འོས་པ་ཞིག་ཏུ་སྣང་བ་གསལ་ཞིང་། དེ་བས་ཁོ་མོའི་དཀར་ཡོལ་སྙིམ་པར་འདེགས་བཞིན་གསོལ་བ་རྩེ་གཅིག་གིས། ༸སྐྱབས་མགོན་མཆོག་སྐུ་ཚེ་ཡུན་རིང་གནས་བའི་གསོལ་བ་བཏབ། མཁའ་དབྱིངས་སུ་གསལ་བའི་ཟླ་འོད་དཀར་ཡོལ་ངོས་སུ་འཕྲོས་སྟབས། དེ་ལས་འཚེར་བའི་ཟླ་ཟེར་ཨ་མའི་འདྲེན་བྱེད་དུ་མངོན་པ་དང་། ཞལ་ལས་སྤྲོ་སེམས་ཟབ་མོ་ཞིག་འཕྱུར་བཞིན། ཧ་ཅང་འདོད་བློ་ཁེངས་བའི་ཚུལ་གྱིས་གྲོང་ཚོར་ཕྱོགས་ནས། ལག་པའི་མཛུབ་མོས་མཆོད་ཆང་ལན་གསུམ་བྱས་མཐར་གསུམ་སྒྲོན་མཉེས་དག་ཞིག་བྱས།
དུས་དེ་ནས་ད་ལྟ་བར་དུ། ཁོང་གིས་སུ་ལས་ཀྱང་འགྲན་ཟླ་བྲལ་བའི་གཞན་ཕན་ལྷག་བསམ་དང་། བྱང་ཆུབ་ཀྱི་སེམས་ལས་མཆེད་པའི་སྙིང་རྗེ་ཡིས་འགྲོ་དྲུག་ཀུན་ལ་ཞི་བདེའི་ལམ་བུ་བསྐྲུན་པ་ནས་བཟུང་། དུས་འདི་དང་འདི་འདྲའི་དུས་སྐབས་ལ་ཁོང་ཉིད་ལ་གཟེངས་སུ་ཐོན་པའི་གཟེངས་རྟགས་ཐོབ་ཞིང་། ཡོངས་གྲགས་ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་ཡིན་པ་སུས་ཀྱང་བརྗེད་མི་ཉན་ལ་དེ་བས་ཀྱང་བརྗེད་ག་ལ་རུང་། འདི་ནི་རང་རྒྱལ་གྱི་གཟི་བརྗིད་དང་། གཞན་རྒྱལ་གྱི་བརྩི་བཀུར་ཡང་ཡིན།

ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ།

སངས་རྒྱས་ཚེ་རིང་། རང་ཝང་ལ།

༸གོང་ས་ཏཱ་ལའི་བླ་མ་ནི་བོད་མི་ཡོངས་དང་ལྷག་པར་དུ་འཇིག་རྟེན་སྐྱེ་འགྲོ་ཚང་མའི་བརྩི་བཀུར་གྱི་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས་ཁོང་ལ་ཕྱི་ལོ་༡༩༨༩ ཟླ་༡༢ པའི་ཚེས་༡༠ ཉིན་འཛམ་གླིང་ཡོངས་ཀྱི་ཡིད་དབང་འཕྲོག་པའི་གཟེངས་རྟགས་དང་རིན་ཆེན་འཛིན་མའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འདི་ཕུལ་ཙང་བོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ལ་ཞི་བདེ་གཟེངས་རྟགས་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གི་ཡོད། ཞི་བདེ་གཟེངས་རྟགས་ཀྱི་ཉིན་མོའི་སྐོར་ལ་དུམ་མཚམས་གསུམ་ཐོག་ཏུ་དབྱེ་ནས་འགྲེལ་བརྗོད་བྱ་རྒྱུ་ཡིན།

གཅིག ཞི་བདེ་གཟེངས་རྟགས་ཀྱི་རིན་ཐང་དང་བྱུང་ཚུལ།

ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་ཚིག་འདིའི་ནང་གི་ནོ་སྦེལ་ཞེས་པའི་ཡི་གེ་འདི་གང་ཡིན་ཞེ་ན། སྔར་དུས་རབས་སྔོན་མའི་སྐབས་སུ་ཚན་རིག་དང་ལྷག་པར་དུ་རྫས་སྦྱོར་རིག་པའི་ཐོག་ནས་མཁས་པ་ཨལ་ཕེ་ཊ་ནོ་སྦེལ་ཞེས་པའི་ཚན་རིག་པ་སྐད་གྲགས་ཅན་ཞིག་ཡོད་པ་དེའི་མིང་ཡིན། ཁོང་གི་ལྟ་བ་དང་དམིགས་ཡུལ་གཙོ་བོ་ནི་རྫས་སྦྱོར་རིག་པའི་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན་པ་མ་གཏོགས་བྱ་བ་ངན་པ་བྱེད་པའི་ལྟ་བ་འཁྱེར་མེད།། ཁོང་གིས་བསམ་པར་འབར་རྫས་ཞིག་བཟོས་ན་གནོད་པ་ཆེན་པོ་ཡོང་གི་མ་རེད་བསམ་ཡོད། འོན་ཀྱང་ཉིན་ཞིག་ཁོང་གིས་འབར་རྫས་བཟོས་ཟིན་རྗེས་ཚོད་ཞིབ་ཀྱི་ཆེད་དུ་བྲག་རི་ཞིག་གི་སྟེང་དུ་བཞག་པས་ཐོག་ནས་བྲག་ཡོངས་རྫོགས་ཞིབ་ཞིབ་ཐལ་བ་ལྟར་ཆགས་པ་རེད། དེ་ནས་བཟུང་མི་གཞན་གྱིས་བེད་སྤྱོད་ལོག་ཏུ་བཏང་པ་དང་། དེ་རྗེས་རྒྱལ་ཁབ་གཉིས་ཕན་ཚུན་དམག་འཁྲུག་རྒྱག་སྐབས་འབར་རྫས་གཡུག་རེས་བྱས་པ་སོགས་མཐོང་ནས་བློ་འགྱོད་ཆེན་པོ་སྐྱེས་པ་རེད། དེ་རྐྱེན་གྱིས་ཁོང་མ་འདས་པའི་སྔོན་ནས་བསགས་པའི་དངུལ་རྣམས་ཞི་བདེ་གཟེངས་རྟགས་ཀྱི་ཐོག་ཏུ་བྱིན་ནས་ལོ་རྟག་པར་ཚན་རིག་པ་དང་། མི་མང་ལ་ཞི་བདེ་དང་བདེ་དོན་སྒྲུབ་མཁན་སྙན་གྲགས་ཅན་གྱི་སྐྱེ་བོ་རྣམས་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འདི་ཕུལ་གྱི་ཡོད།

གཉིས་པ། ཞི་བདེ་བསྐྲུན་ཚུལ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཡོངས་ཀྱི་མིག་དཔེ་བལྟ་ས་དང་གུས་བཀུར་བྱེད་པའི་གང་ཟག་མཁས་པ་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ནི་ཉིན་མཚན་ཀུན་ཏུ་འཛམ་གླིང་ཡོངས་ལ་བདེ་སྐྱིད་དང་སློབ་གསོ་བཟང་པོ་ཞིག་བསྐྲུན་གྱི་ཡོད། ཁོང་གི་ཀུན་སྤྱོད་དང་ལྟ་བ་འཛིན་སྟངས། བསམ་བློ་གཏོང་སྟངས་། གུས་བཀུར་བྱེད་སྟངས་སོགས་ལ་གང་ཟག་ཡོངས་ཀྱིས་ཡིད་དབང་འཕྲོག་གི་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་རྫིག་པོ་བྱས་ནས་མ་ཕེབས་པར་ལག་པའི་ཐལ་མོར་གཉིས་སྦྱར་བའི་ཐོག་ནས་ཕེབས་ཀྱི་ཡོད། དཔེར་ན། སྡུལ་བསྔལ་དྲག་པོའི་ནང་ལྷུང་བའི་མི་ཞིག་གིས་༸གོང་ས་མཆོག་གི་བཀའ་སློབ་ཉན་པ་ན། རང་བཞིན་གྱི་བློ་འགྱོད་སྐྱེས་པ་དང་རང་ཉིད་རྒྱུན་དུ་སེམས་སྐྱིད་པོ་སྡོད་ཀྱི་ཡོད། རྒྱུན་གཏན་དུ་སྐྱེ་འགྲོ་ཡོངས་ལ་སྙིང་རྗེ་དང་བྱམས་པ་བརྩེ་སེམས་སོགས་བྱེད་དགོས་པ་མ་ཟད། ཁོང་ཁྲོ་དང་། ངག་འཆལ། དེ་བཞིན་མི་གཞན་ལ་འཁོན་འཛིན་སོགས་བྱས་མི་རུང་སྙམ་པའི་ཐོག་ནས་རང་བཞིན་གྱི་མི་དེའི་སེམས་ཞི་བདེར་འགྱུར་གྱི་ཡོད། ཁོང་གི་བཀའ་ཚང་མའི་ནང་དུ་རྒྱུན་གཏན་དུ་བཟང་པོའི་སྤྱོད་པ་འདི་འཁྱེར་དགོས་པ་གསུང་གི་ཡོད།

གསུམ་པ། ཞི་བདེ་ངོས་འཛིན་བྱེད་སྟངས།

ཁོང་ནི་དུས་རབས་བཅུ་དགུ་ཡི་སྔོན་ལ་གངས་ཅན་བོད་ཀྱི་སྐྱབས་གནས་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་མ་ཟད་། བོད་པའི་དབུ་ཁྲིད་ཞིག་ཡིན་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡང་ཡང་ཕེབས་པའི་དུས་ཚོད་མེད་ཙང་། ཕྱིའི་རྒྱལ་ཁབ་མཉམ་དུ་བཀའ་མོལ་རྒྱ་ཆེར་གནང་ཐུབ་མེད། དེ་རྗེས་དུས་རབས་ཉི་ཤུའི་ནང་དུ་ཕྱི་རྒྱལ་ཡོངས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་རྣམས་དང་ཁོང་གི་མཁྱེན་རྒྱ་ལ་ཧང་སངས་ནས་ཡིད་སྨོན་སྐྱེས་ཙང་ཚང་མས་ཁོང་གི་མཚན་ངེས་ཡོད།

རྟ་བདུན་དབང་པོ་ཤར་བའི་ཤར་སྟངས་ཀྱི་ཚུལ་དང་། །
སྐྱབས་མགོན་ཁྱེད་ཀྱི་གཟི་ལྡན་ཞལ་རས་ཀྱི་འཛུམ་མདངས། །
འཁོར་བ་ཡོངས་ཀྱིས་གུས་པའི་བརྩེ་བ་ཡི་པདྨ། །
འཛམ་གླིང་ཡོངས་སུ་ཞི་བདེ་ལྷིང་འཇགས་སུ་གྱུར་སོང་། །

ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ།

བསོད་ནམས་སྟོབས་ཅན། སེར་བྱེས་འབྲིང་རིམ་སློབ་གྲྭ

ཀུན་ཁྱབ་ལྷ་ལམ་དབུས་ན་བསིལ་ཟེར་ཟླ་བ་བཞིན།།
ཚང་ཚིང་ནགས་ཚལ་ཁྲོད་དུ་གདོང་ལྔའི་དབང་པོ་ལྟར།།
མཁས་མང་བྱེ་བའི་དཀྱིལ་ནས་འགྲན་མེད་ཡོངས་བརྩེ་བ།།
ཞི་བདེ་དེད་དཔོན་ཆེན་པོ་༸གོང་ས་མཆོག་ལ་འདུད།།

ཕྱག་གཉིས་ཐལ་མོ་སྦྱར་ནས་འགྲོ་དྲུག་བདེ་ལ་བཀོད།།
ཞི་བདེ་ལམ་སྣེ་བསུས་ཏེ་ས་ཆེན་ལམ་གསུམ་བསྐོར།།
སྟོན་དང་བསྟན་པའི་ལེགས་བཤད་ནུབ་ཕྱོགས་ཡུལ་དུ་སྤེལ།།
འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་པ་ཨེ་མ་ཧོ།།

རྙིང་ཞེན་མཁྲེགས་འཛིན་དོར་ནས་དུས་རབས་རྩ་བ་བཙུགས།།
ཉམ་ཐག་གཉིད་ལས་དཀྲོགས་ཏེ་གནའ་དེང་མཛའ་མཐུན་བསྐྲུན།།
ཟླུམ་གཟུགས་གོ་ལའི་ཏོག་ཏུ་ཟླ་མེད་རིགས་ལམ་པ།།
འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་པ་རྨད་དུ་བྱུང་།།

མི་དམངས་འཐབ་འཛིང་ཞི་ཆེད་ཆོས་ལུགས་མཐུན་སྒྲིལ་སྤེལ།།
ཉེ་རིང་ཆགས་སྡང་སྤངས་ཏེ་ཐམས་ཅད་མཉམ་པར་འཛིན།།།
ཡོད་ཚད་གུས་བཀུར་བྱེད་བཞིན་སྤྱི་བོའི་གཙུག་ཏུ་བཀུར།།
འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་པ་ཕུལ་དུ་བྱུང་།།

ལུས་ཅན་སྐྱེ་འགྲོ་སྒོམ་བཞིན་འཛམ་གླིང་ཞི་བདེ་འབོད།།
རྡུལ་ཕྲན་མཚོན་ཆ་དོར་ཞིང་འཚེ་མེད་ལྟ་གྲུབ་བརྩོན།།
ངུར་སྨིག་ལུས་ལ་བཀླུབས་པའི་ཤཱཀྱའི་དགེ་སློང་དེའི།།
འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་པ་ཨེ་མ་མཚར།།

རྒྱ་བོད་བདེན་མཐའ་གསལ་ཕྱིར་ངལ་བ་བརྒྱ་ཕྲག་མཛད།།
ཞི་བའི་བཙན་ས་བཟུང་ནས་དྲང་བདེན་ལམ་ནས་འཚོ།།
རྒྱ་བོད་གཉིས་ཕན་དབུ་ལམ་ཤིང་རྟའི་སྲོལ་འབྱེད་པ།།
སྟག་འཚེར་ལྷ་མོ་དོན་གྲུབ་སྐུ་ཚེ་བརྟན་པར་སྨོན།།

མདུན་ཤོག

Menu