༡་༡     རྒྱབ་ལྗོངས།
    ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་ཏེ། བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་རླབས་ཆེན་གྱི་ལེའུ་གསར་པ་ཞིག་དབུ་འབྱེད་བྱས་ཡོད། སྐབས་དེར་བོད་མི་རྣམས་སྐད་དང་གོམས་གཤིས། ས་ཆུ་གནམ་གཤིས། ཕྱི་མིར་འབྲེལ་ལམ་བྱེད་ཕྱོགས་སོགས་གང་ཅིའི་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་སྟབས། ྋགོང་ས་མཆོག་ནས་བོད་མིའི་རྩ་དོན་ལ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་ཁག་གསར་འཛུགས་ཀྱིས་མ་འོངས་པའི་མི་རབས་རྣམས་ཆོས་སྤྱོད་ཞི་བའི་ས་བོན་དུ་འགྱུར་བའི་ཐུགས་རེ་ཆེན་པོས་ཕྱི་ལོ་༡༩༦༠ ལོར་མ་སུ་རིར་བོད་མིའི་སློབ་གྲྭ་ཐོག་མར་གསར་འཛུགས་གནང་བ་ནས་བཟུང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སློབ་སྦྱོང་གི་སྒྲིག་འཛུགས་རིམ་འཕེལ་གྱིས་འཛམ་གླིང་ནང་བཙན་བྱོལ་བའི་སྤྱི་ཚོགས་གཞན་ལས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་ཡོད། སྐབས་དེར་གང་ཅིའི་གནས་སྟངས་འོག་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་མ་དཔེར་ལེན་རྒྱུ་ལས་གདམ་ཀ་གཞན་མེད་ཀྱང༌། བོད་མིའི་ངོས་འཛིན་དང་ཁྱད་ནོར་དུ་གྱུར་པའི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མང་པོ་ཞིག་བསླབ་གཞིའི་ཁོངས་སུ་གསར་འཇུག་དང་རྒྱུན་འཁྱོངས་ཐུབ་པ་བྱུང་ཡོད།
    བཙན་བྱོལ་དུ་འབྱོར་བའི་ཐོག་མའི་ཆར་བོད་མི་རྣམས་འཚོ་གནས་དང་ལས་དོན་ཆེད་ཕྱི་མི་དང་འབྲེལ་འདྲིས་སླད་དེང་དུས་ཀྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་ཐོག་དམིགས་བསལ་ཤུགས་སྣོན་བརྒྱབས་ཡོད་པ་གནས་དུས་དང་འཚམས་ཤིང་དགོས་མཁོ་ལྡན་པའི་ཐབས་བྱུས་ཤིག་ཡིན། འོན་ཀྱང༌། དུས་ཕྱིས་སུ་གཞིས་ཆགས་དང་ཆོས་སྡེ་རིམ་པ་གསར་འཛུགས་ཀྱིས་སྐྱབས་བཅོལ་བོད་མི་རྣམས་འཚོ་ཐབས་དང་ཕྱིའི་འབྲེལ་ལམ་གང་ཅིར་སྔར་གྱི་གནས་སྟངས་ལས་བླ་ལྷག་ཏུ་གྱུར་པའི་སྐབས་སུའང༌། གཞུང་མང་གཉིས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་རིམ་ཕེབས་ཀྱི་དགོངས་དོན་སྐབས་འཕྲལ་ལག་བསྟར་དང་མཇུག་གནོན་ཚུལ་བཞིན་མ་ཐུབ་པ་དང༌། འབྱུང་འགྱུར་མི་རབས་ལ་ཕན་པའི་བོད་མི་རང་གི་ཤེས་ཡོན་གྱི་ཐབས་བྱུས་གསར་གཏོད་མ་བྱས་པར། གནས་ཡུལ་རྒྱལ་ཁབ་ཀྱི་ལམ་ལུགས་འོག་ཤར་བསྐྱོད་ནར་འགྱངས་བྱས་པའི་མཇུག་འབྲས་སུ། ད་ཡོད་ཀྱི་གཞོན་སྐྱེས་མི་རབས་ཁྲོད་རང་གི་ཆེ་མཐོང་དང་རང་འཚོའི་བསམ་བློ། སྲོལ་རྒྱུན་གྱི་བཟང་སྤྱོད་དང་ལྟ་གྲུབ། ཐ་ན་མི་རིགས་ཀྱི་དམའ་མཐའི་རྟགས་མཚན་བོད་ཀྱི་སྐད་ཡིག་ཙམ་ཡང་ཧ་ཅང་ཉག་ཕྲ་བའི་གནས་སུ་གྱར་བའི་མངོན་རྟགས་གསལ་པོར་བྱུང་བ་དེས། དེ་སྔའི་ཤེས་ཡོན་ལམ་ལུགས་དེས་བོད་མིའི་མཐར་ཐུག་གི་མངོན་འདོད་བསྒྲུབ་མི་ཐུབ་པར་ངོས་འཛིན་གྱིས། ཕྱི་ལོ་༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང༌། “ཤེས་ཡོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་མཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་” ཞེས་པའི་འབྲུ་དོན་བཞིན། ཕྱི་ལོ་༢༠༠༤ ཟླ་༩ པར་བཀའ་ཤག་གིས་ཕུལ་བའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་འཆར་ཟིན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་བསྡུར་བགྲོ་གླེང་ལྷུག་པོར་གནང་མཐར་སྤྱི་མོས་ཀྱིས་གཏན་ལ་ཕབ།
    ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ལས་རིམ་ཁྲོད། གལ་འགངས་ཆེས་ཆེ་བའི་ལས་དོན་ཞིག་ནི་གཞི་རིམ་སློབ་གྲྭའི་སློབ་ཁྲིད་ཀྱི་ནང་དོན་གཏན་འབེབས་བྱ་རྒྱུ་དེ་ཡིན་གཤིས། ཕྱི་ལོ་༢༠༠༦ ཟླ་༩ ཚེས་༤ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་གྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་བསྐོ་འཛུགས་གནང༌། ཕྱི་ལོ་༢༠༠༧ ཟླ་༤ པར་ཚོགས་ཆུང་དེས་ཕུལ་བའི་འཆར་ཟིན་ལ་བཀའ་ཤག་ནས་བཀའ་འཁྲོལ་ཐོབ་འཕྲལ་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༢༠ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་ཉིན་སློབ་གྲྭ་བྱིངས་སུ་ལག་བསྟར་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང༌།
    ཕྱི་ལོ་༢༠༠༨ ཟླ་༥ ཚེས་༢༣ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་འགོད་བཟོ་འགོད་ཀྱི་ལས་རིམ་འགོ་འཛུགས་སྐབས། གཞི་རིམ་བར་མའི་སློབ་སྦྱོང་གི་རིག་ཚན་དང༌། ནང་དོན། ལས་དོན་བྱེད་ཕྱོགས་ཀྱི་གོ་རིམ་བཅས་ལ་དམིགས་ཏེ་ལས་དོན་ཚོགས་ཆུང་ལྔ་བསྐོ་འཛུགས་གནང༌། ཚོགས་ཆུང་ལྔ་པོ་དེ་དག་ནི། ༡། བསླབ་གཞིའི་རྩ་འཛིན་ལམ་སྟོན་བཟོ་འགོད་ཚོགས་ཆུང༌། ༢། སྐད་ཡིག་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང༌། ༣། ཚན་རྩིས་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང༌། ༤། སྤྱི་ཚོགས་ཚན་རིག་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང༌། ༥། ལུས་སྦྱོང་དང་འཕྲོད་བསྟེན། ཀམ་པུ་ཊར། བཟོ་རིག་པ། ཟློས་གར་བཅས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་བཅས་ཡིན།
    ཕྱི་ལོ་༢༠༠༩ ཟླ་༩ ཚེས་༢༨ ནས་ཚེས་༣༠ བར་ཚོགས་མི་བཅུ་གཉིས་ལས་གྲུབ་པའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་ལམ་སྟོན་བཟོ་འགོད་ཚོགས་ཆུང་གི་ལྷན་ཚོགས་བསྐངས་ཏེ། གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་ཚོགས་ཆུང་ཁག་ལ་གཞི་རིམ་ལམ་སྟོན་དང་སྒྲོམ་གཞི་གཏན་འབེབས་བྱས། དེ་བཞིན་ཕྱི་ལོ་༢༠༡༠ ཟླ་༣ པའི་ནང་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་གཞན་རྣམས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང༌། ལམ་སྟོན་ཚོགས་ཆུང་གི་གཞི་རྩའི་ལམ་སྟོན་དང་སྒྲོམ་གཞི་རྨང་གཞིར་བཟུང་སྟེ། བཙན་བྱོལ་བོད་མིའི་འཕྲལ་ཕུགས་གནས་སྟངས་ལ་འཚམས་པའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་འགོད་བཟོ་འགོད་བྱས་ཡོད།

༡་༢     གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་ནང་དོན་གཙོ་བོ།
    བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་བསླབ་གཞིའི་རྩ་འཛིན་གྱི་ནང་དོན་ཁག་ལག་བསྟར་བྱ་དགོས་པ་དང༌། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་རྒྱ་གར་ནང་བོད་མིའི་སློབ་གྲྭ་ལོགས་སུ་བཙུགས་པའི་དགོངས་པ་བསྒྲུབ་ཐུབ་པར་བྱ་དགོས།

༡་༣     བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་རྩ་དོན་བཞི།
    འགྲོ་བ་མིའི་རིགས་ལ་ཤེས་ཡོན་སྤྲོད་པའི་གཞི་རྩའི་དགོས་པ་ནི་སྐྱེ་འགྲོ་ཚང་མར་ཡོངས་ཁྱབ་ཏུ་ཡོད་པའི་བདེ་བ་འདོད་ཅིང་གཉེར་བ་དང༌། སྡུག་བསྔལ་མི་འདོད་ཅིང་གཡོལ་བའི་ལྷན་སྐྱེས་ཀྱི་བྱེད་ནུས་སྐྱེད་སྲིང་དང་ཡར་རྒྱས་བཏང་བ་བརྒྱུད། སྐྱེ་འགྲོ་སྤྱི་དང་ཁྱད་པར་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་བདེ་དོན་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ལྟ་བུ་ཞིག་ཡོང་བར་བྱེད་པ་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་བཞི་ངེས་པར་ཚང་དགོས།
    རང་དབང་ནི་བདེ་ཐང་དང༌། རྣམ་དཔྱོད་ལྡན་པ། དགའ་སྤོབས་རང་བཞིན་ཅན་གྱི་སྐྱེ་བོ་ཞིག་འབྱུང་བའི་གཞི་རྩའི་ཆ་རྐྱེན་ཡིན། དེ་ཡང་ཕྱི་དངོས་པོའི་གཞན་དབང་ལས་གྲོལ་བ་ཙམ་མ་ཡིན་པར། སེམས་རྒྱུད་ངན་གོམས་ཀྱི་གཞན་དབང་ལས་གྲོལ་བའི་སེམས་རྒྱུད་ཀྱི་ཡོན་ཏན་ཞིག་ཡིན། དེ་ལྟ་བུའི་བློ་ཡར་རྒྱས་བཏང་བ་ལ་བརྟེན་ནས་བསམ་སྤྱོད་ཀྱི་རང་དབང་དང༌། འཚོ་བའི་རང་དབང༌། སྲུང་སྐྱོབ་ཀྱི་རང་དབང་བཅས་སྒྲུབ་ནུས།
    འགྱུར་ལྡོག་ཆེ་བའི་འཇིག་རྟེན་འདིར། དམག་འཁྲུག་དང༌། འཇིགས་སྐུལ། དྲག་ཟིང༌། མི་རིགས་འཐབ་རྩོད། ཕྱོགས་ཞེན་རིང་ལུགས། འདོད་བསོད་ལ་བརྟེན་པའི་དཔལ་འབྱོར། དབུལ་ཕྱུག་དང་དབང་ཆ་སོགས་འདྲ་མཉམ་མིན་པའི་དཀའ་ངལ་འདི་དག་ཚང་མ་རང་གཅེས་འཛིན་གྱི་ལྟ་སྤྱོད་ཁོ་ན་ལས་བྱུང་བ་ཡིན་གཤིས། དཀའ་ངལ་འདི་དག་ལ་གདོང་ལེན་བྱེད་ཐབས་ཉག་གཅིག་ཡོད། དེ་ནི་བདག་གཞན་མཉམ་བརྗེའི་བསམ་བློ་དང༌། གཞན་གྱི་དཀའ་ངལ་སེལ་ཐབས་ལ་འབད་པའི་ལྷག་བསམ་གོང་སྤེལ་གཏོང་བའི་གཞན་ཕན་གྱི་བསམ་སྤྱོད་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་སྟབས། གཞི་རྩའི་ཆ་རྐྱེན་འདི་ནི་འགྲོ་བ་མིའི་ཤེས་ཡོན་སློབ་སྦྱོང་གི་རྩ་དོན་ལྟེ་བ་དེ་ཡིན་པས་རྩེ་གཅིག་ཏུ་འབད་དགོས།
    འཇིག་རྟེན་འདིར་ཕྱིའི་ཁོར་ཡུག་དང་ཐོན་ཁུངས་ཚད་ངེས་ཅན་ཞིག་ལས་མེད་ཀྱང༌། དེ་བེད་སྤྱོད་ལེགས་པར་བཏང་ན་ས་སྒང་འདིར་གནས་པའི་སྐྱེ་བོ་ཚང་མའི་འཚོ་གནས་ཀྱི་དགོས་མཁོ་སྐོང་ཐུབ། འོན་ཀྱང་འགྲོ་བ་མིའི་རིགས་ཀྱིས་འདོད་པ་བསོད་ཉམས་ལ་བརྟེན་པའི་ཉེར་ལེན་གྱིས་ས་སྟེང་འདིར་དཀའ་ངལ་དང་དགོས་མཁོ་རྫོགས་མཐའ་མེད་པ་ཞིག་བསྐྲུན་དང་སྐྲུན་མུས་ཡིན་སྟབས། འདོད་བསོད་ཀྱི་བསམ་སྤྱོད་སྤངས་ཏེ་འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་དུ་རང་བྱུང་ཐོན་ཁུངས་རྣམས་གཅེས་ཉར་གྱིས་ས་ཡི་གོང་བུ་འདི་ཉིད་ཞི་བདེ་ཡུན་གནས་ཡོང་ཐབས་བྱ་རྒྱུ་དང༌། ལྷག་པར་བོད་མི་ཚོས་རང་གི་ཕ་མེས་ནས་དགེ་ཕན་བླངས་དང་ལེན་བཞིན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཤེས་ཡོན་དང་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་འཛམ་གླིང་སྤྱི་ལ་ཕན་བདེ་བསྒྲུབ་ཐབས་བྱ་དགོས།
    སྙིང་རྗེ་དང་ལྷག་བསམ་སོགས་དགེ་བའི་འདུ་ཤེས་ཀྱིས་ཐོག་དྲངས་ཏེ། ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང༌། ལམ་ལུགས། ཅ་དངོས། ལས་འགུལ་སོགས་གསར་གཏོད་བྱས་ཏེ། འཇིག་རྟེན་སྤྱི་ལ་ཕན་བདེའི་ལེགས་སྐྱེས་འབུལ་ཐུབ་པ་བྱ་དགོས།
    གོང་གསལ་གཞི་རྩའི་ཁ་ཕྱོགས་དང་ལམ་སྟོན་ཁག་གཞི་རིམ་བར་མའི་གཞི་རིམ་བསླབ་གཞིའི་རྩ་འཛིན་བཟོ་འགོད་སྐབས་རྨང་གཞི་གཙོ་བོར་གཟུང་དགོས།

མདུན་ཤོག

Menu