ཟླ་རེའི་གསར་འགྱུར།

༄༅།།ཕ་སྐད་གཙང་མའི་བང་རིམ་ལས་བརྡོལ་པའི་དུངས་སེམས་ཀྱི་འབོད་པ།

དཔྱད་བརྗོད།

རྩོམ་པ་པོ།   མཁའ་འགྲོ་ཚེ་རིང་། ལྷག་ཚེས་སྒྲིག

—————འཇུ་སྐལ་བཟང་གི་ལྷུག་རྩོམ་《སྦྲ་ནག་གི་གྱེས་འབོད་》བཀླགས་པའི་མྱོང་ཚོར་ཐོར་བུ།

  འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་དུ་འགྱུར་བའི་གོམ་སྟབས་ཉིན་རེ་བཞིན་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ང་ཚོའི་མིག་སྔར་གནད་དོན་མང་བོ་ཞིག་ཀྱང་ལྷགས་ཡོང་ལ། ནང་སྒོས་སུ་རིག་གནས་ཀྱི་གདོང་གཏུག་ཧ་ཅང་དྲག་ཆེ་བས། རང་རང་གིས་ཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་མ་བཏང་ན། སྔོན་ཐོན་རིག་གནས་སམ་ཁྱབ་ཆེ་བའི་རིག་གནས་ཀྱིས་ཁྱུར་མིད་བྱེད་པའི་ཉེན་ཁ་ཧ་ཅང་ཆེ་བ་བཞིན་དུ། དུས་རབས་གསར་བའི་ནང་ལ་བོད་ཀྱི་རྩོམ་རིག་གི་ཐུན་མིན་རང་གཤིས་དེ་འཛམ་གླིང་རྩོམ་རིག་གི་ལྡུམ་རའི་ནང་ནས་ཇི་ལྟར་མཚར་སྡུག་གིས་བཞད་པར་ཡང་ཉེན་ཁ་བདོག་པའི་སྐབས་འདིར། བདག་ལ་༢༠༠༦ལོའི་《སྦྲང་ཆར》དེབ་གཉིས་པའི་སྟེང་དུ་བཀོད་པའི་འཇུ་སྐལ་བཟང་གི་ལྷུག་རྩོམ་《སྦྲ་ནག་གི་གྱེས་འབོད》ཅེས་པ་དེ་བཀླག་རྒྱུའི་སྐལ་བ་ལྡན་སོང་ལ། དུས་མཚུངས་སུ་སེམས་ལ་རེ་བ་དང་ཡིད་ཆེས་གསར་བ་ཞིག་གིས་ཀུན་ནས་ཁེངས་ཤིང། མྱོང་སྣང་ཁྱད་པར་བ་ཞིག་གིས་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་སོང་།  

དང་པོ། རྩམ་དྲི་དང་འོ་དྲི་མ་ཡལ་པའི་ཕ་སྐད་གཙང་མ།

    ང་ཚོས་འཛམ་གླིང་སྔོན་ཐོན་རིག་གནས་ཀྱི་ལེགས་ཆ་སྡུད་ལེན་གྱིས་རང་ཉིད་འཕེལ་རྒྱས་སུ་གཏོང་དགོས་པ་བདེན་མོད། མཐའ་གཅིག་ཏུ་གཞན་གྱི་རྗེས་སུ་བརྒྱུགས་ན་རང་ཉིད་བོར་འགྲོ་བའི་ཉེན་ཁ་ཆེ་བ་ཡིན། དེང་གི་དུས་འདིར་བོད་ཀྱི་རྩོམ་པ་པོ་མང་ཆེ་བས་ཕྱི་གླིང་དང་ཀྲུང་གོའི་ནང་ཁུལ་གྱི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དང་སྐད་ཆའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས་ནས། རང་ཉིད་འཕེལ་རྒྱས་སུ་གཏོང་བའི་འདུན་པ་དྲག་ཏུ་སོང་ཡོད་ཅིང་། དེ་དག་ལ་སློབ་སྦྱོང་བྱས་པ་བརྒྱུད་རང་ཉིད་ཀྱི་རྩོམ་འབྲིའི་ལག་ལེན་ཁྲོད་ཅི་ནུས་ཀྱིས་བཀོལ་སྤྱོད་བྱས་པའི་མཚུངས་སུ། མིང་དང་བརྡ་ཆད་མང་བོ་ཞིག་ཀྱང་དེ་དག་དང་འགྲོགས་ནས་ཐོན་འོང་བ་མངོན་སུམ་ཚད་མས་གྲུབ། ལར་ཚན་རྩལ་རིག་གནས་དང་དངོས་པོའི་དཔལ་ཡོན་གོང་ནས་གོང་དུ་འཕེལ་བ་དེས། ང་ཚོས་ཀྱང་མིང་དང་བརྡ་ཆད་མང་བོ་ཞིག་གསར་བཟོ་མི་བྱེད་ཐབས་མེད་དུ་སོང་མོད། འོན་ཀྱང་ང་ཚོས་བོད་རང་ལ་ཐུན་མིན་གྱི་མིང་དང་བརྡ་ཆད་ཡོད་བཞིན་དུ་རྡོ་ཆག་བཙན་སྒྲིག་གིས་གསར་དུ་བཟོས་ན། དེ་ནི་དགེ་མཚན་དུ་མི་འགྲོ་བར་མ་ཟད། མི་རིགས་ཤིག་གི་སྐད་དང་རིག་གནས་ལ་ཉེན་བརྡ་བཏང་བ་ཞིག་ཀྱང་ཡིན་པར་འདུགལྷག་པར་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་ན། དེའི་སྒྱུ་རྩལ་མཚོན་ཐབས་ཀྱིས་རྩོམ་ཡིག་ཧྲིལ་བོའི་མཛེས་རྟོག་ཁྱད་ཆོས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་ཡོད། ཡང་སྐད་ཆའི་སྒྱུ་རྩལ་ནི་རྩོམ་པ་པོས་རྟོག་སྣང་གིས་གསར་བཟོ་བྱེད་པ་ཞིག་ཡིན་ལ། རྩོམ་པ་པོ་ཡང་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ཏུ་གནས་པས། འཚོ་གནས་ཀྱི་ཁོར་ཡུག་དང་རིག་གནས་མི་འདྲ་བ་དེས། རྩོམ་པ་པོའི་མཛེས་རྟོག་གི་འདུ་ཤེས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐོབ་པ་དང་།དུས་མཚུངས་སུ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཀྱང་གྲུབ་ནས་ཡོང་། གལ་སྲིད་ང་ཚོས་རིག་གནས་ཀྱི་ཁོར་ཡུག་མི་འདྲ་བ་ལས་བྱུང་བའི་མཛེས་རྟོག་གི་འདུ་ཤེས་དེ་སྣང་མེད་དུ་བསྐྱུར་ནས། རྨོངས་འཐོམ་གྱིས་གཞན་གྱི་རྗེས་སུ་འབྲངས་ན། རང་གི་ཐུན་མིན་གྱི་དགེ་མཚན་དུ་མི་འགྲོ་བར་མ་ཟད། ད་རུང་དགོད་བྲོ་བ་དང་ཐ་ན་འགལ་འཁྲུལ་དུ་འགྲོ་བའང་ཡོད་དེ། དཔེར་ན་རྒྱ་ནག་གིས་ཉི་མ་དམར་པོ་ཞེས་བྲིས་ན་སྤོབས་པ་དང་ལང་ཚོས་ཕྱུག་ཅིང་། སྟོབས་འབྱོར་དང་གཟི་བརྗིད་ཀྱིས་གཏམས་པའི་དཔེ་རུ་འགྲོ་མོད། འོན་ཀྱང་བོད་རང་ལ་མཚོན་ན་དེ་ལས་ལྡོག་སྟེ་བཀྲ་མི་ཤིས་པ་དང་ལྟས་ངན་པ་ཞིག་ཏུ་རང་བཞིན་གྱིས་འཛིན་ངེས་ཡིན། དེ་བཞིན་དུ་རྒྱ་གར་པས་བ་ལང་ནི་སེམས་ཅན་ལས་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་མོད། འོན་ཀྱང་བོད་རང་གིས་དུད་འགྲོ་ཐ་མལ་དུ་བཟུང་བས། བོད་ཀྱི་རྩོམ་རིག་ཏུ་སྨད་པའི་དཔེ་ལ་སྦྱར་ན་འོས་ཤིང་འཚམ་མོད། རྒྱ་གར་གྱི་རྩོམ་རིག་ཏུ་དེ་ལྟར་བྲིས་ན་ཁོང་ཚོའི་ཀློག་པ་པོའི་མཛེས་རྟོག་གི་མྱོང་བའི་ཡུལ་དུ་མི་འགྲོ་བ་ཡིན་པར་མ་ཟད། ད་དུང་ཀུན་གྱིས་སྡིགས་མོའམ་གཤེ་གཤེ་གཏོང་བ་སྨོས་ཅི་དགོས། དེ་བས་འཇུ་སྐལ་བཟང་གིས་ཁོང་གི་ལྷུག་རྩོམ་《སྦྲ་ནག་གི་གྱེས་འབོད》ཁྲོད་དུ། རང་མི་རིགས་ཀྱི་མཛེས་རྟོག་གི་འདུ་ཤེས་དང་ཡོངས་སུ་མཐུན་ཞིང་། བསམ་པའི་འཁྱེར་སོ་དང་ཀུན་ནས་བསྟུན་པའི་སྒྱུ་རྩལ་རྣལ་མ་ཞིག་གིས་ཐུན་མིན་གྱི་མཛེས་རྟོག་གི་ཡུལ་ཁམས་སློང་སྐྲུན་བྱེད་པ་སྟེ།དཔེར་ན་སྦྲ་ནག་ལ་ངོས་འཛིན་བྱེད་པའི་དུས་སུ“གཡུ་སྦྲ་མཐིང་ཤོག་གོང་དགུ་ཁྱོད་ཡིན་ལ། སྦྲེའུ་ཙེ་སྐར་མ་སྟོང་འཆར་ཡང་ཁྱོད་ཡིན། ཕྱུག་པོ་ལྷུན་གྲུབ་རྒྱ་མཚོ་ཚང་ཁྱོད་ཡིན་ལ།སྤྲང་པོ་ཨ་སྐྱ་ཚེ་རིང་ཚང་ཁྱོད་ཡིན། བླ་མ་བསྟན་འཛིན་ནོར་བུ་ཚང་ཁྱོད་ཡིན་ལ། དཔོན་པོ་དབང་ཆེན་སྟོབས་ལྡན་ཚང་ཁྱོད་ཡིན། ཨ་ཁུ་ཁོན་ཐར་རྒྱལ་ཚང་དང་ཨ་ནེ་ལྕགས་མོ་ཐར་ཚང་ཁྱོད་ཡིན། མཐོ་སྒང་གི་བོད་པ་ཚོར་མཚོན་ན་སྡེ་བ་སྡེ་བ་ཟེར་ཡང་བསྟན་དོན་ཁྱོད་ཡིན་ལ། ཕ་ཡུལ་ཕ་ཡུལ་ཟེར་ཡང་འབབ་ས་ཁྱོད་ཡིན་ཏེ། ཁྱོད་ནི་བོད་མི་རིགས་ཀྱི་ཆེས་ཐུན་མོང་མིན་པའི་བྱུང་བ་ཁྱད་པར་བ་ཞིག་གོ་”ཞེས་བྲིས་ཡོད་པ་ལྟ་བུའོ།། ང་ཚོས་དེ་ལྟ་བུའི་སྐད་ཆ་རེ་རེ་ཀློག་པའི་དུས་སུ། བརྗོད་བྱའི་དོན་གྱིས་ཡིད་ཀྱི་དང་བ་འདྲེན་ཅིང་། རྗོད་བྱེད་ཚིག་གིས་ངག་གི་སྒོ་མོ་ཕྱེ་ནས་ཡོང་། རྒྱུ་མཚན་ཡང་རྩོམ་པ་པོར་རང་ཉིད་འཚོ་གནས་བགྱིད་པའི་རིག་གནས་ཀྱི་ཁོར་ཡུག་དེ་ལ་རྒྱུས་ལོན་དང་དུངས་ཞེན་ཟབ་མོ་ཡོད་ཅིང་། དེ་བཞིན་དུ་ཁོང་གིས་རིག་གནས་ཀྱི་ཁོར་ཡུག་དེ་རྒྱབ་རྟེན་དུ་བཟུང་ནས་བརྩེ་དུངས་རྣལ་མ་ཞིག་བརྗོད་པ་ཡིན་པས། སྐད་ཆའི་སྒྱུ་རྩལ་གྱི་བདེན་པ་བྱུང་ཞིང་། ང་ཚོས་བཀླགས་མ་ཐག་ཏུ་ཅི་འདྲའི་ཆ་རྒྱུས་ཆེ་ཞིང་སྙིང་ཉེ་བའི་ཡིད་ཀྱི་ཀུན་རྟོག་གིས་ཕྱུག་ནས་ཡོང་།

གཉིས་པ། སྐད་ཆའི་ཁོང་གསེང་ལས་བརྡོལ་པའི་རིག་གནས་ཀྱི་མཁའ་དབུགས་སྟུག་པོ།

   རྩོམ་རིག་བརྩམས་ཆོས་ཀྱི་ལུས་གང་རུང་དང་། བརྗོད་དོན་ཅི་འདྲ་ཞིག་ཡིན་རུང་།ཚང་མ་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཞིག་གི་ཐོན་དངོས་ཡིན་པས།   དེ་དག་སོ་སོ་ལ་རིག་གནས་ཀྱི་ཚན་ཁག་འདྲ་མིན་གྱིས་ཤན་ཞུགས་ཡོད་པ་ཚད་མར་གྲུང་ཅིང་། རིག་གནས་ངེས་ཅན་ཞིག་གིས་བརྩམས་ཆོས་ཡོངས་ལ་སྣེ་ཁྲིད་ཀྱང་བྱེད་ཀྱིན་ཡོད། དཔེར་ན་བརྩམས་ཆོས་ལ་ལའི་ཁྲོད་དུ་དམངས་སྲོལ་རིག་གནས་ཀྱི་ཤུགས་ཆེ་བ་དང་། ཡང་རེ་འགའི་ནང་དུ་ལོ་རྒྱུས་རིག་གནས་ཀྱི་ཤུགས་ཆེ་བ་ལྟ་བུ་རེད། འོན་ཀྱང་སྐད་ཆའི་ཁོང་གསེང་རེ་རེ་ནས་མི་རིགས་ཤིག་གི་འཚོ་གནས་ཀྱི་ཁོར་ཡུག་དང་། བསམ་པའི་འཁྱེར་སོ།འཚོ་བའི་སྣང་ཚུལ་སོགས་གསལ་ལྷང་ངེས་ཀློག་པ་པོའི་མིག་ལམ་དུ་འགྲེམ་ཐུབ་པ་ནི། སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་བཤད་ན་ཧ་ཅང་ཁག་པོའི་གནས་སུ་འདུག ཡིན་ཀྱང་། 《སྦྲ་ནག་གི་གྱེས་འབོད་》ཅེས་པའི་ལྷུག་རྩོམ་དེའི་ཁྲོད་དུ། རྩོམ་པོས་སྟོང་ཆ་དེ་ཡོངས་སུ་བསྐངས་པ་སྟེ། དཔེར་ན་“གྲགས་ཚོན་དུ་ཁྱོད་ནི་སྲིད་པའི་མི་བུ་ཆེན་པོའི་སྨྲ་ར་སྤྲུགས་པ་ལས་ཐོར་ཟེར་ཞིང་། གདོད་མའི་དམུ་ཐག་རིང་མོའི་སྐས་གདང་ལས་བབས་ཟེར།    ཨ་མ་བྲག་གི་སྲིན་མོའི་དབུ་སྐྲ་ལ་རྒྱུ་བྱས་ནས་བཏགས་ཟེར་ཞིང་། ཕ་ཅིག་བྱང་སེམས་སྤྲེའུའི་ནགས་ཀྱི་སྤྱིལ་བུ་ལ་དཔེ་དྲས་ནས་ཕུབ་ཟེར། གཞན་ཡང་བཙན་པོའི་དམག་གི་རྒྱལ་པོའི་རུ་དཔུང་དུས་ཀྱི་མཐར་ཡང་མ་བསྡུས་པ་ཡིན་ཀྱང་ཟེར།” སྐད་ཆ་དུམ་བུ་དེ་དག་གི་ནང་དུ་རྩོམ་པ་པོས་གནའ་བོའི་འགྲོ་བ་མིའི་རིགས་བྱུང་ཚུལ་ནས་བོད་བཙན་པོའི་རྒྱལ་རབས་དར་རྒྱས་སོང་བའི་བར་གྱི་ལོ་རྒྱུས་མཐའ་དག་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་ཚད་མཐོན་པོས་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད། ཡང་དཔེར་ན་“ཉེ་བར་བཅར་ཚེ།ངས་ཁྱོད་ཀྱི་མཐིང་ནག་གི་ཟབ་བརླིང་དེ་ལས་ཨ་ཁུ་སྒ་བདེ་བེར་ནག་གི་ཟིལ་ཤུགས་ཤིག་མྱངས་འོང་ཞིང་། ཁྱོད་ཀྱི་གནག་སྣུམ་གྱི་མཉེན་ཁ་དེ་ལས་ཨ་ཅེ་འབྲུག་མོའི་སྐྲ་ལོ་ཡི་མཛེས་སྡུག་དང་དྲི་བསུང་དེ་ཚོར་འོང་། ངས་ཁྱོད་ལ་བལྟས་ཀྱིན་བལྟས་ཀྱིན་བྱི་རུ་དམར་པོའི་སྐྲ་རྒྱན་ཅན་གྱི་གཞོན་ནུ་མ་ཞིག་སིལ་ལེར་ལྡེམ་མེར་འཁྱུག་གེར་སྦྲ་སྒོ་ནས་ཕྱིར་བུད་འོང་བ་དྲན་འོང་ཞིང་། རྒྱ་སྟག་ལྟ་བུའི་ཕོ་གསར་ཞིག་གིས་རྟ་ཕོ་སྨུག་སྐྱ་ཤེའུ་ཐིག་ཅན་ཞིག་སྒ་སྲབ་ཤ་ལེར་རྟ་ཕུར་ལ་བཏགས་ནས་ཁྱིམ་དུ་འཛུལ་འགྲོ་བ་རིག་འོང་།ངས་དེ་ལྟར་བསམས་ཀྱིན་བསམས་ཀྱིན་ནེའུ་སྐྲ་ནག་པོ་སོག་འདབས་སུ་བསླེབས་པའི་འབྲོག་ཕྲུག་ཆུང་ཆུང་ཞིག་གིས་སྦྲ་འདབས་ན་ལུ་གུའི་མེ་ཏོག་འཐུ་བཞིན་པ་མངོན་ཞིང་། སྦྲ་འདབས་ཡར་བཀྱགས་པའི་བསིལ་འོག་ན་བགྲེས་པོ་སྨ་ར་དཀར་པོ་ཅན་ཞིག་གིས་བགྲང་ཕྲེང་འདྲེན་བཞིན་པའང་སྣང་འོང་། ”དེ་ལྟ་བུའི་སྐད་ཆ་རེ་རེའི་ཁྲོད་དུ་རྩོམ་པ་པོས་བོད་མི་རིགས་ཀྱི་མཛེས་རྟོག་གི་ཕུགས་བསམ་དང་། བསམ་པའི་འཁྱེར་སོ། འཚོ་བའི་སྣང་ཚུལ་སོགས་རྟོག་སྣང་གི་འཆར་སྒོ་ཕུན་སུམ་ཚོགས་པ་ཞིག་གི་ལམ་ནས་ང་ཚོའི་འདྲེན་བྱེད་དུ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཝ་ལེར་འཆར་བར་བྱས་ཡོད་པས། ཀློག་པ་པོ་ལ་སྦྱིན་བྱུང་བ་ནི་སྐད་ཆའི་སྒྱུ་རྩལ་རྐྱང་རྐྱང་ཞིག་མ་ཡིན་པར། སྒྱུ་རྩལ་དེའི་བང་རིམ་དུ་མངོན་པའི་རིག་གནས་ཀྱི་རྒྱབ་ལྗོངས་ཤིག་ཀྱང་ངང་གིས་བསྟན་ཡོད་པས། ང་ཚོས་སྐད་ཆ་དུམ་བུ་རེ་བཀླགས་ནས་འགྲོ་དུས། རིག་གནས་ཀྱི་བྲོ་བ་མཚར་བོ་ཞིག་གིས་སེམས་ཀྱི་སྟོང་ཆ་རེ་རེ་བསྐངས་འགྲོ་བ་ཡིན།

གསུམ་པ། དུངས་སེམས་དང་འགན་འཁྲིས་བཏུམས་པའི་ལྷག་བསམ་གཙང་མ།

     སྤྱིར་རྩོམ་རིག་ནི་རྩོམ་པ་པོའི་མཛེས་རྟོག་གི་ཉམས་སྣང་དེ་སྐད་ཆའི་སྒྱུ་རྩལ་གྱི་ཐབས་ལམ་བརྒྱུད་ནས་གསར་དུ་བསྐྲུན་པ་ཞིག་ཡིན་པས། རྩོམ་འབྲིའི་དམིགས་ཡུལ་ཡང་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་མཛེས་རྟོག་གི་ཉམས་སྣང་དེ། སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་གསར་བཟོ་བྱེད་དགོས་པ་དེ་རེད། འོན་ཀྱང་རིག་གནས་ཀྱི་ཁོར་ཡུག་དང་དུས་རབས་ཀྱི་དགོས་མཁོ་མི་འདྲ་བ། རྩོམ་པ་པོའི་མཛེས་རྟོག་གི་ལྟ་བ། རིན་ཐང་གི་ལྟ་ཚུལ་མི་གཅིག་པ་བཅས་ལས། སྒྱུ་རྩལ་གསར་བཟོ་བྱེད་པའི་དམིགས་ཡུལ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་རིགས་མི་འདྲ་བ་མང་དུ་བྱུང་ཞིང་། དེ་ལས་ད་བར་གྲགས་ཆེ་བ་ནི་འཇར་མན་གྱི་རྩོམ་པ་པོ་གྲགས་ཅན་ཀོར་ཏའེ་དང་ཞི་ལེ་གཉིས་ནས་བརྒྱུད་ཡོང་བའི་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་ཐབས་ལམ་ཁྱབ་ཆེ་བ་དེ་གཉིས་ཡིན། ལྷག་པར་དངོས་ཡོད་རིང་ལུགས་ལྟ་བུར་མཚོན་ན། གཙོ་བོ་རྩོམ་པ་པོས་གསར་རྩོམ་བྱེད་པའི་རྩོམ་རིག་བརྩམས་ཆོས་དེ་ནི་སྐད་ཆའི་སྒྱུ་རྩལ་རྐྱང་རྐྱང་ཞིག་དང་། སྒྲ་དོག་འཇུག་གི་དབང་དུ་སོང་བའི་མཛེས་རྟོག་གི་ཉམས་སྣང་ཙམ་མ་ཡིན་པར། དེའི་རྒྱབ་ཕྱོགས་ན་རྩོམ་པ་པོས་རང་མི་རིགས་ཀྱི་རིག་གནས་མཐའ་དག་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཕྲག་ཏུ་བླངས་ཏེ། ཀུན་ལ་རྟོགས་སད་ཀྱི་འབོད་སྐུལ་དྲག་ཏུ་གཏོང་བཞིན་ཡོད་ལ།ཡང་ན་དུས་རབས་གང་རུང་ཞིག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ། སྒྱུ་རྩལ་གྱི་ལམ་ནས་ཚད་མཐོན་པོས་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད། དེ་ལྟ་བུའི་རྩོམ་རིག་ཏུ་མཆོག་གི་རིག་གནས་(高雅文化)ཀྱི་མཁའ་དབུགས་སྟུག་པོ་ཞིག་གིས་ཀུན་ནས་ཁེངས་ཤིང་། དེས་མི་རིགས་དང་རྒྱལ་ཁབ། ཐ་ན་མིའི་རིགས་ཡོངས་ལ་བཞག་པའི་བཀའ་དྲིན་བླ་ལྷག་ཏུ་ཆེ།དེ་ལྟ་བུའི་བརྩམས་ཆོས་ནི་གནའ་དེང་ཕྱི་ནང་དུ་བགྲང་ལས་འདས་མོད། འོན་ཀྱང་ལོ་རྒྱུས་ཀྱི་དུས་རིམ་དང་། རིགས་རྒྱུད། ཁོར་ཡུག་མི་གཅིག་པ་ལས།རྩོམ་པ་པོས་ཞེ་ཐག་པས་ཐུགས་ཁུར་དང་བློ་རིག་པས་བསམ་གཞིག་བགྱི་བའི་གནད་དོན་ཡང་གཅིག་ཏུ་མ་ངེས། དེས་ན་སྐབས་སུ་བབ་པའི་ལྷུག་རྩོམ་《སྦྲ་ནག་གི་གྱེས་འབོད》ཅེས་པ་དེ་ནི། གོང་དུ་བཤད་པ་ལྟར་ཚན་རྩལ་རིག་གནས་ཀྱི་འཕེལ་རྒྱས་ཧ་ཅང་མགྱོགས་པའི་དུས་རབས་ཉེར་གཅིག་པའི་སྒང་འདིར། འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་སྟེ། གོ་ལ་ཧྲིལ་བོ་ཡང་གྲོང་སྡེ་ཆུང་ཆུང་ལྟ་བུ་ཞིག་ཏུ་གྱུར་པ་འདིས། མི་རིགས་སོ་སོ་དང་ས་ཁུལ་སོ་སོའི་རིག་གནས་ཀྱི་གདོང་གཏུག་ཛ་དྲག་ཏུ་ཕྱིན་པས།ཕན་ཚུན་ཁྱུར་མིད་དང་རང་ཉིད་ཁྱབ་ཆེ་བའི་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་གི་འོག་ནས་བོར་བརླག་ཏུ་འགྲོ་བའི་ཉེན་ཁ་ཆེ་བའི་སྒང་འདིར། རྩོམ་པ་པོས་མི་རིགས་ཤིག་གི་བླ་སྲོག་ཏུ་གྱུར་པའི་སྐད་དང་ཡི་གེ་ཙམ་དུ་མ་ཟད། ཐ་ན་སྤྱི་ཚོགས་ཀྱི་གོམས་གཤིས་དང་། འཚོ་བའི་རོལ་སྟངས་མཚོན་བྱེད་དུ་གྱུར་པའི་སྦྲ་ནག་ཀྱང་། ལོ་རྒྱུས་ཀྱི་ཆུ་བོའི་ནང་ནས་ཇེ་ཆུང་དང་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་དེས་སྔུན་བསུས་ཏེ། རང་མི་རིགས་ཀྱི་རིག་གནས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འབོད་སྐུལ་དྲག་ཏུ་གཏོང་བ་སྟེ། དཔེར་ན“……ད་དུང་ས་ཐབ་དང་བསང་ཁྲི། ནས་རྩིག་དང་ཇ་སྒམ། སྟོད་ཁྱིམ་ན་བོའུ་འགེལ།མར་ལོགས་ན་སྲབ་གདང་། གཞན་ཡང་ཁྱོད་ཀྱི་གོང་ཁ་དང་ཟུངས་ཐིག ཁ་ཚུབ་དང་བྱ་བྲང་། ས་འཇུ་དང་ཕུར་ཟུངས། མདོར་ན་ཁྱོད་ཀྱི་ཐ་སྙད་གྲངས་མང་བ་དེ་ཚོ་ལེགས་པར་ཤེས་མཁན་ཡང་ས་སྟེང་འདི་ན་ང་ཚོ་ཁོ་ན་ཡིན་པས།གལ་ཏེ་ཁྱེད་ཉིད་ཕྱིར་འཁོར་མེད་པར་ང་ཚོ་དང་ཁ་གྱེས་ན། ང་ཚོས་ཐ་སྙད་དེ་ཚོ་སུ་ལ་སྨྲ།སུ་ཡིས་མཉན། གལ་ཏེ་ཁྱོད་མེད་ན་ང་ཚོས་འཚོ་གནས་ཀྱི་རྒྱབ་ལྗོངས་གསར་བ་གསར་དུ་འཚོལ་དགོས་པ་ལ་ཁྱོད་ཀྱིས་ཅི་མི་སྙམ་པ་ལགས་ཀྱང་། ཁྱོད་ཀྱིས་རང་ཉིད་ཀྱི་ལོ་ངོ་སྟོང་འགའི་ལོ་རྒྱུས་དེ་ཡང་འདི་ལྟར་རྟབ་རྟབ་པོར་མཇུག་སྒྲིལ་བར་བྱེད་པ་ལ་ཕངས་སེམས་ཤིག་མི་འཆོར་རམ་སྦྲ་ནག་ལགས……”ལྟ་བུ་དང་། གཞན་ཡང་རྩོམ་པ་པོ་ཆོས་ཉིད་ཅིག་གི་རྒྱབ་ཕྱོགས་སམ།མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་འགྲེང་སྟེ། དུངས་ཞེན་གྱི་འབོད་སྐུལ་དྲག་ཏུ་བཏང་ཞིང་། ཞོར་དུ་གང་ཞིག་བོར་འགྲོ་བའི་སྡུག་ཡུས་ཀྱང་མང་དུ་བཏོན་ཡོད་དེ། “ངས་ལུས་ངག་ཡིད་གསུམ་རྣམ་པར་དག་པས་ཁྱོད་ལ་བཞུགས་གསོལ་ཞུ་ན། ལྷག་བསམ་ཡང་དག་ཅིག་ཡིན་པ་དེ་ཡང་མི་མཁྱེན་ནམ། ད་དུང་བརྩེ་མེད་ཀྱིས་ཕེབས་འགྲོ་བ་ཅི། འོན་ཀྱང་འགྲོ་ཡི་རེད། གང་ལྟར་འགྲོ་ཡི་རེད། བཟློག་ཏུ་མེད་པའི་རྒྱུ་རྐྱེན་ཞིག་གིས་ཅིས་ཀྱང་འགྲོ་ཡི་རེད།
འོན་ཀྱང་ངས་ད་དུང་ཁྱོད་ཉིད་གཏོང་མི་འདོད། ངས་ཆོན་ཆེན་དང་ཆོན་ཆུང་དུ་མས་ཕྱོགས་བཞི་མཚམས་བརྒྱད་ནས་ཁྱོད་ཉིད་ས་ལ་བརྟོད་དེ་བསྡད་ན། ཁྱོད་ད་དུང་བྲོས་སྟབས་ཀྱིས་འཆོར་དོན་ཅི་ཡིན། ངས་སྙིང་རྩ་དམར་པོས་ཁྱོད་དམ་དུ་བཅིངས་ཏེ་འཐེན་ན། ཁྱོད་ད་དུང་སྲོག་བསྡོས་ཀྱིས་ཕེབས་འགྲོ་དོན་ཅི་ཡིན་ནམ། ད་ལྟ་ཁྱོད་སྲོད་ཀའི་ཉི་ཞུར་ཙམ་ལས་མི་མཐོང་ཚེའང་། ང་བརྒྱལ་སྟབས་ཀྱིས་ས་ལ་འགྱེལ་ཏེ་ལག་སོར་གྱིས་རྩྭ་རོ་འབལ་བཞིན་ངུ་ངག་གིས་ཁྱོད་ཉིད་འབོད་ན། ད་དུང་གསན་པ་ཙམ་ཡང་མི་གནང་བ་འདི་ཅིའི་ཕྱིར། དངོས་གནས་ཁྱོད་ད་ལྟ་ནས་བཟུང་རྣམ་ཤེས་རྟེན་མེད་ཞིག་ཏུ་གྱུར་ཏེ་མཐོ་སྒང་འདིར་ཡུན་རིང་འཁྱམས་མཐར། སྔོན་གྱི་བྱུང་བ་མང་བོ་ཞིག་དང་འདྲ་བར་གཏམ་རྒྱུད་སྙན་མོ་ཞིག་ཏུ་འགྱུར་འགྲོ་ཟེར་བ་བདེན་ནམ། ”དེ་དག་གིས་རྩོམ་པ་པོས་གསར་རྩོམ་བགྱིས་པ་ནི་རང་ཉིད་ཀྱི་སྤྲོ་བ་འཕེལ་བ་དང་། ཡང་ན་འཚོ་བའི་སྣང་ཚུལ་རྐྱང་རྐྱང་ཞིག་མཚོན་པར་བྱེད་པའི་དམིགས་ཡུལ་ཙམ་མ་ཡིན་པར། ཁོ་རང་གི་སེམས་ཁོང་ན་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་འགན་འཁྲི་ཤིན་ཏུ་ལྕི་བ་དེ་ང་ཚོས་ཚོར་ཐུབ།
མདོར་ན། གལ་ཏེ་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་གྱི་རིག་པ་ཞིག་ཡིན་ན། རྩོམ་པ་པོས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕ་སྐད་རྣལ་མ་ཞིག་གི་ལམ་ནས། ཚད་མཐོན་པོས་སྒྱུ་རྩལ་གྱི་རང་གཤིས་དེ་འབུར་དུ་བཏོད་ཡོད་ལ། གལ་ཏེ་རྩོམ་རིག་ནི་མྱོང་སྣང་ཁྱད་པར་བ་ཞིག་ཡིན་ན། རྩོམ་པ་པོས་བློ་གྲོས་ཀྱི་མིག་འོད་རྣོན་པོས་མི་རིགས་ཀྱི་རིག་གནས་དང་འཚོ་བ་ལ་གཟིགས་ཞིབ་གནང་སྟེ། རང་གི་རྟོག་སྣང་ཟབ་མོ་དེ་ལྷང་ལ་ཕུད་ཡོད། གལ་ཏེ་རྩོམ་རིག་ནི་རིག་གནས་མངོན་མཚོན་བྱེད་པའི་རིག་པ་ཞིག་ཡིན་ན། རྩོམ་པ་པོས་སྐད་ཆའི་ཁོང་གསེང་རེ་རེ་ནས་མི་རིགས་ཤིག་གི་ལོ་རྒྱུས་དང་། ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས། དགའ་སྐྱོ་ཆགས་སྡང་། སེམས་ཀྱི་སྨོན་འདུན་སོགས་གསལ་ལེར་བཀྲམ་ཡོད། གལ་ཏེ་རྩོམ་རིག་ནི་སྤྱོད་པའི་རིན་ཐང་ལྡན་པའི་རིག་པ་ཐུན་མོང་མ་ཡིན་པ་ཞིག་ལགས་ན། རྩོམ་པ་པོས་འཚོ་བའི་ཟུར་སྣེ་ཞིག་ནས་མི་རིགས་ཤིག་གི་རིག་གནས་ཀྱི་དར་རྒུད་ལ་མནོ་བསམ་བཏང་སྟེ། དུས་རབས་གསར་བའི་ནང་དུ་རང་མི་རིགས་ཀྱི་རིག་གནས་ཀྱི་རང་གཤིས་ལ་ཆག་གྲུམ་མི་འཆོར་བ་དང་། དར་སྤེལ་གཏོང་བའི་ཕྱོགས་ལ་བརྟུན་པ་སྐྱེད་དགོས་པའི་སློབ་གསོ་དང་སྐུལ་མ་གནང་ཡོད་དོ།།

སྔོན་མ།
༄༅། །བོད་དང་བོད་ཀྱི་རིག་གནས།
ཕྱི་མ།
རྩྭ་ཐང་དྲན་གླུ།
Menu