ཟླ་རེའི་གསར་འགྱུར།

༄༅། །འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་རྣམ་བཤད་ཤེས་རབ་མིག་འབྱེད།

ནང་ཆོས།

དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

༄༅།   །རྒྱལ་ཀུན་མཁྱེན་རབ་སྒྱུ་འཕྲུལ་དྲ་བའི་གར།  །གྲངས་མེད་འགྲོ་ལ་རྗེེས་ཆགས་ངག་གི་ལྷ།  །ནང་གི་མ་རིག་མུན་སེལ་མཚན་དཔེའི་འདབ།   །ཀུན་གྲོལ་ལྷག་ལྷ་འཇམ་པའི་དབྱངས་ལ་འདུད།    །མཁྱེན་གཏེར་བྱིན་རླབས་འབུམ་ཕྲག་བཀྲ་བའི་མཚོར།    །ལེགས་འཁྲུངས་རྒྱལ་སྲས་རྒྱ་མཚོའི་དབྱངས་གཅིག་གིས།    །བསྟོད་པའི་རྒྱལ་པོར་གྲགས་པ་གང་བློ་མའི།  །ཚིག་དོན་རྣམ་པར་བཤད་ལ་སུ་མི་སྤྲོ།  །
དེ་ལ་འདིར་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའམ།  འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མ་ཞེས་ཡོངས་སུ་གྲགས་པ་ཚིགས་སུ་བཅད་པ་གསུམ་གྱི་བདག་ཉིད་ཅན་འདི་འཆད་པ་ལ་གསུམ།    བརྗོད་བྱ་སྤྱིར་བཤད་པ་དང་།  རྗོད་བྱེད་ཀྱི་ཚིག་དོན་དངོས་བཤད་པ།  རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྙེན་པའི་ཕན་ཡོན་བསྟན་པ་དང་གསུམ་མོ།  །དང་པོ་ལ་གཉིས།  རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལོ་རྒྱུས་ངོ་སྤྲོད་པ་དང་།  སྐུའི་རྣམ་པ་བྱེ་བྲག་ཏུ་བཤད་པའོ།   །དང་པོ་ནི།  སྔགས་ཕྱོགས་ལྟར་ན།   འཇམ་དཔལ་དབྱངས་སངས་རྒྱས་ཡིན་པ་ལ་ཐེ་ཚོམ་མི་དགོས་ཤིང་།   མདོ་ཕྱོགས་ནས་ཀྱང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་དང་།  སོར་མོ་ཕྲེང་བའི་མདོ་ལས་སངས་རྒྱས་སུ་གསལ་བར་གསུངས་ལ།   འཇམ་དབྱངས་ཀྱི་ཞིང་གི་བཀོད་པ་བསྟན་པའི་མདོ་ལས།   འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་དེའི་ཚེ་དེའི་དུས་ན།  འཁོར་ལོས་བསྒྱུར་བའི་རྒྱལ་བོ་ནམ་མཁའ་ཞེས་བྱ་བར་གྱུར་པ་སྟེ།  འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་བསྐལ་པ་གངྒའི་ཀླུང་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་གྱི་བྱེ་མ་སྙེད་འདས་པར་གྱུར་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཀྱང་བསྐལ་པ་གངྒའི་ཀླུང་དྲུག་ཅུ་རྩ་བཞིའི་བྱེ་མ་སྙེད་འདས་པར་གྱུར་ཏེ། དེ་ནས་ཉེ་བར་བཟུང་ནས།  འདི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་སོ།  །འདི་ས་བཅུ་ཐམས་ཅད་ཡོངས་སུ་རྫོགས་སོ།  །འདི་སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་སོ།  །འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་སོ། །འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་ཏེ། བར་འགའ་ཡང་དེས་བདག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ་མི་འགྱུར་རམ་སྙམ་པའི་སེམས་གཅིག་ཀྱང་བསྐྱེད་པར་མ་གྱུར་ཏོ། །རིགས་ཀྱི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་བོའི་སྤྱན་སྔར། རྒྱལ་པོ་དེ་དང་ལྷན་ཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྲོག་ཆགས་བྱེ་བ་ཕྲག་ཉི་ཤུ་བོ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས།  ཆོས་ཀྱི་འཁོར་ལོ་བསྐོར་ཏེ།   སེམས་ཅན་ཚད་མེད་གྲངས་མེད་པའི་དོན་དུ་སངས་རྒྱས་ཀྱི་བྱ་བ་བྱས་ནས།   སངས་རྒྱས་ཀྱི་མྱ་ངན་ལས་འདའ་བར་ཡོངས་སུ་མྱ་ངན་ལས་འདས་སོ།  །ཞེས་སོགས་གསུངས་པ་ལྟར།  གངྒའི་ཀླུང་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་གྱི་བྱེ་མའི་གྲངས་དང་མཉམ་པའི་བསྐལ་པའི་སྔ་རོལ་ན། འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་ཞེས་བྱ་བར། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་པར་སྐྱེ་བ་བཞེས་པའི་ཚེ། སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་དྲུང་དུ་སེམས་བསྐྱེད་པ་དང་། གཞན་ཡང་། སངས་རྒྱས་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་བསྐྱེད་ཅིང་ཞིང་སྦྱོང་བའི་སྨོན་ལམ་ཆེན་པོ་བཏབ་པར། སངས་རྒྱས་དེ་ཉིད་ཀྱིས་སངས་རྒྱས་ཀུན་ཏུ་གཟིགས་པ་ཞེས་བྱ་བར་ལུང་བསྟན། དེ་ནས་བྱ་དཀའ་ལ་གྲངས་མེད་པའི་རྒྱལ་སྲས་ཀྱི་སྤྱོད་པ་ཇི་ལྟར་ཉམས་སུ་བླངས་ཚུལ་ནི།  འཇམ་དཔལ་རྣམ་པར་རོལ་པ་དང་། འཇམ་དཔལ་གནས་པའི་མདོ།  ཚངས་པ་ཁྱད་སེམས་ཀྱིས་ཞུས་པ།  སངས་རྒྱས་བགྲོ་བ། ཆོ་འཕྲུལ་བསྟན་པའི་མདོ།  བྱམས་པ་སེངྒེ་སྒྲའི་མདོ།  བློ་གྲོས་བཟང་མོས་ཞུས་པ།  བློ་གྲོས་རབ་གནས་ཀྱིས་ཞུས་པ།  དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ། འཇམ་དཔལ་རྩ་རྒྱུད་སོགས་མདོ་རྒྱུད་མང་པོར་གསུངས་སོ། །བདག་ཅག་གི་སྟོན་པ་སྔོན་ཚོང་དཔོན་གྱི་བུ་དྲི་མེད་དཔུང་བར་གྱུར་བའི་ཚེ།  འཇམ་དཔལ་དབྱངས་ཆོས་སྨྲ་པ་ཡེ་ཤེས་རྒྱལ་པོར་གྱུར་པས་བྱང་ཆུབ་ཏུ་སེམས་ཐོག་མར་བསྐྱེད་དུ་བཅུག་ཅིང།  སྟོན་པས་ཀྱང་འཇམ་དཔལ་ནི་ངའི་སློབ་དཔོན་ཡིན་ཞེས་གསུངས་ལ།  དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་དང་པོར་སེམས་བསྐྱེད་པ་དང་།  བར་དུ་ཚོགས་བསགས་པ།  མཐར་ཆོས་ཀྱི་འཁོར་ལོ་བསྐོར་པའི་གནས་སྐབས་ཐམས་ཅད་དུ་སློབ་དཔོན་ལྟ་བུའི་མཛད་པ་མཛད་པས་ན། རྒྱལ་བ་ཀུན་གྱི་ཡབ་ཏུ་བསྔགས་ཏེ། སློབ་དཔོན་ཟླ་བའི་འཇུག་པའི་རང་འགྲེལ་ལས།  ཡང་དག་པར་འཛིན་དུ་འཇུག་པ་ལས་ནི། ཇི་ལྟར་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པར་འདོན་པ་ཡིན་ནོ། །ཞེས་གསུངས་སོ། །
གཉིས་པ་འཇམ་དཔལ་དབྱངས་ཀྱི་སྐུའི་རྣམ་པ་བཤད་པ་ལ།  རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུའི་རྣམ་པ་ལ་བཞུགས་སྟངས་དང་། སྐུ་མདོག   ཕྱག་རྒྱ་དང་ཕྱག་མཚན་སོགས་མི་འདྲ་བ་མང་པོ་ཡོད་ཀྱང་།  ཕྱོགས་ཙམ་ཞིག་བརྗོད་ན། དེང་སྐབས་ཡོངས་གྲགས་བླ་མཆོད་དང་། ལམ་རིམ་ཚོགས་ཞིང་སོགས་ལ་གཡས་གཡོན་དུ་བྱམས་འཇམ་དབྱངས་གཉིས་ཡོད་པའི་ནང་གི་རྗེ་བཙུན་འཇམ་དཔལ་དབྱངས་ནི།  སྐུ་མདོག་དམར་སེར། ཞལ་གཅིག་ཕྱག་གཉིས། ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལའི་མེ་ཏོག་སྡོང་བུ་དང་བཅས་པ་རལ་གྲི་དང་གླེགས་བམ་གྱིས་མཚན་པ་འཛིན་པ། འཇམ་དབྱངས་ཆོས་འཁོར་མ་དང་གཅིག་མཚུངས་ཡིན། ཕྱག་མཚན་དེ་དག་གི་མཚོན་དོན་ནི། རལ་གྲིས་གདུལ་བྱའི་སེམས་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བ་དང།   གླེགས་བམ་གྱིས་སེམས་ཅན་ཐམས་ཅད་ལ་ཤེས་བྱའི་གནས་ལུགས་གསལ་བར་བྱེད་པ་དང། མེ་ཏོག་ཨུཏྤལ་གྱིས་འཁོར་བའི་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་མཚོན་པ་ཡིན་ནོ། །འཇམ་དབྱངས་ཨ་ར་པ་ཙ་བཞུགས་སྟངས་དང་སྐུ་མདོག་གོང་དང་མཚུངས་ཤིང་། ཕྱག་གཡས་རལ་གྲི་ནམ་མཁར་འཕྱར་བ།  ཕྱག་གཡོན་ཨུཏྤལའི་མེ་ཏོག་སྡོང་བུ་ཐུགས་ཀར་འཛིན་ཅིང། གླེགས་བམ་གྱིས་མཚན་པ།  འཇམ་དབྱངས་དཀར་པོ་ནི།  ཞལ་གཅིག་ཕྱག་གཉིས།  གཡས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤལའི་མེ་ཏོག་སྡོང་བུའི་སྟེང་རལ་གྲིས་མཚན་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལའི་མེ་ཏོག་གི་སྟེང་གླེགས་བམ་གྱིས་མཚན་པའོ། །འཇམ་དབྱངས་ནག་པོ་ནི། ཞལ་གཅིག་ཕྱག་གཉིས།  སྤྱན་གསུམ་པ།  ཞབས་རྡོ་རྗེ་སྐྱིལ་ཀྲུང་།  ཕྱག་གཡས་རལ་གྲི་ནམ་མཁར་འཕྱར་བ། གཡོན་སྡིགས་མཛུབ་མཛད་པ། འཇམ་དབྱངས་ཕྱག་བཞི་བ་ནི།  ཞལ་གཅིག་ཕྱག་བཞི།  སྐུ་མདོག་དམར་སེར། ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གོང་མ་གཉིས་འཇམ་དབྱངས་ཨ་ར་པ་ཙ་དང་གཅིག་མཚུངས་ཡིན། ཕྱག་འོག་མ་གཉིས་པོ་གཡས་སུ་མདའ་དང་། གཡོན་དུ་གཞུ་བསྣམས་པ། འཇམ་དབྱངས་སྨྲ་བའི་སེང་གེའི་བཞུགས་སྟངས་ནི། ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལའི་མེ་ཏོག་སྡོང་བུ་ལ་རལ་གྲི་དང་གླེགས་བམ་གྱིས་མཚན་པར་སེང་གེ་ལ་བཅིབས་པའོ། །ད་དུང་འཇམ་དབྱངས་ཕྱི་ནང་གསང་གསུམ་སོགས་མང་པོ་ཡོད་ཅིང། དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ལ་སྐྱིད་ཤོད་དགའ་བ་གདོང་དུ་མགོན་པོ་འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་གཉེན་དང་། བླ་མ་དབུ་མ་པས་ལོ་ཙཱ་མཛད་དེ་ཟབ་ཆོས་མང་དུ་གསུངས་པའི་ནང་ཚན་འཇམ་དབྱངས་ཆོས་སྐོར་ནི། འཇམ་དཔལ་དཔའ་བོ་གཅིག་པ་དམར་སེར་ཕྱག་གཉིས་པ་དང་། འཇམ་དབྱངས་དམར་སེར་ཕྱག་གཉིས་པ། འཇམ་དབྱངས་དམར་སེར་དང་དབྱངས་ཅན་མ་དམར་མོ་ཡབ་ཡུམ་གསང་སྒྲུབ། འཇམ་དབྱངས་ཡབ་ཡུབ་ནང་སྒྲུབ། ཁྲོས་ནག་ཕྱག་གཉིས་མ། འཆི་བླུའི་བདེ་མཆོག་དཀར་པོ། སྒྲོལ་དཀར་རྒྱལ་མཚན་མ། ལས་གཤིན་ཕྱི་སྒྲུབ། ནང་སྒྲུབ་དང། གསང་སྒྲུབ་རྣམས་ཡིན་ལ་དེ་རྣམས་རྒྱལ་བ་རྡོ་རྗེ་འཆང་ནས་རྗེ་བཙུན་འཇམ་པའི་དབྱངས་དང་། གྲུབ་ཆེན་དཔའ་བོ་རྡོ་རྗེ། རྗེ་བདག་ཉིད་ཆེན་པོས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གནང་སྟེ་བརྒྱུད་པ་ཕེབས་པ་ད་ལྟའི་བར་དུ་ལེགས་པར་བཞུགས་སོ། །
སྐབས་སུ་བབ་པ་འཇམ་དཔལ་གཞོན་ནུར་གྱུར་པ་ནི།  ཞལ་གཅིག་ཕྱག་གཉིས།  ཞབས་རྡོ་རྗེ་སྐྱིལ་ཀྲུང་།  ཕྱག་གཡས་རལ་གྲི་འཕྱར་བ།  གཡོན་གྱིས་གླེགས་བམ་ཐུགས་ཀར་འཛིན་པའོ།  །འཇམ་དབྱངས་གང་བློ་མར་གྲགས་པའི་བྱིན་རླབས་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་དཔོན་རྡོ་རྗེ་མཚོན་ཆ་ལ་གནང་བ་དང་། རྔོག་བློ་ལྡན་ཤེས་རབ་ཀྱིས་པཎྜི་ཏ་འབུམ་ཕྲག་གསུམ་པ་ལ་གསན་ཏེ་བོད་དུ་བརྒྱུད་ཅིང་། ཇོ་བོ་ཆེན་པོས་བོད་དུ་སྤེལ་བ་ནས་བཟུང་ཕལ་ཆེ་བས་ཤེས་རབ་ཀྱི་སྒྲུབ་ཐབས་སུ་འང་བྱེད་པས་འདི་རྒྱུན་དུ་བཏོན་པས་ཤེས་རབ་འཕེལ་བར་འགྱུར་བ་ལ་ཐེ་ཚོམ་མི་དགོས་སོ། །
གཞུང་འདི་བོད་ཡིག་ཐོག་ཐོག་མར་མཇལ་དུ་ཡོད་པའི་དུས་སྐབས་ནི།   རྔོག་ལོ་ཙཱ་བའི་དུས་སུ་ཡིན་ལ།  དེ་ཡང་གཞུང་འདི་སྒྱུར་བ་པོ་རྔོག་ལོ་ཙྰ་བ་བློ་ལྡན་ཤེས་རབ་ནི། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ལོ་ཙྰ་བ་ཆེན་པོ་ཞིག་སྟེ། བོད་ཀྱི་རབ་བྱུང་དང་པོའི་ས་ཕག(ཕྱི་ལོ་༡༠༥༩)ལོར་འཁྲུངས་ཤིང་། རབ་བྱུང་གཉིས་པའི་ས་གླང་(ཕྱི་ལོ་༡༡༠༩)ལོར་སྐུ་གཤེགས། རྔོག་ནི་རུས་མིང་ཡིན་ཞིང་། རྔོག་ལོ་ཙྰ་བ་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་ཆེ་ཆུང་བཞིའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན། ཆུང་དུས་སྐུ་ངལ་ཤིན་ཏུ་ཆེ་བས་དགུང་ལོ་བཅུ་བདུན་སྐབས་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། དེའི་ཕྱི་ལོ་ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་གནང་སྟེ།  རྒྱ་གར་དུ་སློབ་གཉེར་ལ་བརྫངས་པ་ལྟར་མངའ་རིས་བརྒྱུད་ནས་རྒྱ་གར་དུ་བྱོན་པའི་ལམ་གྲོགས་སུ་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་ལོ་ཙྰ་བ་བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། རྭ་ལོ་ཙྰ་བ། གཉན་ལོ་ཙྰ་བ་རྣམས་མཉམ་དུ་བྱུང་། རྒྱ་གར་ཡུལ་དབུས་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྦྱངས་པ་མཐར་ཕྱིན་ཏེ། དགུང་ལོ་སོ་ལྔ་པ་རབ་བྱུང་དང་པོའི་ཆུ་སྤྲེལ་(ཕྱི་ལོ་༡༠༩༢)ལོར་བོད་དུ་ཕྱིར་ཕེབས། ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙྰ་བའི་ནང་ནས་གཞུང་བསྒྱུར་མང་ཤོས་དང་མཁས་ཤོས་ཡིན། འོན་ཀྱང་ང་རྒྱལ་དང་ཁེངས་སེམས་མི་གནང་བར་སྔོན་བྱོན་བོད་ཀྱི་ལོ་ཙྰ་བ་མཁས་པ་ཉི་ཟླ་ལྟ་བུའི་དྲུང་ན་རང་ཉིད་རྒྱུ་སྐར་ཆུང་ངུ་ཞིག་གི་གྲས་སུ་ཚུད་པ་ཙམ་ཡིན་ཞེས་གསུངས། ཆོས་གསུངས་པ་ལ་ཤིན་ཏུ་མཁས་པས་ཆོས་ཐེངས་རེ་གསུང་དུས་ཉན་མཁན་ཁྲི་ལྷག་དང་ཉུང་མཐར་སྟོང་ཕྲག་ལས་མི་ཉུང་བ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་རྐྱང་པ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་ཡོད་པར་གྲགས།  དགུང་ལོ་ང་གཉིས་པ་ལ་སྐུ་གཤེགས། འདིའི་ལོ་རྒྱུས་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག་ཏུ་གསལ།
གཉིས་པ་རྗོད་བྱེད་ཀྱི་ཚིག་དོན་དངོས་བཤད་པ་ལ། མཛད་པ་པོ་གང་ཡིན།  བསྟན་བཅོས་ཀྱི་མཚན་དོན།  འགྱུར་གྱི་ཕྱག  གཞུང་དོན་དངོས་བཤད་པ།  མཇུག་གི་དོན་ནོ།  །བསྟན་བཅོས་འདི་མཛད་པ་པོ་སུ་ཡིན་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པ་གཉིས་ཡོད་དེ།   མཁས་པ་ཁ་ཅིག   སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པར་བཞེད་ལ་དེ་ལྟར་ན།  ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས།     སློབ་དཔོན་འདི་རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་བྱུང་བ་དང་།   འདུལ་འཛིན་དགེ་ལེགས་བཤེས་གཉེན་དང་།    མཆེ་བའི་སྡེ་དང་།   ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་དང་།      སློབ་དཔོན་སེང་གེ་བཟང་པོ་སོགས་དང་དུས་མཉམ་པ་དང་།   རྡོ་རྗེ་མཚོན་ཆ་ནི།   འཇམ་དཔལ་གྱི་བསྟོད་པ་རྩོམ་པ་པོ་ཡིན་ཏེ། པཎྜི་ཏ་ལྔ་བརྒྱས་སོ་སོར་བརྩམས་པས་ཚིག་དོན་གཅིག་ཏུ་བྱུང་བས་ལྷའི་རྫུ་འཕྲུལ་དུ་ཤེས་སོ། །ཞེས་གསུངས།   གཞན་དག སྔོན་འཕགས་ཡུལ་དུ་པཎྜི་ཏ་ལྔ་བརྒྱས་འཇམ་དཔལ་ལ་བསྟོད་པར་བགྲོས་ཏེ། དེ་ལྟར་ཞུགས་པས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱིས་པཎྜི་ཏ་ཀུན་གྱིས་མཛད་པའི་བསྟོད་པ་ཐམས་ཅད་གཅིག་ཁོ་ནར་གྱུར་པས། འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ལས་བྱུང་བར་ཡིད་ཆེས་ཤིང་།  བསྟོད་པའི་མཚན་ལའང་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བཏགས་པར་འདོད་དེ།  རེ་ཞིག་དཔྱད་ན།   པཎྜིཏ་ལྔ་བརྒྱ་ཞེས་གྲགས་པ་འདི་དུས་གཅིག་ཏུ་བཞུགས་པ་ཞིག་ཡིན་ནམ།  རིམ་ཅན་དུ་ནཱལེནྜར་ཕེབས་ཤིང་བཞུགས་པ་ཞིག་ཡིན་པ་ཡང་དཔྱད་དགོས་པ་ཞིག་འདུག་སྟེ།  ཀུན་གྱི་ཁ་ལ་རླུང་ལྟར་གྲགས་པ་ནི་དེ་ཉིད་དོ། །གང་ལྟར་མཛད་པ་པོ་ནི། ཡིད་ཆེས་པའི་གནས་སོ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོས། བསྟོད་པའི་མཚན་ལའང་མཁན་པོའི་མཚན་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་པ་ཉིད་བཏགས་སོ། །ཞེས་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ནི་མཁན་པོའི་མཚན་ཡིན་པར་གསུངས་འདུག་པས་སྐབས་འདིའི་མཁན་པོ་ཞེས་པ་གང་གི་མཁན་པོ་ཡིན་པ་དཔྱད་དགོས་སོ། །
གཉིས་པ་བསྟན་བཅོས་ཀྱི་མཚན་དོན་ལ། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་སྟེ།  ལེགས་སྦྱར་དང་།  རང་བཞིན་དང།  ཤ་ཟ་དང་།  ཟུར་ཆག་གི་སྐད་དང་བཞི་ཡོད་པའི་ནང་ནས་ལེགས་སྦྱར་གྱི་སྐད་དུ། བསྟན་བཅོས་འདིའི་མཚན་ལ།  ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སྟུ་ཏི། (པར་འགའ་ཞིག་ཏུ་སྟུ་ཏི་ཞེས་འབྱུང།)ཞེས་བྱུང།   དེ་བོད་སྐད་དུ་བསྒྱུར་ན། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་ཞེས་པའོ། །དེ་ཡང་། ཤྲཱི་ནི་དཔལ་དང་། ཛྙཱན་ནི་ཡེ་ཤེས།  གུ་ཎ་ནི་ཡོན་ཏན། ཕ་ལ་ནི་བཟང་པོ། ནཱ་མ་ནི་ཞེས་བྱ་བའོ།  །དེ་ལྟར་རྒྱ་སྐད་སྨོས་པའི་དགོས་པ་ནི། ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་པའི་ཆེད་དང། བོད་སྐད་སྨོས་པ་ནི། སྐད་གཉིས་ཀྱི་རྣམ་དབྱེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་ནོ། །གསུམ་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།   །(པར་འགའ་ཞིག་ཏུ་བཅོམ་ལྡན་འདས་དཔལ་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །)ཞེས་འབྱུང་སྟེ། དེ་ཡང་། ལོ་ཙཱ་བས་འགྱུར་མཐར་ཕྱིན་པ་དང་།  གཞུང་འདི་སྡེ་སྣོད་གསུམ་གྱི་ནང་ནས་མངོན་པའི་སྡེ་སྣོད་དུ་གཏོགས་པ་ཤེས་པའི་ཆེད་དང།  འཇམ་པའི་དབྱངས་ཉིད་ཀྱི་བསྟོད་པ་ཡིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་ནོ། །ངག་དོན་ནི།   སྒྲིབ་གཉིས་ཀྱི་དགྲ་མ་ལུས་པར་བཅོམ་པས་ན་བཅོ༷མ་པ་དང། སྐལ་བ་དྲུག་དང་ལྡན་པས་ན་ལྡ༷ན་པ་སྟེ།  སྐལ་བ་དྲུག་ནི།  དབང་ཕྱུག་དང་། གཟུགས་དང་།  དཔལ་དང་།  གྲགས་པ་དང་།  ཡེ་ཤེས་དང་།  བརྩོན་འགྲུས་སོ། །འདས་པའི་དོན་ནི།  འཁོར་བའམ་བདུད་བཞི་ལས་འད༷ས་པ་དང། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་ན་འཇ༷མ་པ་དང། གསུང་དབྱངས་ཡན་ལག་དྲུག་ཅུ་འམ་དྲུག་ཅུ་རྩ་བཞི་མངའ་བས་ན་དབྱ༷ངས་སོ། །དྲུག་སྒྲ་ཡོད་པའི་དོན་ནི། དབྱངས་དེ་ལྟ་བུ་ནི་འཇམ་པའི་ཁྱད་པར་གྱི་གཞི་དང་འབྲེལ་བས་སོ།  །བཞི་པ་གཞུང་དོན་དངོས་ལ་དངོས་དང་། ཞར་བྱུང་ངོ་།  །དང་པོ་ལ་ཡང་ཐུགས་དང། གསུང་དང། སྐུ་ལ་བསྟོད་པའོ། །དང་པོ་ལ་ཡང་མཁྱེན་པ་དང་། བརྩེ་བའི་སྒོ་ནས་བསྟོད་པའོ། །དང་པོ་མཁྱེན་པའི་སྒོ་ནས་བསྟོད་པ་ནི།  རྩ་བ་ལས། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད(པར་འགའ་ཞིག་ཏུ་བདེན་གཉིས་དོན་ཀུན་ཞེས་འབྱུང་།) དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །ཞེས་གསུངས་ཏེ།  གང་ཞེས་སྤྱིར་སྨོས་ནས་བྱེ་བྲག་ཏུ་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ཞེས་ཡོངས་སུ་གྲགས་པ་ག༷ང་གི༷་ཐུགས་རྒྱུད་ལ་མངའ་བའི་མཁྱེན་པའི་བློ༷་གྲོ༷ས་ཀྱིས་ནི། སྤང་བྱ་འདོད་ཆགས་སོགས་རྩ་བ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་དང།  གཉིས་སྣང་འཁྲུལ་བའི་རྩ་བ་ཤེས་བྱའི་སྒྲི༷བ་པ་གཉི༷ས་ཀྱི་མུན་པ་མཐའ་དག་མ་ལུས་པ་སླར་མི་སྐྱེ་བའི་ཚུལ་གྱིས་གཏན་ནས་བཅོམ་པའོ།  །ཚུལ་ཇི་ལྟར་ན།  དེ་ཡང་དཔེར་ན། རྡུལ་དང་སྤྲི༷ན་ལ་སོགས་པའི་སྒྲིབ་བྱེད་དང་བྲ༷ལ་པའི་ཉི༷་མའི་དཀྱིལ་འཁོར་ལྟ༷ར།  ཉིད་ཀྱི་མཁྱེན་པ་དེ་ཡང་ཡུལ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་དུས་ཅིག་ཅར་དུ་གཟིགས་ཤིང་མཁྱེན་པ་ལ། སྒྲིབ་བྱེད་ཀྱི་འཁྲུལ་བའི་དྲི་མ་དེ་དག་ཤིན་ཏུ་རྣ༷མ་པར་ད༷ག་ཅིང་། ཤེས་བྱ་མཐའ་དག་ལ་འཇུག་པའི་ཡེ་ཤེས་ཀྱི་སྣང་བ་ར༷བ་ཏུ་གས༷ལ་བས་སོ། །ཡེ་ཤེས་དེས་ཡུལ་ཇི་ལྟར་གཟིགས་པའི་ཚུལ་ཡང་ཡོད་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་བྱང་གིས་བསྡུས་པའི་ཆོས་ཇི༷་སྙེ༷ད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ངོ་བོ་དང། ཁྱད་པར་གྱི་དོ༷ན་ཕྲ་ཞིང་ཕྲ་བ་ཀུ༷ན་ཀྱང་ཇི༷་ལྟ་བ་བཞི༷ན་སྒྲིབ་པ་མེད་པར་མངོན་སུམ་དུ་གཟི༷གས་པ་དེའི་ཕྱི༷ར་རོ། །དེས་ན། འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཅན། སྐུ་ཉི༷ད་ཀྱི༷་ཐུ༷གས་ཀ༷ར་རྒྱལ་སྲས་རྣམས་ཀྱི་ཟབ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྫོགས་པར་སྟོན་པའི་ཤེར་ཕྱིན་གྱི་གླེ༷གས་བ༷མ་འཛི༷ན་པའི་རྒྱུ་མཚན་ཡོད་དེ།  གང་གི་བློ་གྲོས་ནི་སྤང་བྱ་སྒྲིབ་གཉིས་ཀྱི་དྲི་མ་དང་བྲལ་ཞིང་།  ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཆོས་ཀུན་ཇི་ལྟ་ཇི་ལྟར་གནས་པ་དེ་ལྟ་དེ་ལྟར་ཇི་བཞིན་མངོན་སུམ་དུ་གཟིགས་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར། དཔེར་ན། ཉི་མའི་དཀྱིལ་འཁོར་སྒྲིབ་བྱེད་མུན་པའི་རྡུལ་སྤྲིན་དང་བྲལ་ཞིང་རྣམ་པར་དག་པས། དབྱིབས་དང་ཁ་དོག་གིས་བསྡུས་པའི་གཟུགས་རྣམས་མིག་གི་ཡུལ་དུ་གསལ་བར་བྱེད་པ་བཞིན་ནོ།   །གཉིས་པ་ཐུགས་བརྩེ་བའི་ཡོན་ཏན་ལ་བསྟོད་པ་ནི།   རྩ་བར།  གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་(པར་འགའ་ཞིག་ཏུ་མུན་འཐིབས་ཞེས་དང་།  ཡང་འགའ་ཞིག་ཏུ།  མུན་འཐུམས་ཞེས་འབྱུང་།)སྡུག་བསྔལ་གྱིས་གཟིར་བའི།  །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཞེས་གསུངས་ཏེ།  སྤངས་རྟོགས་མཐར་ཐུག་པའི་ཡོན་ཏན་དང་བྲལ་བའི་སེམས་ཅན་ག༷ང་ད༷ག་སྲིད་པ་སྟེ།  ལས་ཉོན་གྱི་དབང་གིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་སྐྱེ་བའི་རྒྱུན་གྱི་ཆའམ།  ཡང་ན།  གནས་སྲི༷ད་པ༷འི་རྩེ་མོ་ནས་མནར་མེད་ཀྱི་བར་གྱི་སྲིད་པའམ་འཁོར་བའི་བཙོ༷ན་ར༷ར་ཆུད་ཅིང་།(སྲིད་པའམ་འཁོར་བའི་དཔེ་ལ་གཞུང་ཆེན་ཁག་ཏུ་མི་འདྲ་བ་དཔེར་ན།   མངོན་པ་མཛོད་རྩ་བ་ལས།  འཁོར་བའི་འདམ་ལས་ཞེས་འཁོར་བ་འདམ་གྱི་གཟུགས་སུ་བཀོད།   དབུ་མ་འཇུག་པ་ལས། ཟོ་ཆུན་འཕྱན་ལྟར་ཞེས་འཁོར་བ་ཟོ་ཆུན་འཁོར་ལོའི་གཟུགས་སུ་བཀོད།   ལེགས་བཤད་གསེར་ཕྲེང་དང་།   རྩ་ཤེའི་ཌཱིཀ་ཆེན་ལས།  འཁོར་བའི་འབྲོག་དགོན་པ་ཆེན་པོ་ཞེས་འཁོར་བ་འབྲོག་དགོན་པ་ཆེན་པོའི་གཟུགས་སུ་བཀོད། གཞུང་འདིར་འཁོར་བའི་བཙོན་རར་ཞེས་འཁོར་བ་བཙོན་རའི་གཟུགས་སུ་བཀོད་ཡོད་ལ་སྐབས་སོ་སོར་གོ་རྒྱུ་ཡང་ཆེན་པོ་རེ་ཡོད།) དེའི་ནང་དུ་རྒྱུ་བདག་དང་བདག་གིར་འཛིན་པའི་འཇིག་ལྟའི་མ༷་རི༷ག་པའི་མུན་པ་མུ༷ན་ནག་སྟུག་པོར་ལུས་ངག་ཡིད་གསུམ་ཀུན་ནས་འཐོ༷མས་ལ།   དེ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་གྱི་སྡུག་བསྔལ་དང།   འགྱུར་བའི་སྡུག་བསྔལ་དང་།  ཁྱབ་པ་འདུ་བྱེད་ཀྱི་སྡུ༷ག་བསྔ༷ལ་གསུམ་གྱི༷ས་གཞན་དབང་དུ་གྱུར་ཏེ།    གཟི༷ར་བ༷འི་འགྲོ༷་བ་མ་ལུས་པའི་ཚོ༷གས་ཀུ༷ན་ལ༷་ཤིན་ཏུ་བརྩེ་བའི་སྙིང་རྗེ་དང་ལྡན་པའི་ཕྱིར།    དེས་ན།  འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཅན།    སེམས་ཅན་གང་དག་རྒྱུ་བདག་དང་བདག་གིར་འཛིན་པའི་འཇིག་ལྟ་མ་རིག་པའི་མུན་པར་འཐོམས་པའི་དབང་གིས།  གནས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ།  འབྲས་བུ་སྡུག་བསྔལ་གསུམ་གྱིས་གཟིར་བའམ་མནར་བའི་འགྲོ་བ་མ་ལུས་པའི་ཚོགས་ཀུན་སྡུག་བསྔལ་ཕྲ་རགས་ཀུན་ལས་སྐྱོབ་པར་འདོད་པའི་སྐྱབས་གནས་མཐར་ཐུག་པ་ཡིན་ཏེ།   སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་གོམས་པ་མཐར་ཐུག་པའི་གང་ཟག་ཡིན་པའི་ཕྱིར།  དཔེར་ན།  ཆེས་སྙིང་དུ་སྡུག་པའི་བུ༷་གཅི༷ག་པུ་ལས་མེད་པའི་མ་དེས་རང་གི་བུ་ལ་སྙིང་བརྩེ༷་བ་ལྟར་ལྡན་པ་བཞིན་ནོ།  །གཉིས་པ་གསུང་ལ་བསྟོད་པ་ལ་གཉིས།  གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་བསྟོད་པ་དང་།  བྱེད་ལས་ཀྱི་སྒོ་ནས་བསྟོད་པའོ།  ། དང་པོ་ནི་རྩ་བ་ལས།  ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།  །ཞེས་གསུངས་ཏེ།  ཇི་སྐད་བཤད་པའི་བརྩེ་བ་ཆེན་པོ་དེས་ཀུན་ནས་དྲངས་ཏེ།  ཉིད་ཀྱིས་ཇི་ལྟར་གཟིགས་ཤིང་བརྙེས་པའི་གོ་འཕང་མཆོག་ལ་འགྲོ་བ་ཐམས་ཅད་འགོད་པའི་ཆེད་དུ།  བླང་དོར་གྱི་གནས་ཀུན་གསལ་བར་སྟོན་པའི་གསུང་གཅིག་ཉིད་ལ་འང་ཡན༷་ལ༷ག་དྲུ༷ག་ཅུ༷་ཚང་བའི་དབྱ༷ངས་དང་ལྡ༷ན་པའི་གསུང་མངའ་བའོ།  །དེ་ཡང་མདོ་སྡེ་རྒྱན་ལས།  ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་ཡན་ལག་དྲུག་ཅུ་གསུངས་ནའང་།  གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས།  ཡན་ལག་དྲུག་ཅུ་རྩ་བཞི་གསུངས་ཏེ།  མདོ་དེ་ཉིད་ལས།  ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི།  རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ།  རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན།  འདི་ལྟ་སྟེ།  མཉེན་པའི་གསུང་འབྱུང་བ་དང་།  འཇམ་པ་དང།  ཡིད་དུ་འོང་བ་དང་།  ཡིད་དུ་འཐད་པ་དང།  དག་པ་དང་།  དྲི་མ་མེད་པ་དང།  འོད་གསལ་བ་དང་།  སྙན་ཞིང་འཇེབས་པ་དང་།  མཉན་པར་འོས་པ་དང།  མི་ཚུགས་པ་དང་།  སྙན་པ་དང།  དུལ་བ་དང།  མི་རྩུབ་པ་དང།  མི་བརླང་བ་དང་། རབ་ཏུ་དུལ་བ་དང།  རྣར་སྙན་པ་དང་།  ལུས་སིམ་པར་བྱེད་པ་དང་།  སེམས་ཚིམ་པར་བྱེད་པ་དང།  སྙིང་དགའ་བར་བྱེད་པ་དང།  དགའ་བདེ་སྐྱེད་པ་དང།  ཡོངས་སུ་གདུང་བ་མེད་པ་དང།  ཀུན་ཏུ་ཤེས་པར་བྱ་བ་དང།  རྣམ་པར་རིག་པར་བྱ་བ་དང་།  རྣམ་པར་གསལ་བ་དང་།  དགའ་བར་བྱེད་པ་དང།  མངོན་པར་དགའ་བར་བྱེད་པ་དང་།  ཀུན་ཤེས་པར་བྱེད་པ་དང་།  རྣམ་པར་རིག་པར་བྱེད་པ་དང།  རིགས་པ་དང་། འབྲེལ་བ་དང་།  ཟློས་པའི་སྐྱོན་མེད་པ་དང།  སེང་གེའི་སྒྲའི་ཤུགས་ཅན་དང་།  གླང་པོ་ཆེའི་སྒྲ་སྐད་དང།  འབྲུག་གི་སྒྲ་དབྱངས་དང།  ཀླུའི་དབང་པོའི་སྒྲ་དབྱངས་དང།  དྲི་ཟའི་གླུ་དབྱངས་དང།  བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་དང་།  ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང་།  ཤང་ཤང་ཏེའུ་ཡི་སྒྲ་དབྱངས་སུ་གྲགས་པ་དང་།  ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང།  རྔའི་སྒྲ་དང།  མ་ཁེངས་པ་དང།  མི་དམའ་བ་དང།  སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང།  ཚིག་ཟུར་ཆག་པ་མེད་པ་དང།  མ་ཚང་བ་མེད་པ་དང། མ་ཞུམ་པ་དང། མི་ཞན་པ་དང།  རབ་ཏུ་དགའ་བ་དང། ཁྱབ་པ་དང་།  ཆུབ་པ་དང།  རྒྱུན་ཆགས་པ་དང།  འབྲེལ་བ་དང་།  སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་།  དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང།  མ་སྨད་པ་དང་།  མི་འགྱུར་བ་དང་།  མ་བརྟབས་པ་དང་།  འཁོར་ཀུན་ཏུ་གྲགས་པ་དང་།  འདོད་ཆགས་ཞི་བར་བྱེད་པ་དང།  ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་།  བདུད་ཚར་གཅོད་པ་དང་ །  རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འབྱུང་བ་སྟེ།  ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཡན་ལག་དྲུག་ཅུ་རྩ་བཞི་དེ་དག་དང་ལྡན་པར་འབྱུང་ངོ།  །ཞེས་གསུངས་པ་ལྟར་ཏེ།  ཡན་ལག་དྲུག་ཅུ་དང་ཡན་ལག་དྲུག་ཅུ་རྩ་བཞི་ཞེས་གྲངས་མི་འདྲ་བ་འབྱུང་བ་ནི་དབྱེ་བསྡུའི་ཁྱད་པར་རོ།  །འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཅན།  ཁྱོད་ཀྱིས་བརྩེ་བས་དྲངས་པའི་གསུང་གཅིག་ལའང་ཁྱད་ཆོས་དུ་མ་དང་ལྡན་ཏེ།  ཡན་ལག་དྲུག་ཅུ་ཚང་བའི་དབྱངས་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར།
གཉིས་པ་བྱེད་ལས་ཀྱི་སྒོ་ནས་བསྟོད་པ་ནི།  རྩ་བར།  འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།  །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།  །ཞེས་གསུངས་ཏེ།   རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་བྱེད་ལས་ནི། དཔེར་ན། ནམ་མཁའི་དབྱིངས་སུ་འབྲུ༷ག་གི་རང་སྒྲ་སྒྲོག་ཅིང་སྒྲ་དེས་སེམས་ཅན་གཞན་གཉིད་ལས་སད་པར་བྱེད་པ་ལྟ༷ར། ཡན་ལག་དྲུག་ཅུའི་ཁྱད་ཆོས་དང་ལྡན་པའི་གསུང་གདུལ་བྱའི་རྣ་བར་ལེགས་པར་ཆེས་ཆེ༷ར་སྒྲོ༷ག་པར་མཛད་པས། འགྲོ་ཀུན་རྒྱུ་ཉོ༷ན་མོ༷ངས་པའི་གཉི༷ད་མཐུག་པོ་ལས་སློ༷ང་ཞིང་།  དེའི་འབྲས་བུ་འཁོར་བར་འཕེན་པར་བྱེད་པའི་ལས་དང་།  འགྲུབ་བྱེད་ཀྱི་ལས་དང་། འཆིང་བྱེད་ཟག་བཅས་ཀྱི་ལ༷ས་ཀྱི༷་ལྕ༷གས་སྒྲོ༷ག་དམ་པོ་འགྲོ༷ལ་བར་མཛ༷ད་ཅི༷ང་།  དེར་མ་ཟད།  རྒྱུ་འཇིག་ལྟའི་མ་རིག་པའི་མུན་པ་སེལ་བ་དང་འབྲས་བུ་སྡུག་བསྔལ་གྱི་མྱུ་གུ་གཅོད་པར་མཛད་པ་མཚོན་པའི་ཆེད་དུ་ཕྱག་གཡས་སུ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཤེས་རབ་ཀྱི་རལ་གྲི་བསྣམས་པའི་ཕྱིར། དེས་ན། འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཅན།   ཁྱོད་ཀྱི་ཕྱག་གཡས་སུ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཤེས་རབ་ཀྱི་ར༷ལ་གྲི༷་བསྣ༷མས་པའི་མཚོན་དོན་ཡོད་དེ།  མཁྱེན་བརྩེ་མཐར་ཐུག་པའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་གསུང་གི་འཕྲིན་ལས་དེས་སེམས་ཅན་ཐམས་ཅད་ཀྱིས་གནས་ལུགས་མཐོང་བ་ལ་སྒྲིབ་བྱེད་ཀྱི་ང་དང་ང་ཡིར་འཛིན་པའི་མ༷་རི༷ག་པའི་མུ༷ན་པ་ཀུན་སེ༷ལ་བར་བྱེད་ཅིང་།  མ་རིག་པ་དེས་བསྐྱེད་པའི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུ༷ག་བསྔ༷ལ་གྱི་མྱུ༷་གུ༷་ཇི༷་སྙེ༷ད་ཅིག་ཡོད་པ་དེ་དག་ཀུན་ཀྱང་གཅོ༷ད་པར་མཛ༷ད་པ་དེའི་ཆེད་ཡིན་པའི་ཕྱིར།
གསུམ་པ་སྐུ་ལ་བསྟོད་པ་ལ་གཉིས།   ས་བཅུའི་མཐར་སོན་ཀྱང་རྒྱལ་སྲས་ཀྱི་སྐུའི་རྣམ་པར་བསྟན་པའི་སྒོ་ནས་བསྟོད་པ་དང་།   མཚན་དཔེ་གསལ་རྫོགས་ཀྱི་ཡོན་ཏན་ཚང་བའི་སྒོ་ནས་བསྟོད་པའོ།   །དང་པོོ་ནི།   རྩ་བར།  གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།   །ཞེས་གསུངས་ཏེ།  ངེས་དོན་དུ་འཇམ་དཔལ་དབྱངས་ཁྱོད་ནི།   གདོད་ནས་ཏེ་བསྐལ་པ་གྲངས་མེད་པ་མང་པོའི་སྔོན་རོལ་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་རྣམ་པར་དག་ཅིང་།  ས་དང་པོ་རབ་ཏུ་དགའ་བ།  གཉིས་པ་དྲི་མ་མེད་པ།  གསུམ་པ་འོད་བྱེད་པ།  བཞི་པ་འོད་འཕྲོ་བ།  ལྔ་པ་སྦྱངས་དཀའ་བ།  དྲུག་པ་མངོན་དུ་གྱུར་བ།  བདུན་པ་རིང་དུ་སོང་བ།  བརྒྱད་པ་མི་གཡོ་བ།  དགུ་བ་ལེགས་པའི་བློ་གྲོས།  བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རིམ་གྱིས་བགྲོད་དེ་ས༷་བཅུ༷འི་མཐ༷ར་སོ༷ན་པ་སྟེ།  སྤངས་རྟོགས་ཀྱི་ཡོ༷ན་ཏ༷ན་མཐའ་དག་གི་ལུ༷ས་ཡོངས་སུ་རྫོ༷གས་པའི་སངས་རྒྱས་དངོས་ཡིན་ཀྱང་།  དྲང་དོན་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་རྒྱ༷ལ་སྲ༷ས་བྱང་ཆུབ་སེམས་དཔའ་ཀུན་གྱི་ཐུ༷་བོ༷་སྟེ།  གཙོ་བོར་གྱུར་པའི་སྐུ༷འི་རྣམ་པས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚུལ་དུ་བཞུགས་སོ།  །དེས་ན།   འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཅན།  ཁྱོད་ཀྱི་སྐུའི་རྣམ་པ་སྟོན་ཚུལ་ལ་དྲང་ངེས་ཀྱི་ཁྱད་པར་ཡོད་དེ།    ངེས་དོན་དུ་གདོད་མ་སྟེ།  བསྐལ་པ་གྲངས་མེད་པའི་སྔོན་ནས་སྒྲིབ་གཉིས་དག་ཅིང་ས་བཅུའི་མཐར་སོན་ཏེ།  སྤངས་རྟོགས་ཡོན་ཏན་གྱི་ལུས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་བརྙེས་ཀྱང།  དྲང་དོན་གདུལ་བྱའི་སྣང་ངོར་རྒྱལ་སྲས་སེམས་དཔའ་ཀུན་གྱི་ཐུ་བོའི་ཚུལ་ལམ་རྣམ་པ་སྟོན་པའི་ཁྱད་པར་དང་ལྡན་པའི་ཕྱིར།   གཉིས་པ་ནི།  རྩ་བར། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད།   །ཅེས་གསུངས་ཏེ།   སྐུ་དེའང་བཅུ༷་ཕྲ༷ག་བཅུ༷་ད༷ང་བཅུ་གཉིས་ཞེས་མཚན་བཟང་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ།  མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱི་རྒྱ༷ན་གྱིས་མཛེས་པར་སྤྲ༷ས་པ་སྟེ།  དེ་ལ་མཚན་བཟང་སུམ་ཅུ་རྩ་གཉིས་ནི།   མངོན་རྟོགས་རྒྱན་ལས།   ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས།  །ཞེས་པ་ནས།  འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན།  །ཞེས་པའི་བར་གྱིས་བསྟན་པ་ལྟར།  ཕྱག་ཞབས་འཁོར་ལོས་མཚན་པ་དང་།  ཞབས་མཐིལ་མཉམ་པ་དང་།   སོར་མོ་དྲ་བས་འབྲེལ་བ་དང་།  ཕྱག་ཞབས་གཞོན་ཤ་ཆགས་ཤིང་འཇམ་པ་དང།  སྐུའི་བདུན་མཐོ་བ་དང།  སོར་མོ་རིང་བ་དང།  རྟིང་བ་ཡངས་པ་དང། སྐུ་ཆེ་ཞིང་དྲང་བ་དང། ལོང་བུ་མི་མངོན་པ་དང།  བ་སྤུ་གྱེན་དུ་ཕྱོགས་པ་དང།  བྱིན་པ་ཨེ་ནེ་ཡ་ལྟ་བུ་དང།  ཕྱག་རིང་བ་དང།  འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་།  ལྤགས་པའི་མདོག་གསལ་བ་དང།  ལྤགས་པ་འཇམ་པ་དང།  སྤུ་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་དང།  མཛོད་སྤུ་དང།  རོ་སྟོད་སེང་གེ་འདྲ་བ་དང་།  དཔུང་འགོ་ཟླུམ་པ་དང་།  ཐལ་གོང་རྒྱས་པ་དང་།  རོ་བྲོ་བ་མཆོག་དང་།   སྐུ་ཆུ་ཞེང་གབ་པ་དང་།  གཙུག་ཏོར་དང་།  ལྗགས་རིང་བ་དང་།  ཚངས་པའི་དབྱངས་དང་།  འགྲམ་པ་སེང་གེའི་འདྲ་བ་དང་།  ཚེམས་དཀར་བ་དང་།  ཚེམས་མཉམ་པ་དང་།  ཚེམས་ཐགས་བཟང་བ་དང་།  གྲངས་བཞི་ཅུ་ཐམ་པ་ཚང་བ་དང་། སྤྱན་མཐོན་མཐིང་དང་།  ཁྱུ་མཆོག་གི་རྫི་མ་ལྟ་བུ་སྟེ། སུམ་ཅུ་རྩ་གཉིས་ནི་ཤེར་ཕྱིན་གྱི་མདོ་ནས་བཤད་པ་ལྟར་ཡིན་ལ། ཡང་། རྒྱུད་བླ་མ་ལས།  བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་ནས། ལེགས་གནས་འཁོར་ལོས་མཚན་པ་དང་། །ཡངས་ཤིང་ཞབས་ལོང་མི་མངོན་དང་། །སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་བ་དང་། །ལྤགས་འཇམ་གཞོན་ཤ་ཅན་ལེགས་ཉིད།  །སྐུ་ནི་བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡ་འདྲ་གསང་།  །གླང་པོ་བཞིན་དུ་སྦུབས་སུ་ནུབ།  །རོ་སྟོད་སེང་གེ་འདྲ་བ་དང་། །ཐལ་གོང་བར་མེད་རྒྱས་པ་དང་། །དཔུང་འགོ་ལེགས་ཟླུམ་ཕྱག་འཇམ་དང་། །ཟླུམ་ཞིང་མཐོ་དམའ་མེད་པ་དང་། །ཕྱག་རིང་ཡོངས་སུ་དག་པའི་སྐུ།  །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང། །མགྲིན་པ་དྲི་མེད་དུང་འདྲ་དང་། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང་། །རབ་ཏུ་དྭངས་དང་ཚེམས་ཚགས་བཟང་། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་དང་། །རོ་བྲོ་བ་ཡི་མཆོག་ཉིད་དང།  །རང་བྱུང་ཀ་ལ་པིངྐ་ཡི།  །སྒྲ་དང་ཚངས་པའི་དབྱངས་ཉིད་དང་།  །སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང་། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་དང། །གཙུག་ཏོར་དབུར་ལྡན་དག་ཅིང་སྲབ་པ་དང་། །ལྤགས་པ་གསེར་གྱི་མདོག་ལྡན་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་དང་། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཞེས་གསུངས་པ་ལྟར་ན། དངོས་ཟིན་གྲངས་སུམ་ཅུ་རྩ་གཉིས་ལས་ལྷག་པ་བྱུང་ཡང་། ཕན་ཚུན་དུ་བསྡུས་ནས་འཇོག་ཅིང་། ཕལ་ཆེར་སྔ་མ་དང་འདྲའོ། །
དཔེ་བྱད་བཟང་པོ་བརྒྱད་ཅུ་ནི།  མངོན་རྟོགས་རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་པ་ནས། སངས་རྒྱས་དཔེ་བྱད་བཟང་པོར་བཞེད།   །ཅེས་པའི་བར་གྱིས་བསྟན་པ་ལྟར་དཔེ་བྱད་བརྒྱད་ཅུའོ། །མཚན་དཔེ་འདི་དག་ལ་ཅིའི་ཕྱིར་མཚན་དང་དཔེ་བྱད་ཅེས་བྱ་ཞེ་ན། རང་གང་ལ་ལྡན་པའི་གང་ཟག་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་ཉིད་ལྟ་བུ་ཡིན་པས་ན་མཚན་དང། སེན་མོ་ཟངས་ཀྱི་མདོག་ཅན་དེ་ནང་དུ་འདུ་བྱེད་ཐམས་ཅད་ལ་ཆགས་པ་དང་བྲལ་བའི་ཡོན་ཏན་དེ་ཉིད་གཞན་ལ་གོ་བར་བྱེད་པའི་ཕྱིའི་དཔེ་ལྟ་བུ་ཡིན་པས་སམ། ཕ་རོལ་པོ་ལ་སྐུའི་མཛེས་པ་བསྐྱེད་པའམ་སྟོན་བྱེད་ཡིན་པས་ན་དཔེ་བྱད་ཅེས་བྱ་སྟེ་དེས་གཞན་རྣམས་ཀྱང་ཤེས་པར་བྱའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། འགྲོ་བ་སྤྱི་དང་ཁྱད་པར་དུའང་བདག་གི་བློ་གྲོས་ཀྱི་མི་ཤེས་པའི་མུན་པ་སེལ་བར་མཛད་པའི་འཇམ་པའི་དབྱངས་ལ་གུས་པས་འདུད་པར་བགྱིའོ།  །
གཉིས་པ་ཞར་ལ་བྱུང་བ་ནི། འགའ་ཞིག་འདི་ལྟར་དོགས་པ་སློང་སྟེ།  ཁྱོད་ཀྱིས་འཇམ་དཔལ་དབྱངས་རྒྱལ་བའི་ཡབ་དང་རྒྱལ་བའི་སྲས་སུ་བཤད་པ་གཉིས་འགལ་ཏེ། གཞི་གཅིག་ལ་ཡབ་དང་སྲས་གཉིས་འགལ་བའི་ཕྱིར། ཞེས་ཟེར། དེ་ལ་སྐྱོན་མེད་དེ། རྒྱལ་བའི་ཡབ་ཅེས་པ་ནི། འཇམ་དཔལ་དབྱངས་ཀྱིས་སྔོན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པའི་སངས་རྒྱས་གྲངས་མེད་པ།  དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དུ་བཅུག་པའི་ཆ་ནས་དེ་ལྟར་བཤད་པ་ཡིན་ལ། རང་གི་ཡོངས་འཛིན་དུ་གྱུར་པའི་དགེ་བའི་བཤེས་སུ་གྱུར་པའི་རྒྱལ་བ་འགའ་ཞིག་ལས་འཁྲུངས་པའི་རྒྱུ་མཚན་གྱིས་རྒྱལ་བའི་སྲས་ཞེས་བཤད་པ་ཡིན་པས་འགལ་བ་མེད་པར་དབུ་མ་ལ་འཇུག་པའི། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པའི་དོན་འཆད་སྐབས་རྩོད་པ་སྤོང་ཚུལ་རྗེ་ཡབ་སྲས་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ།  །
གསུམ་པ་རྗེ་བཙུན་འཇམ་པའི་དབྱངས་ལ་བསྙེན་པའི་ཕན་ཡོན་བསྟན་པ་ལ། དུས་དང་། རྒྱུན་གྱི་ཕན་ཡོན་བསྟན་པ་གཉིས། དང་པོ་ནི། བསྟོད་པའི་རྒྱལ་པོ་འདི་དུས་དུས་སུ་སྒྲོག་པའི་ཕན་ཡོན་ཇི་ལྟར་འབྱུང་ཚུལ་ནི། སྐྱེས་བུ་ག༷ང་ཞི༷ག་རྫོགས་བྱང་དོན་དུ་གཉེར་ཏེ། གཞན་དོན་ཁུར་དུ་འཁྱེར་བའི་ལྷ༷ག་པ༷འི་བས༷མ་པ༷་རྣ༷མ་པ༷ར་ད༷ག་པ༷ས།   གཅི༷ག་ད༷ང།  བདུ༷ན་ད༷ང་། ཉི་༷ཤུ༷་རྩ༷་གཅི༷ག་ད༷ང་།  བརྒྱ༷་ད༷ང་སྟོ༷ང་ལ༷་སོ༷གས་པ༷་ད༷ག་ལོའམ་ཟླ་བ་ལ་སོགས་པའི་བར་དུ་ཉི༷ན་རེ༷་བཞི༷ན་དུ༷་སྒྲོ༷ག་པ༷་དེ༷་ལ་ནི༷།  གོ༷་རི༷མ་ཇི་ལྟ་བ་བཞི༷ན་དུ༷་སྒྲི༷བ་པ༷་ད༷ག་པ༷་ལ་སོགས་པའི་ཡོན་ཏན་ད༷ང་ལྡན་པར་འགྱུར་ཏེ། ལན་རེ་སྒྲོག་པས་ཡོན་ཏན་སྐྱེ་བའི་གེགས་སུ་གྱུར་བའི་སྒྲིབ་པ་དག་སྟེ། དྲན་པ་ཉེར་གཞག་བཞི་ལ་འཇུག་པ་དང་། ལན་བདུན་གྱིས་ཡོན་ཏན་སྐྱེ་བའི་རྒྱུ་ཐོས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་འཛི༷ན་ནུས་པ༷་ད༷ང།   ཉེར་གཅིག་གིས་ཡོན་ཏན་གྱི་སྣོད་སྤོབས་པ་ཐོབ་པ་དང། བློ་གྲོས་ཐོགས་པ་མེད་པ་སྐྱེ་བས་ཡང་དག་སྤོང་བ་བཞིའི་བརྩོན་འགྲུས་རྩོམ་པ་དང་། བརྒྱ་ཕྲག་གིས་མི༷་བརྗེ༷ད་པ༷འི་གཟུ༷ངས་ཐོབ་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ད༷ང་། སྟོང་གིས་ཡོན་ཏན་གྱི་བྱེད་ལས་ཕྱི༷ར་རྒོ༷ལ་པ༷་ཐ༷མས་ཅ༷ད་འཇོ༷མས་པ༷འི་ཤེ༷ས་ར༷བ་ཀྱི༷་དབ༷ང་པོ༷་ད༷ང། སོགས་ཁོང་གིས་བསྡུས་པ་སྟོང་ཕྲག་ལས་ལྷག་པ་སོགས་བཟླས་པས་ཤེས་རབ་ཀྱི་དབང་པོ་དེ་ལ་ཚུར་རྫི་བར་མི་ནུས་པ་དང་། དེས་མཚོན་ནས་དབང་པོ་ལྔ་དང་སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད། ལ༷་སོ༷གས་པ༷འི་སློབ་པ་དང་མི་སློབ་པའི་ཡོ༷ན་ཏ༷ན་དཔ༷ག་ཏུ༷་མེ༷ད་པ༷་ད༷ང་ལྡ༷ན་པ༷ར་འགྱུ༷ར་རོ༷། །གཉིས་པ་ནི། དེར་མ་ཟད་དུས་རྒྱུན་དུ་བསྟོད་པའི་ཕན་ཡོན་ནི། སྐྱེས་བུ་ག༷ང་ཞི༷ག་གིས་ཇི་སྲིད་འཚོ་བའི་བར་དུ་ཉི༷ན་རེ༷་བཞི༷ན་དུ༷་ལ༷ན་གསུ༷མ་དུ༷་བསྟོད་པར་བྱེད་པ་དེ་ནི། གོང་དུ་ཇི༷་སྐ༷ད་བཤ༷ད་པ༷འི་ཡོ༷ན་ཏ༷ན་དེ༷་ད༷ག་ད༷ང་ལྡ༷ན་པ༷ས། སྟོང་ཉིད་རྟོགས་པའི་ཤེ༷ས་ར༷བ་ད༷ང་། ཐབས་སྙི༷ང་རྗེ༷་ད༷ང་། དེ་གཉིས་ཟུང་དུ་འབྲེལ་བའི་ལ༷མ་ད༷ང་། ས༷་བཅུའི་རིམ་པ་རྣ༷མས་ལེགས་པར་རི༷མ་གྱི༷ས་བགྲོད་དེ་གོང་ནས་གོང་དུ་སྤངས་རྟོགས་ཀྱི་ཡོན་ཏན་ཆེ༷ས་ཆེ༷ར་འཕ༷གས་ན༷ས་མྱུ༷ར་དུ༷་ཤེ༷ས་བྱ༷འི་རྣ༷མ་པ༷་ཐ༷མས་ཅ༷ད་མཁྱེ༷ན་པ༷འི་གྲོ༷ང་ཁྱེ༷ར་དུ༷་ཕྱི༷ན་ན༷ས་སྐུ་གཉིས་མངོན་དུ་བྱས་ཏེ། འགྲོ༷་བ༷་མ༷་ལུ༷ས་པ་སྡུག་བསྔལ་རྒྱུ་དང་བཅས་པའི་འཁོ༷ར་བ༷་ལ༷ས་སྒྲོ༷ལ་བ་ལ་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པའི་དེ༷ད་དཔོ༷ན་ཆེ༷ན་༷པོར་འགྱུར་བའི་ཕྱིར་རོ༷། །གཞན་ཡང། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས།  གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱི་མཚན་བརྗོད་པ་བས་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་བརྗོད་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། འཇམ་དཔལ་གྱིས་བསྐལ་པ་རེ་རེར་སེམས་ཅན་གྱི་དོན་བྱས་པ་དེ་སྙེད་དེ་བཞིན་གཤེགས་པ་དེ་སྙེད་ཀྱིས་མ་མཛད་པའི་ཕྱིར། ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ཉམས་འོག་ཏུ་ཆུད་པས་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་རྣམ་པར་ཐར་པ་གཅིག་ཏུ་བསྡུས་པ་བཞིན་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་། དཔེར་ན། མི་མཇེད་འཇིག་རྟེན་གྱི་ཞིང་འདིར་ཡང། བྱང་ཆུབ་སེམས་དཔའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཐོག་མར་རྒྱལ་པོའི་ཁབ་ནས་ངེས་པར་འབྱུང་བའི་རྐྱེན་འཇམ་དཔལ་དགེ་སློང་གི་རྣམ་པ་བསྟན་པས་བསྐུལ་བ་དང་། སངས་རྒྱས་པའི་ཚེ་འཁོར་གྱི་རྣམ་པས་ཟབ་མོའི་མདོ་རྒྱུད་ཐམས་ཅད་ཀྱི་གླེང་བསླང་བ་དང་། རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་དང། གནས་བརྟན་འོད་སྲུངས་ཆེན་པོའི་གནས་དབྱུང་བ་ལྟར་སྤྱོད་པས་ངོ་མཚར་གྱི་ཆོ་འཕྲུལ་ཆེན་པོ་བསྟན་པ་སོགས་མདོ་སྡེ་དུ་མ་ནས་འབྱུང་བ་ལྟར། བསྐལ་བཟང་སངས་རྒྱས་ཐམས་ཅད་ལ་མཛད་པར་གསུངས་པ་དང། སྟོན་པ་ཐུབ་པའི་དབང་པོའི་ཉན་ཐོས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་ངེས་དོན་དུ་འཇམ་དཔལ་དབྱངས་ཡིན་པ་རྒྱུད་དུ་མ་ནས་འབྱུང་བ་སོགས་ཉན་ཐོས་དང།  འཕགས་པ་ཀླུ་སྒྲུབ་སོགས་རྒྱན་དྲུག་ཕལ་ཆེར་དང་། འཇམ་དཔལ་བཤེས་གཉེན།  བི་མ་ལ་མི་ཏྲ། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་རྒྱ་གར་གྱི་པཎྜི་ཏ་དང། བོད་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས། ལོ་ཆེན་བེཻ་རོ། ས་སྐྱ་པཎྜི་ཏ་ཆེན་པོ།  རྗེ་རིན་པོ་ཆེ།  ཀུན་ཆེན་ཀློང་རོང་གཉིས་དང།  འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་གསར་རྙིང་གི་སྐྱེས་བུ་དམ་པ་མང་པོ་དང། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སོགས་རྒྱལ་པོ་དང་། སློབ་དཔོན་ཐོན་མི་སོགས་བློན་པོའི་ཚུལ་བསྟན་པ་ཡོངས་སུ་གྲགས་པས་མཚོན། གདུལ་བྱ་སོ་སོའི་ལས་དང་སྐལ་པ་མཆོག་དམན་གྱི་སྣང་བ་དང་ཁམས་མོས་བསམ་པ་དབང་པོའི་ཁྱད་པར་དང་མཐུན་པར་སྐུ་དང་མཛད་པའི་ཆོ་འཕྲུལ་དེ་བཞིན་དུ་སྟོན་པའི་བཀོད་པ་ཆུ་ཟླའི་སྣང་བརྙན་དང་སྒྱུ་མའི་མིག་འཕྲུལ་བཞིན་སྐད་ཅིག་རེ་རེ་ལའང་མངོན་དུ་འདུ་བར་མཛད་པས། ཇི་སྐད་དུ་འཇམ་དཔལ་མཚན་བརྗོད་ལས། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ།  །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི།  ངེས་དོན་དུ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཡིན་ཀྱང་། དྲང་དོན་གདུལ་བྱའི་སྣང་ངོར་ཟུར་ཕུད་དོར་བ་དགེ་སློང་གི་རྣམ་པ་ཅན་དུ་བྱོན་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་དངོས་སུ་གཟིགས་ཤིང་། གདམས་ངག་རྒྱུན་མ་ཆད་པར་གསན་ཅིང་གཞན་ལ་ཡང་འདོམས་པའི་ཚུལ་མཛད་པ་ཡིན་ཏེ།  འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས།  ཨིནྡྲ་ནི་ལའི་མདོག་ལྟར་རབ་སྔོ་བའི། །རབ་མཛེས་འོད་ཟེར་ལྔ་ཡི་དྲ་བ་ཅན། །ཤིན་ཏུ་ཟླུམ་པའི་དབུས་སུ་འཇམ་པའི་དབྱངས། །མངོན་སུམ་གཟིགས་པ་རྒྱལ་སྲས་ཆོས་ཀྱི་རྗེ། །ཞེས་དང། དེ་ནས་བརྩམས་ཏེ་རྗེ་བཙུན་མཁྱེན་པའི་གཏེར། །ནམ་འདོད་གཟིགས་ཤིང་དཔལ་ལྡན་འདུས་པ་དང་། །ཤེས་རབ་ཕ་རོལ་ཕྱིན་གཞུང་ཟབ་མོའི་དོན། །རྒྱུན་དུ་གསན་པ། །ཞེས་གསུངས་པ་ལྟར། སྐྱིད་ཤོད་དགའ་བ་གདོང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་པ་ནས་བཟུང་སྟེ། རྗེ་བཙུན་གྱིས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་མིས་མི་ལ་ལབ་པ་ལྟར་འདོམས་པར་མཛད་ཅིང་།  ཐ་ན་འཁོར་བསྟེན་པ་དང། འབྱོན་བཞུགས་ལ་སོགས་པའི་འཕྲལ་གྱི་སྤྱོད་ལམ་ཡང་ཕལ་ཆེར་མགོན་པོ་འཇམ་དབྱངས་ཉིད་ལ་ཞུས་ཤིང་།  ཇི་ལྟར་ལུང་བསྟན་པ་ལྟར་མཛད་པ་གསང་བའི་རྣམ་ཐར་དུ་གསལ་བ་ལྟར་རྗེ་ཉིད་ཀྱིས་ཀྱང་། ལེགས་བཤད་སྙིང་པོ་ལས། འཇམ་དབྱངས་ཞེས་གྲ༷གས་གྲ༷གས་པའི་ཕྲེང་བས་ཀུན་ཁྱ༷བ་ཁྱ༷བ་བདག་དེ་ཡི་ཞབས། །ཤུགས་དྲག་རྒྱུན་མི་ཆད་པའི་དད་པ་ཡིས།  སྙིང་གི་པདྨའི་ལྟེ་བར་གུས་བསྟེན་པས།   །གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཞེས་དང་། རིམ་ལྔ་གསལ་སྒྲོན་ལས། གང་གི་འཕྲིན་ལས་ཟེགས་མའི་ཆ་ཤས་ཙམ། །སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ།  །ཤིན་ཏུ་སྦས་དོན་ལྷང་ངེར་གསལ་མཛད་པ། །རྗེ་བཙུན་མཁྱེན་པའི་གཏེར་དེས་བདག་སྐྱོངས་ཤིག །ཅེས་དང་། རྗེ་རིན་པོ་ཆེའི་གསུང་རྟོགས་བརྗོད་འདུན་ལེགས་མ་ལས།  དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གི །དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།  །ཞེས་དང། སྔགས་རིམ་ལས། མཚམས་སྤྲིན་གཞོན་ནུས་འཁྱུད་པའི་གསེར་གྱི་རི།  །ཨིནྡྲ་ནི་ལའི་ཐོར་ཅོག་བཅིངས་པ་བཞིན།  །དམར་སེར་སྐུ་ཡི་ཡིད་འཕྲོག་གང་གི་གཙུག །མཐོན་མཐིང་རལ་བའི་ཟུར་ཕུད་ལྔས་མཛེས་པའི། འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་ཏུ་བདག །དགྱེས་ཤིང་རྗེས་སུ་བཟུང་བའི་དྲིན་ལས་ནི། །གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ལ། །བློ་གྲོས་ཐོགས་པ་མེད་པར་འཇུག་པར་གྱུར།  །ཞེས་གསུངས་པ་ལྟར། རང་རེས་ཀྱང་རྟེན་འབྲེལ་གྱི་གནད་ཀྱིས་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷར་བསྟེན་པ་ལྟར་བསྟེན་ན། དངོས་གྲུབ་ཐམས་ཅད་འགྲུབ་པར་བླ་མ་དམ་པ་གོང་མ་ཚོས་ཡང་ཡང་གསུངས་པ་ལྟར་ཚུལ་བཞིན་དུ་བསྟེན་པ་ལ་སྒོ་ཐམས་ཅད་ནས་འབད་པར་བྱའོ། །
ལྔ་པ་མཇུག་གི་དོན་ནི། མཛད་བྱང་དང་། བསྒྱུར་བྱང་རིམ་པར་སྟོན་པ་སྟེ་གོ་སླའོ། །
སྨྲས་པ། འཇམ་པའི་དབྱངས་ཞེས་གྲགས་པའི་སྙན་པ་ཡིས། །རྒྱ་བོད་མཁས་པའི་སྙིང་ལ་བདུད་རྩིའི་མཚོ། །གཡས་སུ་བསྐྱིལ་བས་དགའ་བདེ་རླབས་ཀྱི་ཕྲེང། །འགོག་མེད་མཁའ་ལ་འཕྱུར་བའི་གཏམ་དེ་སྙན། །མདོ་རྒྱུད་ལུང་གིས་ཟིན་པའི་ཆོ་ག་བཞིན། །བསྒྲུབས་ཤིང་བསྙེན་པས་ལུང་རྟོགས་ཡོན་ཏན་མཛོད། །རྙེད་པའི་མཁས་གྲུབ་གསེར་རིའི་གྲལ་བསྟར་བ། །བསྟན་དང་འགྲོ་ལ་ཕན་བདེའི་ཉེར་འཚོར་གྱུར། །བསྟོད་པའི་རྒྱལ་པོ་འདི་ཡི་ཚིག་དང་དོན། །ཤར་སྒོམ་བྱིན་རླབས་ཉིན་བྱེད་འབར་བའི་གཟིས། །བློ་གྲོས་པད་ཚལ་བཞད་པའི་བསུང་ཞིམ་དྲིས།    །ཡིད་འཕྲོག་སྐལ་ལྡན་གྲངས་ཀྱི་མཐའ་མི་དཔོག །ཐོག་མཐའ་བར་དུ་དགེ་བ་འདི་ཡི་དོན། །མཁྱེན་འདོད་སྐལ་མཉམ་གྲོགས་དག་ཤེས་རབ་མིག །རྣམ་འབྱེད་འགྲེལ་པ་འདི་བྲིས་བསོད་ནམས་ཀྱིས། །འགྲོ་ཀུན་འཇམ་དབྱངས་བརྩེ་བས་རྗེས་འཛིན་ཤོག །ཅེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མར་གྲགས་པའི་ཚིག་དོན་རྣམ་པར་བཤད་པ་ཤེས་རབ་མིག་འབྱེད་ཅེས་བྱ་བ་འདི་ནི།    བཙན་བྱོལ་སློབ་གྲྭ་ཁག་གི་སློབ་མ་ཚོས་འཇམ་དབྱངས་གང་བློ་མར་གྲགས་པ་འདི་རྒྱུན་གྱི་ཞལ་འདོན་ཡིན་པས།  འདིའི་དོན་ངོ་སྤྲོད་ཀྱི་ཟུར་བལྟའི་ཡིག་ཆ་ཞིག་དགོས་གལ་ཆེ་ཚུལ་ཆོས་དགེ་འགའ་ཞིག་གིས་ཡང་ཡང་བསྐུལ་བ་དང་།   ཉེ་ལམ་རྡ་སར་དབུས་སྨན་རྩིས་ཁང་གི་སློབ་ཕྲུག་ཚོར་གཞུང་འདིའི་དོན་འཆད་དགོས་ཞེས་འབྲེལ་ཡོད་ནས་ནན་སྐུལ་བྱུང་དོན་བཞིན།   སློབ་ཁྲིད་གྲ་སྒྲིག་ལྟ་བུར་སེར་བྱེས་ལྷ་རམས་པ་རོང་པོ་རྒྱལ་བའི་མྱུ་གུར་འབོད་པས་ཕྱི་ལོ༢༠༡༢   ཟླ༦   ཚེས་༣   ཉིན་རྡ་སར་ལེགས་པར་བསྒྲིགས་ཏེ་མཇུག་རྫོགས་པར་སྦྱར་བའོ།  །

སྔོན་མ།
མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་བ།
ཕྱི་མ།
གཏན་འབེབས་བརྡ་ཆད་སྦྱང་རྩལ་ཕུལ་བྱུང་བྱ་དགའ།
Menu