ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་བོད་ཡིག་དགེ་རྒན་འོས་སྦྱོང་དབུ་འཛུགས་གནང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་དུས་ཡུན་ལོ་གཅིག་དང་ཕྱེད་ཀ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་འོས་སྦྱོང་གོ་སྒྲིག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ཆེད་ཕེབས་ཐོག་འོས་སྦྱོང་དབུ་འབྱེད་གནང་ཡོད། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དང་འོས་སྦྱོང་སློབ་ཁྲིད་གནང་མཁན་སློབ་དཔོན་རྣམས་ཀྱང་མཛད་སྒོར་མཉམ་ཞུགས་གནང་ཡོད།

མཛད་སྒོའི་ཐོག་མར་ཤེས་ལྷན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་དང་ས་རཱ་མཐོ་སློབ་ཀྱི་འབྲེལ་ཡོད་རྣམ་པ། དགེ་རྒན་འོས་སྦྱོང་པ་རྣམས་ལ་ཕེབས་བསུ་དང་འབྲེལ་འོས་སྦྱོང་ངོ་སྤྲོད་གནང་། དེ་རྗེས་འོས་སྦྱོང་པ་དོ་བདག་སོ་སོས་ལོ་རྒྱུས་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་འོས་སྦྱོང་དབུ་འབྱེད་ཀྱི་ལམ་སྟོན་བཀའ་སློབ་ནང་དགེ་རྒན་འོས་སྦྱོང་གི་གལ་གནད་དང་། ལོ་གཅིག་དང་ཕྱེད་ཀའི་རིང་འོས་སྦྱོང་གནང་སྐབས་དོ་སྣང་གང་དང་གང་ལ་གནང་དགོས་མིན།
ལྷག་པར་དུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་འགྱུར་བཅོས་ཇི་ལྟར་གཏོང་དགོས་མིན། དགེ་རྒན་ཚད་ལྡན་ཞིག་ལ་ཚང་དགོས་པའི་ཡོན་ཏན་གང་ཡིན་བཅས་དགེ་རྒན་རང་ཉིད་ཤེས་ཡོན་ཙམ་མིན་པར་སྒོ་གསུམ་གྱི་ཀུན་སྤྱོད་ཡ་རབས་ཚུལ་ལྡན་དགོས་སྐོར་སོགས་ལམ་སྟོན་ཟབ་རྒྱས་གནང་།
མཐར་ཤེས་རིག་དྲུང་གཞོན་ཚེ་སྒྲུབ་བསྟན་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་གནང་རྗེས་མཛད་སྒོ་གྲོལ། ཐེངས་འདིར་དགེ་རྒན་འོས་སྦྱོང་གི་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་ཐེབས་རྩ་ USAID ཡིན་འདུག་པ་བཅས།།

སྔོན་མ།
བྱིས་པའི་གླུ་གཞས་དང་བྱིས་སྒྲུང་འགུལ་བརྙན་བོགས་གཏོང་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་ ༢༠༡༩ ལོའི་སློབ་མཚམས་འཇོག་མིར་སློབ་ཡོན་གསལ་སྒྲགས།
Menu