ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་འཁྲིད་བྱ་ཐབས་ཀྱི་ཟབ་སྦྱོང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༨ ཟླ་ ༤ ཚེས་ ༢༣ ནས་༢༧ བར་ཉིན་གྲངས་ལྔའི་རིང་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་འཁྲིད་བྱ་ཐབས་ཀྱི་ཟབ་སྦྱོང་ཞིག་སམ་བྷོ་ཊ་སྤོན་ཊ་གཏན་སློབ་ཏུ་བསྐོང་ཚོགས་ཞུས་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་སཾ་བྷོ་ཊ་ཁྱབ་ཁོངས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། ཅོན་ཏ་ར། བདེ་སྐྱིད་གླིང་། སྤོན་ཊ་གཏན་སློབ་བཅས་ཀྱི་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་རྣམས་མཉམ་ཞུགས་གནང་ཡོད།
ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༢ ནས་བཟུང་ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་དཔར་འགྲེམས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་རིམ་བཞིན་བོད་སྐད་བརྒྱུད་ལམ་ཐོག་སློབ་འཁྲིད་བྱ་རྒྱུའི་འགོ་འཛུགས་ཞུས་ཤིང། དེ་འབྲེལ་གྱི་ཟབ་སྦྱོང་ཡང་ཐེངས་ཁ་ཤས་སྤྲད་ཡོད། ལོ་ཤས་སྤྱི་ཚན་བོད་སྐད་བརྒྱུད་ལམ་ནས་དགེ་རྒན་རྣམ་པའི་སློབ་འཁྲིད་གནང་བའི་ཉམས་མྱོང་ནང་དཀའ་གནད་འཕྲད་སའི་གནད་དོན་ཁག་གསེལ་དཀྲོལ་ཡོང་ཐབས་དང། དགེ་རྒན་གསར་པ་རྣམས་ལ་སློབ་དེབ་རྒྱུས་སྟོན་སོགས་བྱ་ཆེད་ད་ཐེངས་ཀྱི་ཟབ་སྦྱོང་འདི་གོ་སྒྲིག་ཞུས་ཡོད་པ་རེད།
ཐེངས་འདིར་ཟབ་འཁྲིད་གནང་མཁན་ནི་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པ་ཟུར་པ་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུད་དྷཱ་སྐྱབས་ལགས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་གཉིས་ཡིན་ཞིང། ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་ཞུས་ཡོད་པ་རེད།

སྔོན་མ།
ཆོད་གན་ལས་བྱེད་ས་མིག་གསལ་བསྒྲགས།
ཕྱི་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཅུ་དགུ་པ་ལེགས་གྲུབ་ཟིན་པ།
Menu