ཟླ་རེའི་གསར་འགྱུར།

བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་རྗེས་ཤེས་རིག་བཀའ་བློན་གྱི་ཕྱག་ལས་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་པ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་དབོ་ཟླའི་ཚེས་ ༡༨ ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣ རེས་གཟའ་མིག་དམར་ཉིན་བཞུགས་སྒར་དྷ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་ཡང་ཐོག་ཚོགས་ཁང་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་བ་དང་། ཕྱི་ཚེས་༤ ཉིན་ཤེས་རིག་ལས་ཁུངས་སུ་བཀའ་བློན་ཕྱག་ལས་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས།
དེ་ཡང་ཕྱི་ཚེས་༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག ཁྲིམས་ཞིབ་པ་གཞན་ངག་དབང་རབ་རྒྱལ་མཆོག་དང་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ། ཚོགས་མི། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཀྱིས་བཀྲ་ཤིས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། བདམས་ཐོན་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་གྲུབ་བསྟུན། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་སྒྲོན་འབུལ་གནང་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད།
དེ་ནས་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་གྱིས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ་བཀའ་བློན་མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་ཡོད།
བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་ཤེས་རིག་བཀའ་བློན་དུ་བསྒོ་གཞག་གནང་བ་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་དོན་ལྟར། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ལ་ཤེས་རིག་ལས་ཁུངས་ཀྱི་སྲི་ཞུ་ལས་བྱེད་རྣམས་ཀྱིས་དགའ་བསུའི་འཚམས་འདྲི་རྒྱ་ཆེ་ཞུས་པའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་གཙོས་སཾ་བྷོ་ཊ་དང་། དྷ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། འགན་འཛིན་ལས་རོགས། དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། དགེ་ཆེ། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་དང་ལས་བྱེད་སོགས་ཚང་འཛོམས་ཐོག་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་མཆོག་གིས་ཕེབས་བསུ་གསུང་བཤད་གནང་བ་དང་། ཚོགས་བཅར་བ་ཡོངས་ཀྱིས་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ལས་ཁུར་བཞེས་པར་འཚམས་འདྲིའི་མཇལ་དར་ཕུལ་རྗེས། བཀའ་བློན་མཆོག་གིས་མ་འོངས་པ་ཤེས་རིག་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་། ནུས་པ་མཉམ་སྤུངས། ལས་དོན་བྱེད་ཕྱོགས་སྐོར་གསུང་བཤད་གནང་ཡོད་པ་བཅས།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཚོགས་པ།
ཕྱི་མ།
ཆོད་གན་ལས་བྱེད་ས་མིག་གསལ་བསྒྲགས།
Menu