ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་བསྐྱངས།

Uncategorized

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༠ ཉིན། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག་བཀའ་ཤག་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་སྐོང་འཚོགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་ངག་དབང་རབ་རྒྱལ་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས། ཤེས་རིག་དེང་རབས་ཤེས་ཡོན་འགན་ཚེ་རིང་ཕུན་ཚོགས་ལགས། དྷ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྒྲོལ་དཀར་ལགས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ཚོགས་ཞུགས་གནང་ཡོད། མཛད་སྒོར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ནས་ལས་རིམ་གཙོ་སྐྱོང་གནང་ཐོག་ཤེས་རིག་བཀའ་བློན་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བ་དང་ཆབས་ཅིག ཤེས་ཡོན་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་། ད་ལྟའི་ཆར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གཞི་རིམ་འོག་མའི་ཤེས་ཡོན་ཆེད་བྱིས་པའི་ཀློག་རྩལ་ཁྲིད་ཐབས་དང་། དགེ་རྒན་གྱི་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་མཐུན་རྐྱེན་སྦྱར་རྒྱུ། དེ་བཞིན་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ཐོག་ཡར་རྒྱས་གཏོང་རྒྱུ་བཅས་ཀྱི་ཐོག་ལ་ཤུགས་རྒྱག་བཞིན་ཡོད་པ་དང་། དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་ཆིག་སྟོང་ཉིས་བརྒྱ་ཙམ་ཡོད་པ་རྣམས་ལ་རིམ་པས་དགེ་རྒན་སོ་སོའི་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་དང་སློབ་ཁྲིད་ཐབས་ལམ་ཡར་རྒྱས་གཏོང་རྒྱུའི་ཟབ་སྦྱོང་འབུལ་འཆར་ཡོད་སྐོར་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་འབྲེལ་ཡོད་སློབ་གྲྭ་སོ་སོའི་འགན་འཛིན་གྱི་ངོས་ནས་ཟབ་སྦྱོང་ནང་དགེ་རྒན་རྣམ་པས་གང་ཤེས་པ་དེ་དག་དངོས་སུ་སློབ་ཁྲིད་སྐབས་ལག་ལེན་འཁེལ་ཐུབ་པ་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་དོན། རྣམ་པ་ཚོས་ཤེས་ཡོན་ལྷན་ཚོགས་འདི་གལ་ཆེན་པོར་རྩིས་ཏེ་ཆེད་མངགས་འདིར་འཛོམས་པ་ལྟར། ཚོགས་འདུའི་ཐོག་ཕྱི་གསལ་ནང་གསལ་གྱི་སྒོ་ནས་བཀའ་བསྡུར་དང་དགོངས་འཆར་ལྷུག་པོ་ཡོང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཤེས་ཡོན་ལྷན་ཚོགས་འདི་བཞིན་ལམ་ལྷོང་འགྲོ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་རིང་ངོས་རང་འདིར་བཅར་དགོས་དོན་ནི་རིན་པོ་ཆེ་མཆོག་གིས་ངོས་ལ་ཤེས་ཡོན་ལྷན་ཚོགས་དང་འབྲེལ་གང་ཅིའི་ཐད་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རུ་བཅར་བ་ཡིན། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། ཤེས་རིག་ལས་ཁུངས་སྤྱི་དང་། ལྷག་པར་སློབ་སྤྱི་དང་དགེ་རྒན་རྣམ་པས་སྐུ་ལས་སྐྱོན་པར་བརྟེན། དེང་སྐབས་བོད་རིགས་སློབ་ཕྲུག་ཚོ་སྤྱི་ཡོངས་ཀྱི་ཆ་ནས་ཡར་རྒྱས་གང་ཙམ་ཕྱིན་འདུག དེར་བརྟེན་བཀའ་ཤག་གི་ངོས་ནས་རྣམ་པ་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེའི་རྗེས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ིཀཤེས་ཡོན་གྱི་ཆེད་མཁས་མི་སྣ་ལས་སྒྲུབ་པའི་ལྷན་ཚོགས་འཛུགས་ཐུབ་ན་དགེ་ཚན་ཡོད་སྐོར་གསུང་དོན། ཤེས་ཡོན་ལྷན་ཚོགས་འདི་ཐོག་མར་འཛུགས་རྒྱུའི་བསམ་བློའི་རྒྱབ་ལྗོངས་ནང་གང་ཡོད་པ་རེད་ཅེ་ན། ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ནས་ཤེས་ཡོན་གྱི་ལམ་སྲོལ་འདི་ལྟ་བུའི་ཐོག་ཤར་བསྐྱོད་བྱེད་ཐུབ་པའི་དབང་དུ་བཏང་ན། འབྱུང་འགྱུར་ང་ཚོས་མཐའ་མའི་རྒྱུགས་སྤྲོད་གཏོང་ས་དེ་ས་གནས་ཀྱི་རྒྱུགས་སྤྲོད་ཀྱི་ཚོགས་སྡེ་གཅིག་གི་ནང་གཏོང་དགོས་སྟབས། ང་ཚོར་རང་དབང་དེ་བརྒྱ་ཆ་ཉི་ཤུ་རྩ་གྲངས་མ་གཏོགས་བརྒྱ་ཆ་མང་ཆེ་བ་ཁོང་ཚོའི་སྒྲོམ་གཞིའི་འོག་འགྲོ་དགོས་པ་ཆགས་ཀྱི་ཡོད། ལྷག་པར་བོད་དོན་བདེན་མཐའ་གསལ་ནས་བོད་ཀྱི་ནང་ཤེས་ཡོན་གྱི་ལམ་སྲོལ་དེ་ང་ཚོའི་ལག་པར་སྟངས་འཛིན་བྱེད་རྒྱུ་ཡོད་པ་ཞིག་ཆགས་ན། དེའི་སྐབས་ཉམས་མྱོང་དགོས་རྒྱུའི་ཐོག་དགོངས་པ་བཞེས་ཏེ། མ་འོངས་པར་རྒྱུགས་སྤྲོད་ཀྱི་ལྷན་ཚོགས་ཤིག་འཛུགས་ཐུབ་པ་བྱུང་ན་དེ་འཛུགས་རྒྱུའི་ས་བོན་ལྟ་བུ་ཞིག་ད་ལྟ་ནས་དགོས་པ་ཞིག་ཡིན་སྟབས། ས་བོན་ལྟ་བུ་ལ་འཛིན་སྐྱོང་གི་ལས་བྱེད་རྐྱང་པ་མིན་པར། ཤེས་ཡོན་གྱི་ཆེད་མཁས་མི་སྣ་ལས་གྲུབ་པའི་ལྷན་ཚོགས་ཤིག་འཛུགས་ཐུབ་པ་བྱུང་ན། དེས་སློབ་ཚན་གཏན་འབེབས་བྱེད་རྒྱུ་དང་། རྒྱུགས་སྤྲོད་ཀྱི་ལམ་སྲོལ་ལ་སྟངས་འཛིན་བྱེད་རྒྱུ། སློབ་གྲྭ་ཁག་ངོས་ལེན་བྱེད་རྒྱུ། དགེ་རྒན་ཚོས་གནས་ཚད་ངོས་འཛིན་དང་གཏན་འབེབས། ཞིབ་འཇུག་བྱེད་རྒྱུ་སོགས་ཚང་མའི་ཐོག་དེང་སང་སྤྱིའི་ལམ་སྲོལ་དེ་ཚོ་བྱེད་མཁན་དེ་ངེས་པར་དུ་ཤེས་ཡོན་རང་གི་ཆེད་མཁས་མི་སྣའི་ལྷན་ཚོགས་ཤིག་བྱུང་ན་མ་གཏོགས། འཛིན་སྐྱོང་གི་ལས་བྱེད་ཁོ་ནས་བྱེད་ཐུབ་ཀྱི་མེད་པ་དེ་ཡོངས་གྲགས་ལྟ་བུ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་དང་། གདན་ས་ཁག་དང་སྒེར་སློབ་ངོས་འཛིན་གནང་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། དཔེ་སྟོན་སློབ་གྲྭ་དང་སློབ་ཁག་གཞན་དབར་གཤིབ་བསྡུར་གནང་བའི་མཁས་པའི་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་བཞིན། གཞི་རིམ་བར་མར་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་གཏོང་ཕྱོགས་ཇི་དགེའི་སྐོར་སོགས་ཀྱི་གྲོས་གཞིའི་ཐོག་བཀའ་བསྡུར་གྱིས་ལག་བསྟར་གནང་ཕྱོགས་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
སློབ་ཚན་སྔོན་སྦྱོང་ནི་སློབ་ཁྲིད་ཉན་པའི་སྟ་གོན་ཡིན།
ཕྱི་མ།
གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་བ།
Menu