ཟླ་རེའི་གསར་འགྱུར།

རིགས་ལམ་བརྒྱུད་གཞི་རིམ་བར་མའི་ཚན་རིག་སློབ་ཚན་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༩ ཉིན་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རིགས་ལམ་བརྒྱུད་གཞི་རིམ་བར་མའི་ཚན་རིག་སློབ་ཚན་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཙམ་ལ་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། ཤེས་རིག་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། དབུས་སྣེ་ལེན་འབྲེལ་མཐུད་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས། དགེ་བཤེས་བློ་བཟང་རྒྱ་མཚོ་ལགས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༡ ནས་ལྟ་གྲུབ་དགེ་རྒན་ ༡༡ དང་ཚན་རིག་དགེ་རྒན་ ༡༦ ། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་བའི་<<རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ།>> ཅེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན།
དེ་རིང་རིགས་ལམ་བརྒྱུད་གཞི་རིམ་བར་མའི་ཚན་རིག་སློབ་ཁྲིད་གནང་སྟངས་སྐོར་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་རྣམ་པ་དང་། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས། ཤེས་རིག་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཀློག་དེབ་རྩོམ་སྒྲིག་གནང་མཁན་བློ་བཟང་རྒྱ་མཚོ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པ། སློབ་གྲྭ་ཁག་གི་ཚན་རིག་དང་ཨང་རྩིས་དགེ་རྒན་མང་པོ་ཕེབས་འདུག ངས་ཤེས་རིག་ལས་ཁུངས་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གོང་དུ་ཤེས་རིག་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བ་གཞིར་བཟུང་ཐེངས་འདིར་ཉིན་ཤས་རིང་ཟབ་སྦྱོང་གནང་རྒྱུ་དང་། དེ་རིང་རིགས་ལམ་བརྒྱུད་ནས་གཞི་རིམ་བར་མའི་ཚན་རིག་སློབ་ཁྲིད་གནང་སྟངས་ཀྱི་ལག་དེབ་དབུ་འབྱེད་གནང་བ་འདི་ནི་ཤེས་རིག་ལས་ཁུངས་ཀྱི་ལས་དོན་གལ་ཆེ་ནང་ནས་གལ་ཆེ་ཤོས་ཤོག་ལ་ང་ཚོས་ངོས་ལེན་ཞུ་གི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་དེང་རབས་ཀྱི་སློབ་ཚན་དེ་དག་རིགས་ལམ་འགྲོ་སྟངས་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག་ཅེས་བཀའ་སློབ་སྔ་ཕྱི་རིམ་པ་ཕེབས་ཡོད་པ་མ་ཟད། ལྷག་པར་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་འགྲོ་སྟངས་ཐོག་ནས་སློབ་ཚན་གཞན་རྣམས་སློབ་ཁྲིད་བྱེད་རྒྱུར་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་ཀློག་དེབ་རིགས་བཟོ་ཐུབ་ན། མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཙམ་མིན་པར་རིམ་པས་ཧི་མ་ལ་ཡ་རི་རྒྱུད་དང་རྒྱ་གར། དེ་བཞིན་འཛམ་གླིང་སྤྱི་ལ་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་སྟངས་དེས་རིགས་པ་གསར་པ་ཞིག་དང་། ལམ་སྟོན་གསར་པ་ཞིག་ཆགས་པའི་ཐུགས་རེ་ཡོད་ཅེས་བཀའ་ཕེབས་འདུག དེར་བརྟེན་ཤེས་རིག་ལས་ཁུངས་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་གང་ཐུབ་ཅི་ཐུབ་ཞུ་རྒྱུར་གཙོ་བོ་ཤེས་ཡོན་ལྷན་ཚོགས་དང་ཚོགས་ཆུང་ནས་ཐུགས་འགན་བཞེས་ཡོད་པ་རེད།
དེ་རིང་འདིར་དངོས་སུ་ཀློག་དེབ་དབུ་འབྱེད་ཀྱིས་འབྲེལ་ཡོད་ལྟ་གྲུབ་རྒན་ལགས་རྣམ་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཚན་རིག་རྒན་ལགས་རྣམ་པ་ཕེབས་ཐུབ་པ་དང་ཀློག་དེབ་འདོན་སྤེལ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོས་ལས་དོན་གལ་ཆེན་པོ་ཞིག་འགོ་འཛུགས་ཀྱི་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་དགོངས་པ་བཞེས་ཕྱོགས་གཙོ་བོ་ནི། ང་ཚོ་བཙན་བྱོལ་དུ་འབྱོར་བ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཁག་ཟུར་དུ་བཙུགས་གནང་ཡོད། རྣམ་པ་ཚོ་ཚང་མས་མཁྱེན་གྱི་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་དགོས་དོན་གཙོ་བོ་ནི། བོད་པའི་ཕྲུ་གུ་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་རྒྱུ་རེད། གནའ་དེང་ཟུང་འབྲེལ་ཟེར་དུས་དེང་རབས་ཀྱི་ཤེས་ཡོན་ཡོད་པའི་ཐོག་བོད་ཀྱི་ཐུན་མོང་མིན་པའི་ཤེས་བྱ་ཡོན་ཏན་དེ་དག་སྤྲོད་རྒྱུ་ཡོད་པ་དེ་འདྲའི་རླབས་ཆེན་གྱི་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད་སྟབས། འདི་ཤེས་རིག་ལས་ཁུངས་འགན་ཆགས་ཀྱི་ཡོད་པ་མ་ཟད་སློབ་གྲྭ་ཁག་གིས་འདི་དགོངས་པར་བཞེས་ནས་དམིགས་ཡུལ་འདི་གཞིར་བཟུང་འགྲུབ་ཀྱི་ཡོད་མེད་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
ང་ཚོས་དེང་རབས་ཐོག་ནས་ཤེས་ཡོད་གང་སྤྲོད་ཀྱི་ཡོད་པ་དང་བོད་ཀྱི་ཐུན་མིན་སྲོལ་རྒྱུན་གྱི་ལམ་ནས་སྐད་ཡིག་དང་རིག་གཞུང་། རིག་གནས་སོགས་སློབ་ཁྲིད་གང་བྱེད་ཀྱི་ཡོད་པ་དེ་དག་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་རིག་ལས་ཁུངས་ལ་མཚོན་ན་སྲོལ་རྒྱུན་དང་འབྲེལ་བའི་ལས་དོན་གལ་ཆེན་པོ་ཁག་མང་པོ་ཡོད་པའི་ནང་ནས་གཅིག་ནི། ཤེས་ཡོན་སྲིད་བྱུས་རེད། སློབ་གྲྭ་ཁག་མང་པོའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་མུས་རེད། ཤེས་ཡོན་སྲིད་བྱུས་ནི་བརྒྱུད་རིམ་མང་པོའི་ཐོག་ནས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་རེད། ཤེས་ཡོན་སྲིད་བྱུས་ཟེར་དུས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཙམ་མ་རེད། སློབ་ཁྲིད་བརྒྱུད་ལམ་ཐོག་ནས་སློབ་ཕྲུག་ཚོའི་མ་འོངས་མི་ཚེ་མདུན་ལམ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཇི་ལྟར་བཟོ་དགོས་པའི་ཤེས་ཡོན་སྲིད་བྱུས་བཟོས་གནང་ཡོད་པ་དེ་ལག་བསྟར་དང་དེའི་ཐོག་འགྲོ་ཐུབ་རྒྱུ་དེ་ཡིན།
གཉིས་པ་ནི། རིགས་ལམ་རེད། ཤེས་རིག་ལས་ཁུངས་ནས་རིགས་ལམ་ཐོག་འབད་བརྩོན་སྔ་རྗེས་ཞུས་ཡོད། རིགས་ལམ་འདུ་འཛོམས་དང་ཟབ་སྦྱོང་རིགས་མང་པོ་ཚོགས་ཡོད། དེ་སྔ་རིགས་ལམ་དང་འབྲེལ་བའི་ཀློག་དེབ་བསྐྱར་ཞིབ་དང་རྩོམ་སྒྲིག་གནང་ཡོད། ད་རེས་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ཟབ་སྦྱོང་བརྒྱུད་སློབ་གྲྭ་ཁག་གི་ནང་ལས་གཞི་ལག་བསྟར་གནང་རྒྱུ་རེད། མ་འོངས་པར་ཨང་རྩིས་སོགས་སློབ་ཚན་གཞན་རྣམས་རིགས་ལམ་བརྒྱུད་སློབ་ཁྲིད་གནང་སྟངས་སྐོར་ལས་འཆར་བང་སྒྲིག་ཡོད། གསུམ་པ་ནི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པ་ཚོགས་པ།
ཕྱི་མ།
ཨུ་རུ་སུའི་སློབ་ཡོན་གསལ་བསྒྲགས།
Menu