ཟླ་རེའི་གསར་འགྱུར།

རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ནང་བོད་པའི་སློབ་ཕྲུག་གཉིས་ཀྱིས་བརྒྱ་ཆ་མཐོ་པོ་བླངས་པར་འཚམས་འདྲི་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ NEET ཞེས་པའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ཁྲོད། བོད་པའི་སློབ་ཕྲུག་བསྟན་འཛིན་ཡེ་ཤེས་ལགས་དང་། ཀུན་དགའ་ལེགས་བྱུང་ལགས་རྣམ་གཉིས་ཀྱིས་བརྒྱ་ཆ་མཐོ་པོ་བླངས་པར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགའ་བསུའི་འཚམས་འདྲི་གནང་།

དེ་ཡང་རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་ནས་བཙན་བྱོལ་བོད་མིའི་སློབ་ཕྲུག་ཁྲོད་སྨན་པའི་ཞབས་སྟེགས་དྲུག་གནང་བའི་ཐོག ད་རེས་བོད་པའི་སློབ་ཕྲུག་ ༤༡ མཉམ་ཞུགས་གནང་ཡོད་པའི་ཁོངས་ནས་བུ་མོ་ ༢༣ དང་བུ་ ༩ བཅས་ཁྱོན་སློབ་ཕྲུག་ ༣༢ ནས་ཡིག་རྒྱུགས་འཕྲོད་ཡོད།

ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་རྒྱལ་ཡོངས་སྨན་པ་ལྷན་ཚོགས་ནས་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ NEET ཞེས་པ་གསར་གཏོད་གནང་བ་ནས་བཟུང་བོད་པའི་སློབ་ཕྲུག་གཉིས་ནས་ཨང་ ༥༠༠ ལྷག་བླངས་པ་ད་རེས་ཐོག་མ་དེ་ཆགས་ཡོད།

ཕྱི་ལོ་ ༢༠༡༩ ལོར་སེ་ལ་ཀུའེ་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ནང་ ༧༢༠ ནས་ ༥༤༡ བླངས་ཡོད་པ་དང་། ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ MBBS དང་ཨིན་ཇི་ནི་ཡར་རིང་ Engineering གཉིས་ཀྱི་ཚུད་རྒྱུགས་གྲ་སྒྲིག་སླད་བར་བཞག་ལོའི་སློབ་ཡོན་ནང་སློབ་མ་བསྟན་འཛིན་ཡེ་ཤེས་ལགས་ཡོད། སློབ་མ་ཀུན་དགའ་ལེགས་བྱུང་ལགས་ནི་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ནས་ཡིན་པ་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༩།༢ བླངས་ཏེ་ཕྱི་ལོ་ ༢༠༢༠ ལོའི་དགའ་ལྡན་ཕོ་བྲང་བྱ་དགའ་བཞེས་མཁན་ཁོངས་ནས་གཅིག་ཡིན། ད་ལན་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ནང་ ༧༢༠ ནས་ ༥༠༣ བླངས་ཡོད།

ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ད་ལན་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ནང་གོང་གསལ་སློབ་བུ་གཉིས་ཀྱིས་གྲུབ་འབྲས་བཟང་པོ་བླངས་པར་འཚམས་འདྲི་གནང་ཡོད།

སྔོན་མ།
ཕྱི་ལོ་ ༢༠༢༡ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།
ཕྱི་མ།
འཛིན་རིམ་བརྒྱད་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu