ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་ཨ་རིའི་བོད་རིགས་གནས་སྡོད་ས་ཁུལ་ཁག་ལ་འཚམས་གཟིགས་གནང་།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ ནས་ ༣༠ བར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ཨ་རིའི་མེ་ཌི་སན་ (Madison) དང་། ཆི་ཁ་གོ། (Chicago) ནིའུ་ཡོག་ (New York) བཅས་བོད་རིགས་གནས་སྡོད་ས་ཁུལ་ཁག་ལ་འཚམས་གཟིགས་གནང་ཡོད།
དེ་ཡང་ཨ་རིའི་མེ་ཌི་སན་ཁུལ་ནང་རྟེན་གཞི་བྱས་པའི་རི་དྭགས་ནགས་ཀྱི་སྐྱེད་མོས་ཚལ་ཞེས་ནང་པའི་བསྟི་གནས་ཁང་ Deer Park Buddhist Center དུ་ཤེས་རིག་བཀའ་བློན་མཆོག་གིས་བོད་མི་ཚོར་བཙན་བྱོལ་དུ་ཡོང་དགོས་དོན་གཙོ་བོ་ནི། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཆེད་ཡིན་པའི་སྐོར་གསུང་།
བཀའ་བློན་མཆོག་གིས་ཨ་རིའི་གྲོང་ཁྱེར་མེ་ཌི་སོན་ནང་རྟེན་གཞི་བྱས་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་གི་རིག་གཞུང་དང་སྐད་རིགས་ཞབས་ཞུ་Cultural Linguistic Services of University of Wisconsin ཚན་པའི་ངེས་སྟོན་པ་དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པས་ཤེས་རིག་བཀའ་བློན་མཆོག་ལ་ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་སྐད་ཡིག་ཡིག་སྒྱུར་དང་སྐད་སྒྱུར་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད་སྐོར་ངོ་སྤྲོད་དང་དགོས་ངེས་བྱུང་ཚེ་མཉམ་འབྲེལ་བྱ་ཆོག་ཅེས་གསུང་འདུག
ཕྱི་ཚེས་ ༢༦ ཉིན་ཤེས་རིག་བཀའ་བློན་མཆོག་ཆི་ཁ་གོ་ཁུལ་ལ་འཚམས་གཟིགས་གནང་སྐབས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་རྣམ་པས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཤིང་། སྐབས་དེར་བཀའ་བློན་མཆོག་གིས་ཨ་རིའི་ནང་ཁོར་ཡུག་གི་དབང་གིས་བོད་པའི་སློབ་ཕྲུག་ཚོས་ཨིན་ཇི་ལས་སླ་པོའི་ངང་སྦྱོང་ཐུབ་ཀྱི་ཡོད་པ་ལྟར། བོད་པའི་སློབ་ཕྲུག་ཚོས་བོད་ཡིག་སྦྱོང་བར་ཁོར་ཡུག་ངེས་ཅན་ཞིག་སྐྲུན་དགོས་པའི་སྐོར་ལམ་སྟོན་གསུང་བཤད་གནང་།
ཕྱི་ཟླ་ ༧ ཚེས་ ༢༧ ཉིན་བཀའ་བློན་མཆོག་ནིའུ་ཡོག་གནམ་ཐང་དུ་ཕེབས་འབྱོར་སྐབས་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། དེ་བཞིན་བོད་ཀྱི་རིག་གཞུང་དང་སྐད་ཡིག་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ཉིན་གྱི་ཕྱི་དྲོར་རྒྱ་རིགས་གྲོགས་པོ་རྣམས་ཀྱི་བཀའ་བློན་མཆོག་ལ་དགོང་ཚིགས་གསོལ་སྟོན་ཕུལ་ཡོད་པ་དང་སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། ཀུན་དགའ་བཀྲ་ཤིས་ལགས། གཞན་ཡང་རྒྱ་རིགས་བརྒྱ་ལྷག་ཕེབས་ཡོད།
བཀའ་བློན་མཆོག་ནིའུ་ཡོག་ས་གནས་སུ་སྐུ་ཚབ་དོན་གཅོད་ཁང་དང་། ནིའུ་ཡོཀ་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་ཡིག་དགེ་རྒན་གྲངས་ ༤༡ ལ་ཟབ་སྦྱོང་སྐབས་ཟབ་ཁྲིད་སླད་མགྲོན་འབོད་ཞུས་ཡོད། ཟབ་སྦྱོང་དབུ་འབྱེད་དང་མཇུག་སྡོམ་མཛད་སྒོར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་ཡོད། ཟབ་ཁྲིད་གནང་མཁན་གཞན་གཉིས་ནི་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པའི་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་དང་རྒས་ཡོལ་ཐོན་ཟིན་པའི་ཨ་རིའི་ལོ་སི་ཨེན་ཇི་ལེ་སི་ Los Angeles གྲོང་ཁྱེར་ནས་ཡིན་པའི་རྒན་བསྟན་འཛིན་འཆི་མེད་ལགས་བཅས་ཡིན།ཟབ་སྦྱོང་དུ་བཅར་བའི་དགེ་རྒན་རྣམས་ནས་ཟབ་སྦྱོང་འདི་བཞིན་ཧ་ཅང་ཕན་ཐོགས་ཆེན་པོ་འདུག་པས་མ་འོངས་པར་སླར་ཡང་ཟབ་སྦྱོང་གནང་ཐུབ་ན་དགེ་མཚན་ཆེ་བའི་བསམ་ཚུལ་ཡང་བཏོན་ཡོད།
ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་རེ་འདུན་ལྟར་བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཆེད་ཕེབས་ཀྱིས་བོད་མི་ནང་ཁུལ་ཆིག་སྒྲིལ་དགོས་གལ་སྐོར་གསུང་བཤད་གནང་། སྐབས་དེར་བཀའ་བློན་མཆོག་དང་ལྷན་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་བཀྲ་ཤིས་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པའི་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༡༩ ལོའི་བཱེ་རི་ཡ་མཐོ་སློབ་ཀྱི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བལ་ཡུལ་དང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གོ་རྟོགས་ལས་རིམ་ལེགས་གྲུབ་བྱུང་བ།
Menu