ཟླ་རེའི་གསར་འགྱུར།

ཤེས་རིག་བརྡ་ཆད་ཚན་པས་དྲ་ཚིགས་དང་བརྡ་ཆད་དེབ་ཕྲེང་ ༡༡ དབུ་འབྱེད་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་འདི་ག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ལས་འཆར་ཚན་པའི་དྲ་ཚིགས་གསར་པ་དང་། བརྡ་ཆད་དེབ་ཕྲེང་ ༡༡ དབུ་འབྱེད་ཀྱི་མཛད་སྒོ་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཚོགས།
དེ་ཡང་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། བརྡ་ཆད་ལས་འཆར་ལ་མཐུན་འགྱུར་དང་སྦྱིན་བདག་གནང་མཁན་ཌེན་མཱརྐ་གཞུང་གི་རྒྱལ་སྤྱིའི་ཡར་རྒྱས་རོགས་འཆར་(DANIDA)གྱི་ལས་བྱེད་སྐུ་ཞབས་ལེའོ་(Mr Leo) ལགས། ཤེས་རིག་ཚན་པ་ཁག་གི་འགན་འཛིན། བརྡ་ཆད་ལས་འཆར་ཚན་པའི་འབྲེལ་ཡོད་ལས་བྱེད། དེ་བཞིན་གསར་འགོད་པ་སོགས་ཚོགས་འཛོམས་གནང་བ་དང་། ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་གྱིས་བརྡ་ཆད་གཏན་འབེབས་གནང་སྟངས་ཀྱི་བརྒྱུད་རིམ་དང་། ད་བར་དུ་དེབ་གྲངས་ག་ཚོད་དཔར་འགྲེམས་བྱས་པ་ངོ་སྤྲོད་བྱས་རྗེས། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཤེས་རིག་བརྡ་ཆད་ཚན་པའི་དྲ་ཚིགས་དབུ་འབྱེད་དང་། དེའི་རྗེས་དྲུང་ཆེ་དང་ཚན་པའི་འགན་འཛིན་ལྷན་བརྡ་ཆད་དེབ་ཕྲེང་ ༡༡ པ་དབུ་འབྱེད་གནང་།
ཤེས་རིག་བརྡ་ཆད་ཚན་པའི་དྲ་ཚིགས་བཟོ་འགོད་པ་ནི་ཀམ་པུ་ཊར་མཉེན་ཆས་དང་བདེ་འཇགས་ཐོག་ཆེད་ལས་པ་བསམ་གྲུབ་ཆོས་འཕེལ་ལགས་རེད།
ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་བཤད་གནང་དོན། སྤྱིར་ཤེས་རིག་བརྡ་ཆད་ཚན་པའི་དྲ་ཚིགས་དང་བརྡ་ཆད་དེབ་ཕྲེང་ ༡༡ དབུ་འབྱེད་དང་འབྲེལ་བའི་སྐོར་རྩོམ་སྒྲིག་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གནང་སོང་། རྩ་བའི་བོད་སྐད་ནང་ཐ་སྙད་མང་པོ་ཞིག་སྔོན་མ་ནས་ཡོད་ཀྱང་ང་ཚོ་བཀའ་མོལ་གནང་སྐབས་བོད་སྐད་ནང་ཡོད་པའི་ཐ་སྙད་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད་མ་རེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ཁོར་ཡུག་དང་། འཚོ་བ་སྐྱེལ་སྟངས། སློབ་སྦྱོང་གི་ཁ་ཕྱོགས་སོགས་ལ་བརྟེན་ནས་གློག་ཀླད་དང་། འཕྲུལ་ཆས། སྔོ་ཚལ་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་མེད་སྟབས། དེ་དག་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ལས་འཆར་ཚན་པས་གཏན་འབེབས་གནང་བཞིན་ཡོད། གཏན་འབེབས་གནང་བའི་ཐ་སྙད་དེ་དག་བེད་སྤྱོད་གནང་དགོས་རྒྱུ་ང་ཚོའི་ལས་འགན་རེད།
སྤྱིར་འཛམ་གླིང་ནང་སྐད་ཡིག་ཐོག་མཁས་དབང་དང་ཉམས་ཞིབ་པ་ཁག་གིས། འཛམ་གླིང་ནང་ད་ལྟ་སྐད་ཡིག་བདུན་སྟོང་ཙམ་ཡོད་པའི་ནང་ནས་བརྒྱ་ཆ་ ༥༠ ཙམ་ལ་མ་གཏོགས་ཡིག་གཟུགས་མེད། ཅེས་སྐོར་བརྗོད་བཞིན་འདུག བོད་སྐད་ལ་མཚོན་ན་སྐད་དང་ཡིག་གཟུགས་གཉིས་ཀ་ཡོད། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་མུ་མཐུད་གནས་མིན་བོད་ཀྱི་སྐད་ཡིག་ལ་རག་ལུས་ཡོད།
ང་ཚོར་ཐ་སྙད་གང་ཡོད་པ་རྣམས་བེད་སྤྱོད་ཡག་པོ་གཏོང་དགོས་པ་དང་། བོད་སྐད་ནང་ཡོད་པའི་ཐ་སྙད་མང་པོ་ཞིག་དེང་སྐབས་བེད་སྤྱོད་མ་བཏང་བའི་དབང་གིས་བེད་མེད་ལྟ་བུ་ཆགས་ཡོད། དེར་བརྟེན་ཐ་སྙད་གསར་པ་མང་པོ་ཞིག་གཏན་འབེབས་གནང་དགོས་པ་ཆགས་ཀྱི་ཡོད་སྟབས། ངས་འབོད་སྐུལ་ཞུ་རྒྱུར། བོད་སྐད་ནང་ཐ་སྙད་ཡོད་པ་ཁག་བེད་སྤྱོད་གང་ཐུབ་གཏོང་དགོས་པ་དང་། བོད་པ་ནང་ཁུལ་བཀའ་མོལ་གནང་བའི་སྐབས་སུའང་བོད་སྐད་གཙང་མ་བེད་སྤྱོད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་བ་དང་། ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་དང་འབྲེལ་དྲ་རྒྱའི་ནང་བཅུག་ཡོད་པའི་ཐ་སྙད་རྣམས་བོད་ཨིན་གཉིས་ཀྱི་འཚོལ་བཤེར་བྱེད་སྟངས། གཏན་ལ་ཕབ་ཟིན་པའི་ཐ་སྙད་རྣམས་རྩོམ་སྒྱུར་བ་དང་། གཏན་འབེབས་ཚོགས་ཆུང་ངོས་ནས་གང་ཡོང་ཅི་ཡོང་བྱས་ཡོད་ན་ཡང་ད་དུང་ནོར་འཁྲུལ་ཡོད་སྲིད་པས་ཐ་སྙད་གསར་བཟོ་དང་ཐ་སྙད་གསར་པའི་སྟེང་དགོངས་ཚུལ་གསུང་མཁན་ཡོད་ན་དགའ་བསུ་ཡོད། ཅེས་གསུངས་སོང་།
མཐར་ཚོགས་བཅར་བ་ཡོངས་ལ་བརྡ་ཆད་དེབ་ཕྲེང་ ༡༡ པའི་པར་ཕུད་རེ་ཕུལ་བ་དང་། ཤེས་རིག་བརྡ་ཆད་ཚན་པའི་ལས་བྱེད་དབུ་མ་བ་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས། ཚོགས་བཅར་བ་ཡོངས་ལ་གསོལ་ཇ་ཞལ་ཏོག་ཕུལ་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས། །

སྔོན་མ།
བསླབ་པ་མཐར་སོན་དང་སྲི་ཞུའི་ལས་བྱེད་དམིགས་སྒོའི་འོས་སྦྱོང་མཇུག་སྡོམ་མཛད་སྒོ།
ཕྱི་མ།
གཞི་རིམ་བར་མའི་སློབ་དགེ་རྣམས་ལ་ཀམ་པུ་ཊར་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་བ།
Menu