ཟླ་རེའི་གསར་འགྱུར།

སྔོན་འགྲོའི་དགེ་རྒན་འོས་སྦྱོང་མཐར་ཕྱིན་མཛད་སྒོ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༥ ནས་འགོ་བཙུགས་ཞུས་པའི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༩ ཉིན་མཇུག་བསྒྲིལ། དེ་ཡང་ཇི་ལྟར་ཤེས་རིག་སྲོལ་རྒྱུན་ཚན་པ་ནས་རེ་འདུན་ཞུས་པ་ལྟར་མཐར་ཕྱིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤེས་རིག་དྲུང་ཆེ་སྐུ་ངོ་ཀརྨ་སེངྒེ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། གཞན་ཡང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་དང་། སྔོན་འགྲོའི་དགེ་རྒན་འོས་སྦྱོང་བ་རྣམས་ལ་སློབ་ཁྲིད་གནང་མཁན་དྷ་ས་བོད་ཁྱིམ་གྱི་དགེ་བློ་བཟང་འཕྲིན་ལས་ལགས་དང་དགེ་བྱམས་པ་དཔལ་མོ་ལགས་བཅས་ཚོགས་འཛོམས་གནང་སྟེ། མཐར་ཕྱིན་མཛད་སྒོ་སྟབས་བདེ་ཞིག་ཚོགས།
ཕྱི་ཟླ་ ༡ ཚེས་ ༡༩ ཕྱེད་ཡོལ་ཆུ་ཚོད་ ༣།༡༥ ཙམ་ལ་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམས་ལ་སྔོན་འགྲོ་དགེ་རྒན་འོས་སྦྱོང་སློབ་ཕྲུག་རྣམས་ཀྱིས་བཟོ་འགོད་ཞུས་པའི་བོད་ཡིག་དང་ཨང་རྩིས་ཀྱི་སྦྱོང་ཆས་དང་། བོད་ཡིག་ཡིག་གཟུགས། སྔོན་འགྲོའི་བྱིས་པའི་གླུ་གཞས་ཀྱི་བརྙན་འཕྲིན་བཅས་འགྲེམས་སྟོན་དང་འགྲེལ་བཤད་ཞུས།
དེ་ནས་ཆུ་ཚོད་ ༤།༠༠ ཐོག་མཇུག་བསྡོམས་མཛད་སྒོ་དངོས་གཞིའི་ལས་རིམ་དང་པོར་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང་ཚོགས་ཞུགས་པ་ཚང་མར་འཚམས་ཞུ་དང་སྦྲགས། ལོ་གཅིག་དང་ཟླ་བ་གསུམ་གྱི་སྔོན་དགེ་འོས་སྦྱོང་གི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། འོས་སྦྱོང་འདི་ནང་མཉམ་ཞུགས་གནང་མཁན་བུ་མོ་ ༡༡ ཡོད་ཅིང་། མཉམ་ཞུགས་གནང་མཁན་ཚང་མ་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ལྡན་པ་ཤ་སྟག་ཡིན། ལོ་གཅིག་དང་ཟླ་བ་གསུམ་གྱི་དུས་ཡུན་རིང་དགེ་འོས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གི་རྨང་གཞི་དང་། མོན་ཊེ་སོ་རིའི་ལྟ་གྲུབ་གཞིར་བཟུང་སྔོན་འགྲོའི་བོད་ཡིག་དང་། ཨང་རྩིས། ཚོར་ཤེས། རྒྱུན་ལྡན་ལས་རིགས་བཅས་ཀྱི་ཁྲིད་ཐབས། བོད་ཡིག་ཡིག་གཟུགས། ཀམ་པུ་ཊར་དང་རིགས་ལམ་གྱི་རྨང་གཞི། བྱིས་པའི་ལུས་སེམས་ཀྱི་འཚར་ལོངས། སྦྱོང་ཆས་བཟོ་འགོད། བྱིས་པའི་གླུ་གཞས་སུམ་ཅུ་སོ་གསུམ་གྱི་གདངས་དང་འཁྲབ་སྟངས། རི་མོ་སྦྱོང་བརྡར། གཞན་ཡང་སྔོན་འགྲོའི་སློབ་དེབ་སྟོད་ཆ་དང་སྨད་ཆ་གཉིས་དང་ཤོག་བྱང་ཁྲིད་ཆས་ཀྱི་ངོ་སྤྲོད་དང་། ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་ཞུས་པ་མ་ཟད། དགེ་རྒན་འོས་སྦྱོང་བ་རྣམས་དྷ་ས་བོད་ཁྱིམ་གྱི་སློབ་ཁག་གསུམ་ནང་ཉིན་གྲངས་ཉི་ཤུ་ལྷག་སློབ་ཁྲིད་སྦྱོང་བརྡར་དུ་ཆེད་གཏོང་ཞུས་ཡོད་པ་དང་། དེ་མིན་སྔོན་དགེ་འོས་སྦྱོང་བ་རྣམས་ལ་དམིགས་བསལ་ལས་རིམ་དུ་རྒྱལ་སྤྱིའི་མོན་ཊེ་སོ་རིའི་མཐུན་ཚོགས་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་ལག་ལེན་ཐོག་ཉིན་གྲངས་བཅུའི་ཟབ་སྦྱོང་ཐོབ་ཡོད་པ་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། དགེ་རྒན་འོས་སྦྱོང་བའི་སྐུ་ཚབ་བྱམས་ཆོས་ལགས་ནས་འོས་སྦྱོང་གི་དུས་ཡུན་རིང་ང་ཚོ་ཚང་མར་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་ཡོད་པ་མ་ཟད། སློབ་ཁྲིད་ཐབས་ལམ་དང་སློབ་མ་གསོ་སྐྱོང་དང་འབྲེལ་བའི་བརྗོད་གཞི་མང་པོའི་ཐོག་བློ་བསྐྱེད་ཆེན་པོ་བྱུང་བ་རྣམས་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དགེ་རྒན་འོས་སྦྱོང་བ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་དང་མཇལ་དར་གསོལ་སྩལ་དང་། ཤེས་རིག་དྲུང་ཆེ་སྐུ་ངོ་ཀརྨ་སེངྒེ་ལགས་ནས་འོས་སྦྱོང་བ་རྣམས་ལ་སློབ་ཁྲིད་གནང་མཁན་དགེ་བློ་བཟང་འཕྲིན་ལས་ལགས་དང་དགེ་བྱམས་པ་དཔལ་མོ་ལགས་རྣམ་གཉིས་ལ་སྟོང་མིན་ཙམ་གྱི་ལེགས་གསོལ་དང་མཇལ་དར། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ལ་ཕྱག་རྟགས་བཅས་གསོལ་སྩལ་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སྔོན་འགྲོའི་དགེ་འོས་སློབ་ཐོན་པ་རྣམས་ལ་དགེ་རྒན་གྱི་ཆེད་ལས་དང་མ་འོངས་མདུན་ལམ་དང་འབྲེལ་བའི་བླང་དོར་བཀའ་སློབ་གནང་དོན་དུ། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་༸སྐྱབས་མགོན་རིན་པོ་ཆེས་ཤེས་ཡོན་གལ་ཆེན་པོ་བརྩིས་གནང་ཡོད་པ་མ་ཟད། བཀའ་ཤག་རིམ་པས་ཀྱང་ཤེས་ཡོན་གལ་ཆེན་པོ་བརྩིས་ཡོད། འོས་སྦྱོང་ནང་ཞུགས་མཁན་ཚོའི་བརྩོན་འགྲུས་དང་འབད་བརྩོན་ལ་བརྟེན་ནས་གོ་སྒྲིག་ཞུ་མཁན་རྣམས་ཀྱང་འོས་སྦྱོང་གི་གྲུབ་འབྲས་ལ་འདོད་བློ་ཚིམས་པོ་བྱུང་བ་ནི་ཡག་པོ་རེད། དེ་མིན་འོས་སྦྱོང་དང་ཟབ་སྦྱོང་རིགས་མང་པོ་གོ་སྒྲིག་ཞུས་ཏེ་དངོས་སུ་མར་སློབ་ཁྲིད་ལ་ཁྱད་པར་མ་ཕྱིན་པ་ཡིན་ན་ཕན་ཐོགས་མ་བྱུང་བ་རེད། ངས་རྒྱུན་དུ་དགེ་རྒན་འཛོམས་ས་ཁག་ལ་གནས་ཚུལ་གཅིག་གལ་ཆེན་པོར་ཞུ་བསྡད་ཀྱི་ཡོད་པ་དེ་རིང་ཡང་ཞུ་གི་ཡིན། དེ་ནི་ང་ཚོས་དགེ་རྒན་ཚོར་འོས་སྦྱོང་དང་ཟབ་སྦྱོང་སོགས་ཀྱི་སྐབས་རིག་རྩལ་དང་ཐབས་བྱུས་སློབ་རྒྱུར་ཤུགས་རྒྱག་བཞིན་པའི་སྐབས། རིག་རྩལ་དེ་དག་ལག་ལེན་བྱེད་མཁན་གྱི་ཀུན་སློང་བཅོས་རྒྱུར་འཐུས་ཤོར་འགྲོ་ཡའི་ཉེན་ཁ་ཞིག་ཀྱང་ཡོང་གི་མེད་དམ་དྲན་གྱི་འདུག དེར་བརྟེན་ང་ཚོས་ཐབས་བྱུས་དང་སེམས་ཀྱི་ཀུན་སློང་གཉིས་ཡ་མ་བྲལ་བ་ཞིག་དགོས། གལ་ཏེ་སོ་སོའི་ཀུན་སློང་དེ་བཅོས་ཐུབ་པ་ཞིག་བྱུང་ན་ཐབས་བྱུས་དང་ཕྱིའི་ཆ་རྐྱེན་ཅུང་ཟད་མ་འདང་ཡང་། སོ་སོའི་ཆོད་སེམས་དང་བརྩོན་འགྲུས་ཀྱིས་འགལ་རྐྱེན་གང་འདྲ་ཞིག་ཡིན་རུང་གདོང་ལེན་བྱས་ཏེ་བསྒྲུབ་ཐུབ་པ་དང་། རང་ཉིད་ཀྱང་སོ་སོའི་ལས་ཀའི་གྲུབ་འབྲས་ལ་འདོད་བློ་ཚིམས་པ་ཞིག་ཡོང་ཐུབ་ཀྱི་རེད། སྤྱིར་ད་ལྟའི་འོས་སྦྱོང་ནང་ཞུགས་མཁན་ཚང་མར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཡོད་སྟབས། ལས་ཀར་ཞུགས་སའི་གདམ་ཀ་མང་པོ་ཡོད་ནའང་དགེ་རྒན་གྱི་ལས་སྒོར་ཞུགས་རྒྱུ་བདམས་པ་དེ་རྩ་བ་ནས་འཕྱུགས་མེད། འོན་ཀྱང་གདམ་ཀ་མ་འཕྱུགས་པ་དེ་དོན་སྨིན་ཡོང་བར་གོང་དུ་ཞུས་པ་ལྟར་བསམ་བློའི་འཁྱེར་སོ་ལ་རག་ཞེ་དྲག་ལུས་ཡོད། སྔ་མོ་ཡིན་ན་དགེ་རྒན་གྱི་ལག་འཁྱེར་ཡོད་མཁན་མང་པོ་ཡོད་ཀྱང་། བར་སྐབས་ཤིག་ནས་སྤྱི་ཚོགས་ཀྱི་གནས་སྟངས་འགྱུར་ལྡོག་གང་འཚམས་ཕྱིན་པ་ལྟར། སློབ་གྲྭའི་དགོས་མཁོ་ཡང་ཆེ་རུ་ཕྱིན་པ་དང་ལྷན་དུ་དགེ་རྒན་གྱི་བྱེད་སྒོ་ཡང་མང་དུ་ཕྱིན་སྟབས། དགེ་རྒན་དུ་ཞུགས་མཁན་དཀོན་པོ་ཆགས་པ་རེད་གསུངས།
ཆོས་ཕྱོགས་ནས་བསམས་ན་དགེ་རྒན་གྱི་ཆེད་ལས་ནང་ལའང་ཕར་ཕྱིན་དྲུག་གི་ཉམས་ལེན་བྱེད་རྒྱུ་ཡོད་པ་རེད། དེ་ཡང་དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་ལེགས་ཉེས་བླང་དོར་གྱི་ལམ་སྟོན་གནང་གི་ཡོད་སྟབས་ལམ་སྟོན་གྱི་སྦྱིན་པ་དང་། སློབ་གྲྭའི་སྒྲིག་ཁྲིམས་སོགས་བསྲུང་བྱ་རིགས་བསྲུངས་པས་ཚུལ་ཁྲིམས། སློབ་ཕྲུག་གི་བྱ་སྤྱོད་འདྲ་མིན་དང་དུ་ལེན་དགོས་པས་བཟོད་བསྲན། དགེ་རྒན་གྱི་ཆེད་ལས་ལ་ཡིད་སྤྲོ་ཞིང་སྒྲུབ་པ་བརྩོན་འགྲུས། རང་གི་ལས་ལ་སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན། རང་གི་རྣམ་དཔྱོད་བེད་སྤྱད་དེ་ཁྲིད་ཐབས་སོགས་ཡར་རྒྱས་གཏོང་བ་ཤེས་རབ་སྟེ་དགེ་རྒན་གྱི་ཆེད་ལས་ཚུལ་བཞིན་སྒྲུབ་ཐུབ་ན་ཕར་ཕྱིན་དྲུག་ཉམས་སུ་ལེན་པ་དང་ཁྱད་པར་ཆེར་མེད་གསུངས། དགེ་རྒན་གྱི་ལས་འགན་རྣམ་དག་ཅིག་སྒྲུབ་ཐུབ་ཚེ་ལས་དོན་གཞན་མང་པོ་ཞིག་ལས་ཕན་ཡོན་ཆེ་བ་ཡོད་པ་ལྟར། གལ་ཏེ་དགེ་རྒན་གྱི་ལས་དོན་ལ་འཐུས་ཤོར་གཏོང་བ་ཡིན་ན་ཉེས་དམིགས་ཀྱང་ལས་དོན་གཞན་ནང་འཐུས་ཤོར་གཏོང་བ་ལས་ཉེས་པ་ཚབས་ཆེ་བ་ཡོད། དེ་ལྟར་དགེ་རྒན་གྱི་ལས་འགན་ཚུལ་བཞིན་མ་སྒྲུབ་པའི་ཉེས་དམིགས་ལ་ཡང་ཡང་བསམས་ན་ལས་ཀ་ལྷོད་གཡེང་འགྲོ་ཉེན་ཡོད་པ་མང་པོ་ཞིག་ལས་ལྡོག་ཐུབ་པ་ཡིན་གསུངས།
ང་ཚོས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ཀྱང་ལོ་སུམ་ཅུ་རྗེས་ལྟ་སྐབས་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་ནི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་ཀྱི་སྒྲོམ་གཞི་ལ་ཞན་ཆ་ཞིག་ཡོད་པས་ཡིན། དེས་ན་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་པའི་དམིགས་ཡུལ་གཙོ་བོ་ནི། སོ་སོའི་སྐད་ཡིག་དང་རིག་གཞུང་མི་ཉམས་པ་གནས་ཐབས་དང་། དེང་རབས་ཀྱི་སྐད་ཡིག་ཀྱང་ཚད་དང་ལྡན་པ་ཡོང་ཐབས། ཐུན་མོང་མ་ཡིན་པའི་བོད་མིའི་ཡ་རབས་སྤྱོད་བཟང་རྒྱུན་གནས་ཐུབ་ཐབས་བཅས་ཡིན། བུད་མེད་རྣམས་ལ་ལྷན་སྐྱེས་སུ་ཕྲུ་གུར་གསོ་སྐྱོང་དང་བརྩེ་བ་ཤུགས་ཆེ་བ་ཡོད་པའི་རྒྱུ་མཚན་གྱིས། ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོ་དང་གཞི་རིམ་འོག་མ་རྣམས་ཀྱི་དགེ་རྒན་བུད་མེད་དགོས་པར་གལ་ཆེར་བརྩིས་པ་ལྟར། ད་ལྟའི་འོས་སྦྱོང་ཐོན་མཁན་རྣམས་བུད་མེད་ཤ་སྟག་ཡིན་པ་ཡག་པོ་བྱུང་ཡོད་པ་མ་ཟད། བཀའ་ཤག་ནས་ཀྱང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུའི་དགོངས་པ་དང་མཐུན་ཡོད་པ་བཅས་ཀྱི་བླང་དོར་གྱི་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་།
མཐར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམས་མགྲོན་འབོད་ལྟར་མཛད་སྒོར་ཕེབས་ཐུབ་པ་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དྷ་ས་བོད་ཁྱིམ་ནས་འོས་སྦྱོང་སློབ་ཁྲིད་གནང་མཁན་དགེ་རྒན་གཉིས་མཐུན་འགྱུར་གནང་ཡོད་པ་དང་། སཾ་བྷོ་ཊ་ནས་འོས་སྦྱོང་གོ་སྒྲིག་ཞུ་ཡུལ་དང་ཀམ་པུ་ཊར་དགེ་རྒན་སོགས་ཀྱི་མཐུན་འགྱུར་གནང་ཡོད་སྟབས་ཚང་མར་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འོས་སྦྱོང་བ་རྣམས་ལ་བོད་ཡིག་རྨང་གཞི་སློབ་ཁྲིད་གནང་མཁན་དགེ་བློ་བཟང་ལེགས་སྒྲུབ་ལགས་ནས་ཟླ་བ་མང་པོའི་རིང་བོད་ཡིག་སློབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས། གཞན་ཡང་སྔོན་འགྲོའི་དངོས་གཞིའི་སློབ་ཚན་མིན་པའི་སློབ་ཚན་གཞན་ཁག་སློབ་ཁྲིད་གནང་མཁན་དགེ་རྒན་རྣམ་པ་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་དབུ་ལས་ཚང་མས་སྔོན་འགྲོའི་དགེ་རྒན་འོས་སྦྱོང་གི་ལས་རིམ་ཚགས་ཚུད་ཡོང་བར་ཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ།

སྔོན་མ།
རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་བྱ་བ་བཞུགས་སོ།།
ཕྱི་མ།
བོད་པའི་བུ་མོ་བསྟན་འཛིན་སྒྲོལ་མ་ལ་གསེར་གྱི་རྟགས་མ་ཐོབ་པ།
Menu