ཟླ་རེའི་གསར་འགྱུར།

སྔོན་འགྲོའི་དགེ་རྒན་རྣམས་ལ་མོན་ཊེ་སོ་རིའི་ཨང་རྩིས་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འབྱེད་གནང་།

གསར་འཕྲིན།

འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་དྷ་སྟེང་བོད་ཁྱིམ་ཞི་བདེའི་གླེང་མོལ་ཁང་དུ་སྔོན་འགྲོའི་དགེ་རྒན་རྣམས་ལ་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་ཨང་རྩིས་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་དབུས་པའི་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་དང་བོད་ཡིག་ཤེས་ཡོན་འགན་འཛིན། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ། ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས། ཟབ་སྦྱོང་དུ་བཅར་བའི་སྔོན་དགེ་རྣམས་ཚོགས་ཕེབས་གནང་བ་དང་། དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ཐེངས་འདིའི་ཟབ་སྦྱོང་གི་བྱུང་རིམ་དང་། ཟབ་སྦྱོང་སློབ་ཁྲིད་གནང་མཁན་ལྷ་མོ་སྤེན་པ་ལགས་རྒྱལ་སྤྱི་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་ཟབ་ཁྲིད་པ་བོད་རིགས་གཅིག་པོ་དེ་ཡིན་པ། གཞན་ཡང་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཉམ་བསྲེས་འཛིན་གྲྭའི་གལ་གནད་བཅས་ཀྱི་སྐོར་ངོ་སྤྲོད་དང་། ཟབ་སྦྱོང་འདི་ནང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་སྔོན་དགེ་ ༡༢ དང་། སཾ་བྷོ་ཊ་ཁྱབ་ཁོངས་སྔོན་དགེ་ ༡༨ མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སྔོན་དགེ་ ༣ མཚོ་པདྨའི་ཧི་མཱ་ལ་ཡའི་སློབ་གཉེར་ཁང་ནས་སྔོན་དགེ་ ༡ བཅས་ཁྱོན་བསྡོམས་སྔོན་དགེ་ ༣༤ མཉམ་ཞུགས་གནང་ཡོད་སྐོར་ངོ་སྤྲོད་གནང་།
དེ་ནས་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲིད་གཅོད་ལགས་ནས་དྷ་ས་བོད་ཁྱིམ་ནང་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སྔོན་འགྲོའི་ལམ་ལུགས་འགོ་འཛུགས་གནང་ཕྱོགས་ཀྱི་བྱུང་རིམ་ངོ་སྤྲོད་གནང་དོན་དུ། དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ཐོག་མར་ ལྕམ་སྐུ་ཨུ་མཱ་དེ་བཱི་ལགས་ཀྱི་ལམ་སྟོན་འོག་ཕྱི་ལོ་ ༡༩༧༢ ལོར་དངོས་སུ་འགོ་བཙུགས་ཀྱང་། སྐབས་དེར་དགོས་མཁོ་ལ་དཔག་པའི་ཟབ་སྦྱོང་དང་སྦྱོང་བརྡར་རིགས་ཕུལ་བ་ལས། དེང་དུས་དང་མཐུན་པའི་ཆ་རྐྱེན་ཚང་བའི་ཟབ་སྦྱོང་གྲ་རྒྱས་པོ་དེ་འདྲ་བྱུང་མེད་པ་དང་། དེ་ནས་ཕྱི་ལོ་ ༡༩༧༨ ཙམ་ནས་ད་བར་བོད་ཁྱིམ་ནས་སྔོན་འགྲོའི་དགེ་རྒན་འོས་སྦྱོང་ཐེངས་ ༡༢ ཙམ་གོ་སྒྲིག་ཞུས་ཏེ། སྔོན་འགྲོའི་དགེ་རྒན་ ༣༠༠ ལྷག་ཙམ་ལེགས་ཐོན་བྱུང་ཡོད། དེ་མིན་བོད་ཁྱིམ་ནས་སྔོན་འགྲོའི་ཁྲིད་ཆས་གྲངས་མང་བཟོ་འགོད་ཞུས་ཡོད་པ་མ་ཟད། བཟོ་འགོད་ཞུ་མ་ཐུབ་པའི་ཁྲིད་ཆས་ཁག་ཅིག་རྒྱ་གར་ཁྲིད་ཆས་བཟོ་ཁང་སོགས་ནས་ཉོ་སྒྲུབ་ཞུ་བཞིན་ཡོད། སྔོན་འགྲོའི་འཛིན་གྲྭ་རྣམས་སུ་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སློབ་ཁྲིད་ཚགས་ཚུད་ཡོང་ཐབས་སུ། བོད་ཡིག་དང་ཨང་རྩིས། རྒྱུན་ལྡན་ལས་རིགས། ཚོར་ཤེས་བཅས་ལག་དེབ་བཞི་པར་སྐྲུན་ཞུས་ཡོད། སྤྱིར་བོད་ཁྱིམ་སློབ་ཁག་དང་ལྷག་པར་དུ་བོད་ཁྱིམ་སློབ་ཁག་ནང་མོན་ཊེ་སོ་རིའི་ལྟ་གྲུབ་དང་མཐུན་པའི་སློབ་ཁྲིད་ཚགས་ཚུད་འགྲོ་བཞིན་པར་བརྟེན། ལྷ་ལྕམ་རྗེ་བཙུན་པདྨ་མཆོག་ལ་རྒྱལ་སྤྱིའི་གཟེངས་བསྟོད་ཀྱང་འབུལ་བཞེས་གནང་ཡོད་པ་སོགས་ངོ་སྤྲོད་གནང་།
ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་ནས་སྤྱིར་ང་ཚོ་མི་ཞིག་ཡིན་པའི་ཆ་ནས་ཧ་ཅང་གིས་བསོད་ནམས་ཆེན་པོ་ཡིན་པས་དེའི་དུས་ཚོད་དེ་ཆུད་ཟོས་སུ་གཏོང་མི་ཉན་པ་དང་། ལྷག་པར་དུ་ཁྱེད་རང་ཚོ་སློབ་ཕྲུག་ཆུང་ཆུང་ཚོར་སློབ་ཁྲིད་གནང་མཁན་ཞིག་ཡིན་སྟབས། ཁོར་ཡུག་དེ་དག་ནང་ཉིན་གཅིག་ཀྱང་སློབ་ཁྲིད་གནང་རྒྱུ་སྐུ་ངལ་ཡོད་པ་ཞིག་ཡིན་ནའང་། ཁྱེད་རྣམ་པས་ལོ་མང་པོ་ཕྱག་ལས་གནང་ཡོད་པས་ངས་བསྔགས་བརྗོད་ཞུ་རྒྱུ་དང་། ཨང་རྩིས་ནི་ང་ཚོ་མིའི་འཚོ་བའི་ནང་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་ལ། དཔེར་ན། བྱིས་པ་ཁ་ཤས་ཤིག་ལ་རྔན་པ་ཞིག་སྤྲད་དེ་མང་ཉུང་ཤོར་བ་ཡིན་ན་བྱིས་པ་དེ་ཚོས་ཁོ་ལ་མང་བ་རག་སོང་དང་། ང་ལ་ཉུང་བ་རག་སོང་ཞེས་མང་ཉུང་གི་སྐད་ཆ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་ཡོད་པ་དེ་ཡང་རྩིས་རིག་གི་ཆ་ཤས་ཤིག་ཡིན་པས། དེ་ལྟར་འགྲེལ་བཤད་སྐྱོན་ན་སློབ་ཕྲུག་ཚོར་ཨང་རྩིས་དེ་དཀའ་ལས་ཁག་པོ་ཡིན་པའི་བསམ་བློ་དེ་འདོར་ཐུབ་པ་ཡིན་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་ལམ་སྟོན་གནང་དོན་དུ། ད་ལྟ་ཁྱད་སྟོན་པས་ཨང་རྩིས་ནི་མིའི་འཚོ་བའི་ནང་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་སྐོར་གསུངས་པ་དངོས་འབྲེལ་ཡིན། དེས་ན་ཨང་རྩིས་ཁྲིད་ཐབས་ནི་གལ་འགངས་ཆེན་པོ་ཡིན་པ་ལྟར་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་སྟབས། ཟབ་སྦྱོང་ཐོབ་རྗེས་ལོ་ཉི་ཤུ་གོང་དང་ད་ལྟའི་དབར་ཐབས་ལམ་ལ་འགྱུར་བ་མ་ཕྱིན་པ་ཡིན་ན་མི་འགྲིག་པས། ངེས་པར་དུ་དུས་དང་མཐུན་པར་སློབ་ཁྲིད་ཐབས་ལམ་ལའང་འགྱུར་བ་གཏོང་དགོས་པ་ཡིན། དེང་དུས་རྒྱལ་ཕྱི་ནང་ཀུན་ཏུ་འཕྲུལ་འཁོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པར་སོང་། ཕྲུ་གུ་ཆུང་ཆུང་ཚོ་ལའང་ཀམ་པུ་ཊར་གྱི་ལག་ལེན་སློབ་དགོས་ཀྱི་འདུག་ཅེས་གསུང་མཁན་ཡོང་བཞིན་ཡོད། གང་ཡིན་ཟེར་ན་ད་ནས་བཟུང་ལོ་ཉི་ཤུའི་རྗེས་ལ་ད་ལྟའི་བྱིས་པ་ཚོའི་མི་ཚེ་སྐྱེལ་སྟངས་དང་། ལས་དོན་བྱེད་ཕྱོགས་ཀྱང་འཕྲུལ་རིགས་ལ་རག་ལུས་པ་ཞིག་ཆགས་རྒྱུ་ཡིན། ད་ལྟའི་ཆར་ཡང་རྒྱལ་ཁབ་ཡར་ཐོན་ཅན་ཁག་གི་ཡིག་ཚང་ནང་། ཀམ་པུ་ཊར་མ་གཏོགས་ཤོག་ཐོག་ལས་དོན་བྱེད་སྲོལ་ཞེ་དྲགས་མེད་པས་ལོ་ཉི་ཤུ་རྗེས་སུ་དེ་བས་འགྱུར་བ་ཆེན་པོ་འགྲོ་ངེས་ཡིན། འོན་ཀྱང་འཕྲུལ་རིགས་ཡར་རྒྱས་ཕྱིན་པ་དེར་དགེ་སྐྱོན་གཉིས་ཀ་ཡོད་པས་དེའི་བརྒྱུད་སློབ་ཁྲིད་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་ཡོད་པ་ནི་ལེགས་པའི་ཆ་དང་། ཕྱོགས་གཞན་ནས་འཕྲུལ་རིགས་ཀྱིས་སློབ་ཕྲུག་གི་ཉན་ཡའི་དུས་ཚོད་དེ་ཇེ་ཐུང་དུ་གཏོང་གི་ཡོད་པའི་སྐོར་ཡང་གསུང་མཁན་ཡོད། གང་ལྟར་ཡང་དགེ་རྒན་སོ་སོའི་ངོས་ནས་འཕྲུལ་རིགས་ཡར་རྒྱས་ཕྱིན་པ་དེ་ལེགས་པའི་ཕྱོགས་སུ་བསྒྱུར་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས། སྤྱིར་སློབ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་སོགས་ཇི་ལྟར་ཆགས་མིན་ནི་དགེ་རྒན་ལ་རག་ལུས་ཚུལ་བཤད་སྲོལ་ཡོད་པ་ལྟར། ཐོག་མར་དགེ་རྒན་རང་ཉིད་ནས་མོན་ཊེ་སོ་རིའི་ལྟ་གྲུབ་དང་དེའི་ལག་ལེན་སྐོར་ཚད་དང་ལྡན་པ་ཤེས་པའི་ཐོག་ནས། འཛིན་གྲྭའི་ནང་དགེ་རྒན་གྱི་གཏམ་བཤད་དང་སློབ་ཕྲུག་གི་བྱེད་སྒོ་སོགས་ཀྱི་དུས་ཚོད་ཆ་བགོས་ལེགས་པོ་དགོས་སྐོར་གསུངས།
བེངྒ་ལོར་ཀྲིཥྞཱ་མུརྟཱིའི་སློབ་གྲྭར་དགེ་རྒན་རྣམས་སློབ་ཕྲུག་ཚོའི་ཕ་མ་ལྟ་བུ་བྱེད་ཐུབ་པ་ནི་དགེ་རྒན་རང་ཉིད་ལ་ཀྲིཥྞཱ་མུརྟིའི་ལྟ་གྲུབ་ལ་ཡིད་ཆེས་དང་གོམས་འདྲིས་དགོས་ཤིང་། ཕ་མ་རྣམས་ཀྱང་ཁོང་གི་ལྟ་གྲུབ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཡོད་པ་ཞིག་ཡིན་ན་མ་གཏོགས་དེ་ལྟར་ཡོང་ཐབས་དཀའ་བས། ང་ཚོས་ཀྱང་མོན་ཊེ་སོ་རིའི་ལྟ་གྲུབ་ལ་ཡིད་ཆེས་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ཚུལ་བཅས་གསུངས།
དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་འབྲེལ་ཆགས་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོའི་ལས་རིམ་ལེགས་པར་མཇུག་བསྒྲིལ།

ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་རོགས་ཚོགས་ USAID ནས་མཐུན་འགྱུར་གནང་ཡོད་པ་བཅས།

སྔོན་མ།
ཚད་མཐོའི་རིག་རྩལ་གྱི་དགེ་རྒན་ལག་དེབ་བཟོ་འགོད་ཚོགས་འདུ།
ཕྱི་མ།
བརྡ་ཆད་ཚན་པས་ཐ་སྙད་ཀྱི་གོ་རྟོགས་རྒྱ་ཆེ་སྤེལ།
Menu