ཟླ་རེའི་གསར་འགྱུར།

སྔོན་འགྲོའི་སློབ་ཕྲུག་གི་ཤེས་ཡོན་ཐོག་ཕ་མས་རང་ཁྱིམ་ནས་འགན་འཁུར་གནང་ཕྱོགས།

གསར་འཕྲིན།

ཏོག་དབྱིབས་གཉན་རིམས་ཁྱབ་གདལ་སོང་སྟེ་སྒོ་རྒྱ་བསྡམས་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རང་རེ་ཕྲུ་གུ་ཚོས་རང་ཁྱིམ་ནས་སློབ་སྦྱོང་མུ་མཐུད་ཡོང་ཐབས་སུ་ལས་འཆར་སྣ་མང་གོ་སྒྲིག་ཞུས་པ་ལྟར། འབྱུང་འགྱུར་གཟའ་འཁོར་ནང་ཤེས་རིག་ལས་ཁུངས་ནས་བོད་ཀྱི་དྲྭ་བརྙན་ལས་རིམ་བརྒྱུད་སྔོན་འགྲོའི་སློབ་ཕྲུག་གམ་བྱིས་པ་ལོ་ན་༣ ནས་༦ བར་གྱི་ཕྲུ་གུའི་ཕ་མ་རྣམས་ལ་ལམ་སྟོན་གྱི་བརྙན་འཕྲིན་ལེ་ཚན་བཞི་འགོ་འཛུགས་ཞུ་རྒྱུ་ཡིན།
བརྙན་འཕྲིན་ལེ་ཚན་བཞི་པོའི་བརྗོད་བྱ་གཙོ་བོ་ནི་མོན་ཊེ་སོ་རིའི་བསླབ་གཞི་སྟེ་ཚོར་ཤེས་དང་། རྒྱུན་གཏན་ལས་རིགས། ཨང་རྩིས། བོད་ཀྱི་སྐད་ཡིག་བཅས་བརྒྱུད་སོ་སོའི་ཕྲུ་གུའི་སྤྱི་ཚོགས་སེམས་མྱོང་དང་། ལུས་སྟོབས། ངེས་རྟོགས། སྐད་ཡིག འབྲི་ཀློག་བཅས་གལ་ཆེའི་འཚར་ལོངས་ཀྱི་ཁྱབ་ཁོངས་དག་གི་ཐོག་ཕ་མས་རོགས་སྐྱོར་ཇི་ལྟར་བྱ་ཚུལ་སོགས་ཚུད་ཡོད། གལ་ཆེའི་འཚར་ལོངས་ཀྱི་ཁྱབ་ཁོངས་འདི་དག་གོང་འཕེལ་དུ་འགྲོ་བར་རོགས་སྐྱོར་བྱ་རྒྱུ་ནི། བྱིས་པ་རྣམས་སོ་སོར་ཡིད་ཆེས་དང་། རང་དབང་། གསར་གཏོད། དེ་བཞིན་འགན་འཁུར་ཅན་གྱི་མི་ཞིག་དང་། དེ་ཡང་མི་ཚེ་གང་པོར་ཤེས་ཡོན་སློབ་སྦྱོང་གི་བྱ་བར་གཞོལ་ཞིང་མི་ཚེ་ཧྲིལ་པོར་སློབ་ལ་བརྩོན་པའི་གང་ཟག་ཏུ་འགྱུར་བའི་རྨང་གཞི་སྲ་བརྟན་ཞིག་འཛུགས་པར་མེད་དུ་མི་རུང་བ་ཞིག་ཡིན།
ཕྲུ་གུ་ཚོས་སོ་སོའི་ཁོར་ཡུག་ལ་འཚོལ་ཞིབ་དང་། བྱེད་སྒོ་འདྲ་མིན་ནང་ཞུགས་པ། དེ་བཞིན་སོ་སོའི་ཉེ་འཁོར་གྱི་མི་སྣ་དང་བྱ་དངོས་སོགས་དང་འབྲེལ་གཤིབ་ཀྱིས་གནས་ཚུལ་མང་པོ་ཤེས་རྟོགས་ཡོང་གི་ཡོད་པ་ནི་མངོན་གསལ་ཡིན་ཞིང་། དེར་བརྟེན་སྔོན་འགྲོའི་ཕྲུ་གུ་རྣམས་ལ་སྦྱོང་ཚན་དང་ནང་ལས་སོགས་ཀྱིས་གནོན་ཤུགས་མི་ཡོང་བ་དགོས་རྒྱུ་ཐོག་ཤེས་རིག་ལས་ཁུངས་ནས་ནན་བརྗོད་བྱེད་ཀྱི་ཡོད་ཅིང་། འོན་ཀྱང་ཕྲུ་གུའི་མཉམ་དུ་ཡོད་པའི་རྒན་རབས་ཚོས་དགོས་དམིགས་ངེས་ཅན་གྱི་ཐོག་ནས་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་བྱེད་སྒོ་ཁག་མཁོ་སྒྲུབ་ཐོག་རོགས་སྐྱོར་དགོས་པ་ཡིན། དམིགས་ཡུལ་འདི་རང་གཙོ་བཟུང་གིས་འབྲེལ་ཡོད་སྔོན་འགྲོའི་དགེ་རྒན་ནས། སྔོན་འགྲོའི་སློབ་ཚན་སོ་སོའི་ཐོག་ཚན་རིག་དང་གཏན་ཚིགས་ཡང་དག་ལ་བརྟེན་པའི་ངོ་སྤྲོད་དང་། ལག་བསྟར་སླ་བའི་བྱེད་སྒོ་སྣ་མང་། གཞན་ཡང་ཉིན་རེའི་བྱེད་སྒོ་ལ་སྨན་པའི་ཁ་ཚ་དགོས་གཏུགས་ཀྱི་གཏམ་བཤད་གནང་རྒྱུ་དང་། དེ་ལ་བརྟེན་ནས་ཕ་མ་རྣམས་ཀྱིས་ཀྱང་ད་ལྟའི་སྒོ་རྒྱ་བསྡམས་པའི་དུས་སྐབས་ཙམ་མ་ཟད་མ་འོངས་པར་ཡང་བརྙན་དུམ་གྱི་ལམ་སྟོན་བཞིན་རང་ཁྱིམ་ནས་སོ་སོའི་ཕྲུ་གུའི་ཆེད་དུ་བྱེད་སྒོ་འདྲ་མིན་གོ་སྒྲིག་དང་ལག་བསྟར་ཐུབ་པ་ཡོང་ངེས་བཅས།

བརྙན་འཕྲིན་འདི་དག་ཕྱི་ལོ་༢༠༢༠ ཟླ་༥ ཚེས་༩, ༡༦, ༢༣, ༣༠ བཅས་ལ་གཤམ་གསལ་གཞུང་འབྲེལ་དྲྭ་རྒྱ་ཁག་ནས་ཕབ་ལེན་དང་གསན་གཟིགས་གནང་ཐུབ།

  • བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ།: https://www.facebook.com/CTATIBETTV
  • བོད་ཀྱི་བརྙན་འཕྲིན་གྱི་ཡུ་ཊུབ།: https://www.youtube.com/user/ctaonlinetv
  • ཤེས་རིག་ལས་ཁུངས་ཀྱི་ངོ་དེབ།: https://www.facebook.com/doe.lobyon
  • ཤེས་རིག་ལས་ཁུངས་ཀྱི་ཡུ་ཊུབ།: https://www.youtube.com/user/sherigCTA

སྔོན་མ།
༄༅། །འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་སློབ་མའི་རྩོམ་འབྲི་དང་དཔེ་ཀློག་བྱ་འགུལ་གསལ་བསྒྲགས།
ཕྱི་མ།
ཉམ་ཐག་ཨང་ཐོབ་ཅན་གྱི་སློབ་ཕྲུག་རྣམས་ལ་ངལ་སེལ་རོགས་དངུལ་བགོ་འགྲེམས་ཞུས།
Menu