ཟླ་རེའི་གསར་འགྱུར།

ཨིན་ཡུལ་ལོན་ཌོན་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་ཁང་དུ་བོད་ཕྲུག་གཉིས་འདེམས་ཐོན་བྱུང་བ།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨིན་ཡུལ་ལོན་ཌོན་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་ཁང་ནས་བཙན་བྱོལ་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་དོན་གཉེར་ཅན་རྣམས་ལ་ལོ་ལྟར་སློབ་འཇུག་ཐེངས་གཉིས་ཕྱི་ཟླ་ ༢ དང་ ༩ ནང་གཙུག་ལག་སློབ་ཁང་དེ་གའི་འདེམས་སྒྲུག་ཚོགས་ཆུང་ནས་མཐའ་མའི་འདེམས་སྒྲུག་གནང་གི་ཡོད། ཤེས་རིག་ལས་ཁུངས་ནས་སྙན་འབུལ་བ་དོ་བདག་སོ་སོའི་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ས་གནས་འགོ་འཛིན་གྱི་རྒྱབ་གཉེར་དང་། དཔྱ་ཁྲལ་ལག་དེབ་དང་རྒྱ་གར་སྐྱབས་བཅོལ་ལག་དེབ་གཉིས་ཀྱི་ངོ་བཤུས་བཅས་ལ་ཞིབ་འཇུག་གིས་རྒྱབ་གཉེར་ཞིག་གཙུག་ལག་སློབ་ཁང་ལ་འབུལ་བཞིན་ཡོད་པ་དང་། སློབ་ཡོན་དེ་བརྒྱུད་ནས་བོད་མི་གཞོན་སྐྱེས་མང་དག་ཅིག་ལ་དེང་རབས་སློབ་ཚན་འདྲ་མིན་ཐོག་ལ་སྦྱངས་བཤད་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་བྱུང་ཡོད། སློབ་ཡོན་ཁོངས་སུ་སློབ་དོད་དང་ཉལ་ཁང་གི་དོད་ཙམ་མ་གཏོགས་དེ་མིན་གནམ་གླ་དང་ཐོངས་མཆན་གྱི་འགྲོ་གྲོན་གཞན་ཆ་ཚང་རང་ངོས་ནས་བསྒྲུབ་དགོས་པ་ཡིན། སློབ་ཡོན་འདི་བཞིན་འགོ་འཛུགས་ཞུས་ཏེ་ལོ་ངོ་བཅུ་ལྷག་ཕྱིན་ཡོད། ཨིན་ཡུལ་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་གཉེར་ཁང་ནས་འདི་ལོའི་ཕྱི་ཟླ་ ༩ པའི་སློབ་འཇུག་ཁོངས་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཐབས་མཁས་དང་ སྦེང་ལོར་ནས་ཡིན་པ་སློབ་མ་བཀྲ་ཤིས་ཉི་མ་གཉིས་འདེམས་ཐོན་བྱུང་ཡོད། ཁོང་གཉིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨིན་ཡུལ་དུ་ཐོན་གཏན་འཁེལ་འདུག་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།

སྔོན་མ།
ཊེན་ནོན་ཨི་སི་རལ་བཟོ་སྐྲུན་རིག་གནས་སློབ་ཁང་ནས་སློབ་ཡོན་ངོས་བཞེས་མ་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༡༡ ལོའི་ཧི་མ་ཅལ་སྨན་པའི་ཟུར་བཅད་ཞབས་སྟེགས་བོད་ཕྲུག་གཉིས་ལ་ཐོབ་པ།
Menu