ཟླ་རེའི་གསར་འགྱུར།

ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ།

བསླབ་བྱ།

    ཁ་ཆེ་ཕ་ལུ་ནི་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་གདལ་ཤིན་ཏུ་ཆེ་བའི་བསླབ་གདམས་ཕུལ་དུ་བྱུང་བ་ཞིག་ཡིན། དེའི་རྩོམ་པ་པོའི་སྐོར་ལ་ད་བར་བཤད་སྲོལ་མང་དུ་མཆིས་ཏེ། འགའ་རེས་བསྟན་བཅོས་དེ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་ཅེས་དང༌། ཡང་འགའ་རེས་དེ་ནི་ཁ་ཆེའི་ཡུལ་ནས་བོད་དུ་དར་བ་ཡིན་ཚུལ་སོགས་མང་དུ་གསུངས། འདིར་བསྟན་བཅོས་ཀྱི་རྩོམ་པ་པོའི་སྐོར་ལ་དཔྱད་པ་གཏོང་བའི་དགོས་དབང་མ་མཆིས་པས་རྒྱས་པར་མི་སྤྲོ། བསླབ་གདམས་འདིར་ཚིག་སྦྱོར་སྙན་འཇེབས་ལྡན་ཞིང་གོ་སླ་བ་དང༌། དཔེ་དོན་འོས་ཤིང་འཚམ་པ་མ་ཟད། རྗོད་བྱེད་ཚིག་སྦྱོར་དག་ལ་ཚིག་རྒྱན་གྱི་ལོ་མས་མ་སྒྲིབ་པར་མདོ་དང་བསྟན་བཅོས་གཞན་ལས་བསྟན་པའི་ནང་པའི་ལྟ་སྤྱོད་ཁག་ཧ་ཅང་རྟོགས་སླ་བའི་ཚིག་སྦྱོར་ལ་བརྟེན་ནས་ཕྱག་རྩོམ་མཛད་འདུག་པས། ཡོན་ཏན་གྱི་གནས་ཚད་རབ་འབྲིང་ཐ་གསུམ་ཚང་མས་ཀློག་ཐུབ་ཅིང་གོ་དོན་ཚེགས་མེད་ངང་ མཁྱེན་ནུས་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་འདུག བསྟན་བཅོས་ཀྱི་ནང་དོན་ཆ་ནས་བཤད་ན་ཆོས་དང་འཇིག་རྟེན་གཉིས་ཀའི་བླང་དོར་སྐོར་གང་མང་ཞིག་བསྟན་ཡོད་ཅིང༌། དེའི་ནང་གི་ཚིག་དུམ་འགའ་རེ་རང་རེའི་ཁ་རྒྱུན་དུའང་སོང་ནས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་དེ། དཔེར་ན། གཏམ་ཐོལ་བྱུང་དུ་སྨྲ་བར་མི་རུང་བའི་སྐོར་བཤད་པ་ལ་བསྟན་བཅོས་ལས། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། །རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ༌།།ཞེས་གསུངས་པ་དང༌། ཡང་བྱ་བ་གང་ཞིག་བྱ་ཡང་ཁ་ཕྱོགས་མ་ནོར་བ་དགོས་ཚུལ་བསྟན་པ་ལ། དུག་ཤིང་སྡོང་པོས་ཁམ་བུ་སྟེར་མདོག་མེད། །ཁམ་བུ་དགོས་ན་ཁམ་སྡོང་འགྲམ་ལ་སོང༌། །ཞེས་གསུངས་ཡོད་པ་ལྟ་བུ་རེད། དེ་མིན་འཇིག་རྟེན་གྱི་འཁོར་བ་འདི་མི་རྟག་པའི་ཆོས་ཉིད་འབའ་ཞིག་ཏུ་འཁུམས་ཚུལ་བསྟན་པ་ལ། འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད། །རྟག་པ་མེད་པར་བདེན་པ་སུ་ལ་ཡོད། །རྟག་པ་བརྟན་པ་མེད་པའི་མི་ཚེ་འདི། །ལ་མགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ། །ཞེས་གསུངས་པ་ལྟར་རོ། །བསླབ་གདམས་དེས་རང་རེའི་དེང་རབས་ཀྱི་གཞོན་སྐྱེས་ཚོགས་ལ་ཀུན་སྤྱོད་ཐད་ཕན་ནུས་མི་དམན་པ་ཐོན་ངེས་བསམ་སྟེ་ངེད་རྩོམ་སྒྲིག་ཚོགས་པས་ད་ལན་སྟོད་སྨད་གཉིས་སུ་དབྱེ་ནས་བཀོད་ཡོད་ཅིང༌། བསྟན་བཅོས་ཀྱི་ནང་དོན་རེ་ཟུང་དེང་གི་གནས་བབ་དང་མི་མཐུན་པ་ཡོད་ཤས་ཆེ་བས་སྙིགས་དོར་བཅུད་ལེན་གནང་གལ་ཆེའོ། །
    ཨོཾསྭསྟི། སྔོན་རྒྱ་གར་འཕགས་པའི་ཡུལ་ན་སངས་རྒྱས་དགུང་ལོ་བཅུ་ལ་ཕེབས་པ་ན། འཛམ་གླིང་སྤྱི་དང་ལྷག་པར་ཡུལ་དགའ་བའི་གཡས་གཡོན་དུ་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང༌། རྫུ་འཕྲུལ་མཁས་བཙུན་གྲངས་མེད་དུ་མཛད་པ་རྣམས་འབྲི་དགོས་དང༌། ཤོད་དགོས་བྱུང་ན་མི་ཚེའི་ཁ་ལ་མི་ཚེ་མང་པོ་དགོས་འདུག་པས། མཚམས་ཀྱིས་ཞུ་བར། དགུང་ལོ་བཅུ་ལ་ཕེབས་པའི་དུས། དང་པོ་དྲང་པོའི་གཏེར་མཛོད། གཉིས་པ་ཁྲིམས་ཀྱི་འབྱུང་ཁུངས། གསུམ་པ་ངོ་ཚའི་རྒྱ་མཚོ། བཞི་པ་སྦྱིན་པའི་རྒྱལ་པོ། ལྔ་པ་ཆོས་གནང་བ་སོགས་རྩ་བ་ལུང་དང་མཉམ་པའི་སྡོང་པོ་ལ་ལོ་འདབ་རྒྱས་པ་ལྟ་བུའི་ཆོས་འཇིག་རྟེན། ལས་རྒྱུ་འབྲས། ཁྲེལ་ངོ་ཚ། བྱམས་སྙིང་རྗེ། ལམ་ལུགས་སྲོལ་སོགས་གང་ཅི་རྒྱ་མཚོ་ཐིགས་པའི་ཐིགས་པ་དུམ་བུ་བརྒྱ་ཕྲག་མང་པོར་བཏང་བའི་བསླབ་བྱའི་ཚིགས་བཅད་མུ་ཏིག་དར་ལ་བརྒྱུས་པ་བཞིན་འདི་བརྩམས་ཚིག་དག་ཁ་ཆེ་ཕ་ལུ་འཇུ་ཡིས་ཡིག་ཐོག་ཏུ་བཀོད་པའི་བསླབ་བྱ་དངོས་གྲུབ་ཆུ་མིག །

བསླབ་བྱ་ལེའུ་དང་པོ།

    ཆོས་ཀྱི་འབྱུང་ཁུངས་རྡོ་རྗེའི་ཁྲི་ཡི་ཐོག རྒྱབ་ཏུ་ཆོས་ཀྱི་བྲག་རི་དབུ་འཕང་མཐོ། བདུན་དུ་སྙིང་རྗེའི་མཚོ་མོ་འོད་ཀྱི་ཁེངས། དབྱར་དགུན་མེད་པ་ཉིན་མཚན་རིང་ཐུང་སྙོམས། དབྱར་ཁ་དྲོ་རྒྱུ་དགུན་ཁ་གྲང་རྒྱུ་མེད། དབྱར་དགུན་རིང་ཐུང་དྲོ་གྲང་ལྡན་པའི་ས། ཉི་མ་ནམ་མཁའི་དགུང་དུ་སླེབས་པའི་དུས། ཁང་ཁྱིམ་མུན་པ་གྲིབ་སོ་འཁོར་རྒྱུ་མེད། དེ་ཚོ་འཛམ་གླིང་ལྟེ་བའི་བརྟག་དཔྱད་ཡིན། ལྟེ་བ་དེ་ནས་ལྟེར་བའི་འགྲོ་བའི་ལམ། ལྟེ་བའི་ལྟེ་བ་དེ་ལ་ཕྱག་འཚལ་ལོ། བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ། རང་རེའི་སྐད་དུ་གོ་བརྡྭ་ཕྱག་འཚལ་ལོ། རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་འདོད་ན། སེམས་པའི་ཡུལ་ན་གཏི་མུག་ཤུལ་མེད་བཟོས། འདོད་ཆགས་ནག་པོ་རྒྱ་མཚོའི་གཏིང་ལ་བསྐུར། ཆགས་སྡང་ཞེ་སྡང་དམར་པོའི་མེ་ལ་སྤོར། གཅིག་ལ་གཉིས་ཀྱི་འབྲེལ་སོ་མེད་ཟེར་ན། ཆོས་ལ་འགྲོ་ཆས་སྒྲིགས་ཤིག་ཕ་ཡི་བུ། འགྲོ་གིན་འགྲོ་གིན་ལྟད་མོ་མཐོང་མྱོང་ཡོང་ངོ་། བྱས་ཚད་ཆོས་དང་བཏང་ཚད་ལམ་ལ་འགྲོ། བསམ་ཚད་ཐོག་དང་དགོས་ཚད་ལག་ཏུ་ཐེབས། ལབ་ཚད་གཏམ་དང་དགོས་ཚད་འབེན་ལ་ཕོག དེ་འདྲའི་ས་རུ་འགྲོ་འདོད་ཡོད་ཟེར་ན། དགོས་རྒྱུའི་སྙིང་པོ་དོན་གྱི་རྡོ་ཁ་གསུམ། དང་པོ་སེམས་དཔའ་མེ་ལོང་བཞིན་དུ་དྭངས་གཅིག་དགོས། གཉིས་པ་དམ་ཚིག་གཙང་ཆུ་བཞིན་དུ་གཙང་གཅིག་དགོས། གསུམ་པ་ལག་རྒྱ་སེངྒེ་བཞིན་དུ་ཆེ་གཅིག་དགོས། དེ་གསུམ་འཛོམས་ན་དེ་རུ་སླེབས་པ་རེད། དེ་འདྲའི་སུ་རུ་སླེབས་པའི་ཕོ་གཞོན་ཚོ། །རང་ལ་རང་གི་གོ་བ་མ་བསྐོན་ན། །འཇིག་རྟེན་འདི་ཡི་འཁོར་དུ་ཐིམ་ཡོང་ངོ་། །སང་སང་གནངས་གནངས་ཟེར་གྱིན་འགྱངས་ཡོང་ངོ་། །དེ་དུས་འགྱོད་པའི་གླིང་ལ་བརྒྱབ་ཡོང་ངོ་། །ཁ་སུར་སྡོང་པོ་སྐམ་པའི་རྡོ་ལ་སྐྱེས། །ཡལ་ག་ལོ་འདབ་དེ་མ་ཐག་ཏུ་རྒྱས། །འདབ་ལོ་རེ་རེའི་ཐོག་ཏུ་མཚན་རེ་འཁྲུངས། །མཁས་པ་ཡོངས་ཀྱི་རིག་པ་མི་ཉམས་པ། །ལྟེ་བའི་སྙན་ཞུ་ལྟེ་བའི་དྲུང་དུ་ཕུལ། །བཀའ་ཤོག་རྒྱབ་དང་དམ་ཕྲུག་སྐུ་རྒྱབ་ཏུ། །གཙུག་གི་ནོར་བུ་དོན་གྱི་རྡོ་ཁའི་ཚིག །སྡིག་ཆེན་བད་དང་འཁོར་བའི་སེམས་ཅན་སོང་། །ཆོས་ཀྱི་ལམ་སྣ་ཟིན་པའི་སྙན་ཞུ་དང་། །འདི་དང་ཕྱི་མ་གཉིས་ཀྱི་རེ་ས་དང་། །བློ་དང་སེམས་པ་གཉིས་ཀྱི་བཞག་ས་ལ། །འབྲལ་བ་མེད་པར་ཐུགས་རྗེས་རྒྱང་ནས་གཟིགས། །ཡེ་ཤེས་སྤྱན་གྱི་གཟིགས་ནས་ཐུགས་ལ་ཞོག །བྱམས་དང་བརྩེ་བས་བསྐྱངས་ནས་ལམ་སྣ་དྲོངས། །སྐར་ཆེན་འོད་ཀྱི་གླིང་ལ་ཞལ་གཟིགས་ནས། །སྐར་ཆུང་ཚིག་བརྒྱ་ལྔ་བཅུ་ང་གཉིས་བར། །སྨྱུ་གུའི་བཤད་པ་སྨྱུ་གུས་གོ་སོང་ངོ་། །ནག་པོའི་རི་མོ་དཀར་པོའི་ཚིག་གིས་ཁེངས། །ཁ་ཆེ་ཕ་ལུའི་བསྙེལ་སོ་དྲན་བོས་ཕུལ། །

སྔོན་མ།
ཕྱི་ལོ་ ༢༠༡༡ ལོའི་ཧི་མ་ཅལ་སྨན་པའི་ཟུར་བཅད་ཞབས་སྟེགས་བོད་ཕྲུག་གཉིས་ལ་ཐོབ་པ།
ཕྱི་མ།
བསླབ་བྱ་ནོར་བུ་གླིང་དུ་བགྲོད་པའི་ལམ་ཡིག
Menu