སྒོ་བརྒྱབ་ཟིན་པའི་སློབ་གྲྭ་ཁག

དཀར་ཆག

༡། མའེ་ལི་༡༨ པའི་ཉིན་སློབ།
༢། མའེ་ལི་༡༣ པའི་ཅང་ལང་ཉིན་སློབ།
༣། ཀང་ར་གསོག་སྒར་སློབ་གྲྭ
༤། ཊོབ་ཁ་ན་སྐྱབས་བཅོལ་བོད་མིའི་སློབ་གྲྭ།
༥། འཕགས་བོད་ནང་པའི་རིག་གཞུང་ཞིབ་འཇུག་ཁང༌།
༦། ཐར་པ་ཆོས་གླིང་དགོན་པའི་སློབ་གྲྭ།
༧། རྡོར་གླིང་བོད་མིའི་རང་འཚོའི་ལྟེ་གནས།
༨། པ་ཆ་མ་རི་གཏན་སློབ།
༩། སན་དེའོ་བོད་མིའི་སློབ་གྲྭ།
༡༠། མི་རིཀ་གཏན་སློབ།
༡༡། མ་འོང་ཊི་ཨ་བྷུ་གཏན་སློབ།
༡༢། སུན་དར་ན་སྒར་ཉིན་སློབ།
༡༣། ས་ཊོན་བོད་མིའི་སློབ་གྲྭ
༡༤། ཀུམ་རའོ་ཉིན་སློབ།
༡༥། འབྲུག་ལྷོང་ཚོའི་ཉིན་སློབ།
༡༦། འབྲུག་དཀར་ཆེ་ཉིན་སློབ།
༡༧། འབྲུག་ཁ་ས་ཁ་ཉིན་སློབ།
༡༨། ཁར་ཤང་ཉིན་སློབ།
༡༩། བཀྲ་ཤིས་ལྗོངས་ཉིན་སློབ།
༢༠། སྤོན་ཌོ་བོད་ཁྱིམ་ཉིན་སློབ།
༢༡། བལ་ཡུལ་རྡོར་པ་ཊན་ཉིན་སློབ།
༢༢། ཁ་ར་པ་ཐར་ཉིན་སློབ།
༢༣། གུམ་གཏན་སློབ།
༢༤། ལ་ཁན་ཝ་ལ་ཉིན་སློབ།
༢༥། ན་ནི་ཏལ་ཉིན་སློབ།
༢༦། ལ་དྭགས་དཔེ་ཐུབ་བོད་ཁྱིམ་སློབ་གྲྭ།
༢༧། སུན་དར་ན་སྒར་བོད་ཁྱིམ་ཉིན་སློབ།
༢༨། བྷུན་ཏར་སམ་བྷོ་ཊ་གཏན་སློབ།
༢༩། པ་ཏི་ཁུལ་གཏན་ཉིན་སློབ་གྲྭ
༣༠། ལ་དྭགས་ལྕག་ལམ་ཉིན་སློབ།
༣༡། ཅོག་ཀུར་ཉིན་སློབ།
༣༢། སྒང་ཏོག་ཐོན་མི་སམ་བྷོ་ཊ་གཏན་སློབ།
༣༣། སྤོག་རེ་སྦོང་སམ་བྷོ་ཊ་གཏན་སློབ།
༣༤། ལ་དྭགས་སི་པི་ཐུག་ཉིན་སློབ།
༣༥། ཝ་ལུང་བསམ་འཕེལ་གླིང་ཉིན་སློབ།
༣༦། ཤར་སྨད་དབང་འཕེལ་སློབ་གྲྭ
༣༧། ཀུ་ལུ་བོད་ཁྱིམ་ཉིན་སློབ།
༣༨། ཤར་ཁུམ་གངས་ཅན་སློབ་གྲྭ
༣༩། མ་ཧན་དྲ་གྷ་ཌ་ཉིན་སློབ།

༡།     མའེ་ལི་༡༨ པའི་ཉིན་སློབ།

ཕྱི་ལོ་༡༩༥༩ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་གཞུང་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་རྗེས། བོད་ས་སྟོད་སྨད་བར་གསུམ་ནས་བོད་མི་ཁྲི་ཕྲག་མང་པོ་རྒྱ་བལ་འབྲུག་གསུམ་ནང་སྐྱབས་བཅོལ་དུ་རིམ་གྱིས་འབྱོར་བས། གནས་ཡུལ་རྒྱལ་ཁབ་དང་ཁྱད་པར་བོད་མི་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད། སྐབས་དེར་རྒྱ་གར་བྱང་ཤར་ཕྱོགས་སུ་བོད་མིའི་སྡོད་སྒར་གསུམ་ཡོད་པ་དེ་དག་ནི། ལོ་ཧིཏ་མཐའ་མཚམས་(Lohit Frontier Division)ཁུལ་གྱི་ཏི་ཛུ་དང༌། ཏི་རུབ་མཐའ་མཚམས་ཁུལ་(Tirup Frontier Division)གྱི་ཅང་ལང་(Changlang)དུ་སྡོད་སྒར་གཉིས་བཅས་གསར་འཛུགས་བྱས།
ཐོག་མར་བོད་མི་རྣམས་གཞིས་ཆགས་སྐབས། ལོ་ཧིཏ་མཐའ་མཚམས་ཁུལ་གྱི་པཊ་ཀོའི་(Patkoi)ཞེས་པའི་འདབས་རྒྱུད་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེབས་ཡོད། ནགས་ཚལ་གཙང་སེལ་བགྱིས་པའི་ཤུལ་དུ་ས་ཞིང་བཏབ། ས་ཁུལ་དེ་ནམ་ཟླ་བསིལ་ཞིང་ཆར་ཆུ་ཤིན་ཏུ་མོད་པས་ཆུ་འབྲས་འདེབས་ལས་ལ་ཐོན་སྐྱེད་བཟང་པོ་འབྱུང༌། རི་སྒང་དེའི་འདབས་ནས་ཅུང་མི་རིང་བར་མར་གི་རེ་ཊ་(Margretta)ཞེས་པའི་མེ་འཁོར་འབབ་ཚིགས་ཤིག་ཡོད་ཅིང༌། བོད་མིའི་སློབ་གྲྭ་ནི་མེ་འཁོར་འབབ་ཚིགས་དེ་ནས་མའེ་ལི་༡༨ ཙམ་གྱི་རྒྱང་ཚད་དུ་ཆགས་ཡོད་སྟབས། སློབ་གྲྭའི་མིང་ལའང་མའེ་ལི་༡༨ པའི་སློབ་གྲྭ་ཞེས་ཐོགས།
སློབ་གྲྭ་དེའི་གཞི་རིམ་གྱི་འཛིན་ཁང་དང༌། དགེ་རྒན་ལས་ཤག་རྣམས་རྒྱ་གར་དབུས་གཞུང་གིས་བཙུགས་པའི་བོད་མིའི་སློབ་གྲྭའི་ཚོགས་སྡེ་ཡིས་རོགས་རམ་འོག་གསར་རྒྱག་གནང་ཞིང༌། ཐོག་མའི་ཆར་འཛིན་རིམ་དང་པོ་ནས་གསུམ་པ་བར་ཡོད།

༢།    མའེ་ལི་༡༣ པའི་ཅང་ལང་ཉིན་སློབ།

སློབ་གྲྭ་འདི་ནི་ལོ་ཧིཏ་མཐའ་མཚམས་ཁུལ་གྱི་པཊ་ཀོའི་(Patkoi)ཞེས་པའི་རི་རྒྱུད་ཀྱི་རི་སྒང་མཐོ་ཤོས་དེར་ཡོད་ཅིང༌། ཏི་རུབ་མཐའ་མཚམས་ཁུལ་(Tirup Frontier Division)གྱི་ཅང་ལང་(Changlang)གྲོང་གདལ་དང་མའེ་ལི་༡༣ ཙམ་གྱི་རྒྱང་ཚད་ཡོད་པས། སློབ་གྲྭའི་མིང་ལའང་མའེ་ལི་༡༣ པའི་སློབ་གྲྭ་ཞེས་ཐོགས། སློབ་གྲྭ་དེ་ནས་མར་གི་རེ་ཏ་མེ་འཁོར་འབབ་ཚིགས་བར་མའེ་ལི་༣༡ ཙམ་ཡོད།
ཕྱི་ལོ་༡༩༦༢ ཡས་མས་སུ་རྒྱ་གར་དབུས་གཞུང་གི་བཀོད་སྒྲིག་ལྟར་བོད་མི་རྣམས་ས་ཁུལ་དེར་སླེབས་ཏེ། ནགས་ཚལ་གྱིས་ཁེབས་པའི་རི་སྒང་དེའི་ཤིང་ནགས་གཙང་སེལ་གྱིས་གཞིས་ཆགས། ཕྱི་ལོ་༡༩༦༣ ལོར་བོད་མི་ཚོའི་ཕྲུ་གུ་སློབ་འཇུག་གི་དམིགས་སྒོར་སློབ་གྲྭ་གསར་འཛུགས་བྱས། དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེ་ནས་འཛིན་ཁང་དང་ལས་ཤག་ཆེད་རོགས་རམ་གནང་ཡོད་ནའང༌། འགྲིམ་འགྲུལ་དང་བརྡ་འཕྲིན་སྟབས་བདེ་མེད་པས་གང་ཅིའི་གནས་སྟངས་ཧ་ཅང་ཉམས་ཞན་པར་གནས་ཡོད་སྐད།

༣།    ཀང་ར་གསོག་སྒར་སློབ་གྲྭ

རྒྱ་གར་དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེའི་འཆར་གཞིའི་དགོངས་དོན་བཞིན། དབུས་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཧི་མ་ཅལ་ཀང་ར་རྫོང་ཐོག་ཏུ་ཁང་པ་༥ ཙམ་གླ་གཡར་གྱིས་འཕྲལ་སེལ་སློབ་གྲྭ་ཞིག་གསར་འཛུགས་བྱས་པ་དེར། ཡོངས་གྲགས་སུ་ཀང་ར་གསོག་སྒར་སློབ་གྲྭ་ཞེས་འབོད།
སློབ་གྲྭའི་འདིར་ས་ཁུལ་འདྲ་མིན་ནས་སློབ་ཕྲུག་ཡོང་གི་ཡོད་ཅིང༌། དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེ་ཡིས་སློབ་ཕྲུག་དེ་ཚོའི་སློབ་གྲྭ་ཞུགས་ཡུལ་གོ་སྒྲིག་ཟིན་མཚམས། འཛིན་རིམ་གཞིར་བཟུང་སློབ་གྲྭ་ཁག་ལ་གནས་སྤོས་བཏང་ཡོད། སློབ་གྲྭའི་དགེ་ལས་ཀྱི་གསོལ་ཕོགས་དང༌། ཁང་གླ། རྒྱུན་གྲོན་བཅས་དབུས་བོད་མིའི་སློབ་ཚོགས་ནས་བཏང་ཡོད།

༤།    ཊོབ་ཁ་ན་སྐྱབས་བཅོལ་བོད་མིའི་སློབ་གྲྭ།

སློབ་གྲྭ་འདི་ནི་རྒྱ་གར་གྱི་ནུབ་བྷང་གལ་མངའ་སྡེའི་རྡོར་གླིང་ཁོངས་ཀྱི་ཀ་སྦུག་ས་གནས་སུ་ཆགས་ཡོད། སློབ་གྲྭ་འདི་ཐོག་མར་དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེས་རོགས་རམ་འོག་བཙུགས། སྐབས་དེར་གཏན་སློབ་ཁག་བཙུགས་མེད། འཛིན་ཁང་དང་ཉིན་གུང་གསོལ་ཚིགས་བཅས་ཀྱི་མཐུན་རྐྱེན་སྦྱར་ཡོད། འཛིན་གྲྭ་དང་པོ་ནས་བཞི་པ་བར་ཡོད་ཅིང༌། དགེ་རྒན་ཚོར་ཟླ་ཕོགས་དོད་ཧིན་སྒོར་༧༥ རེ་གནང་ཡོད། ཕྱིས་སུ་ཀ་སྦུག་གཏན་སློབ་གསར་འཛུགས་གནང་སྐབས་སྒོ་བརྒྱབ།

༥།    འཕགས་བོད་ནང་པའི་རིག་གཞུང་ཞིབ་འཇུག་ཁང༌།

སློབ་གྲྭ་འདི་ནི་ཐར་འདོད་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༡༩༤༥ ལོར་ཀ་སྦུག་ཁུལ་དུ་གནས་སྡོད་བོད་མིའི་ཕྲུ་གུའི་སློབ་སྦྱོང་ཆེད་གསར་འཛུགས་བྱས་པའི་སློབ་གྲྭ་རྙིང་པ་ཞིག་ཡིན་ཞིང༌། ཕྱི་ལོ་༡༩༦༠ ལོར་བོད་མི་ཕོན་ཆེ་རྒྱ་གར་ནང་འབྱོར་རིམ་བཞིན་སློབ་གྲྭ་འདིར་སློབ་ཁང་ཐོག་བརྩེགས་གཉིས་ཅན་ཞིག་གསར་རྒྱག་བྱས་པའི་ནང༌། སྐྱབས་བཅོལ་བོད་མིའི་ཕྲུ་གུ་སློབ་འཇུག་གནང་འགོ་བརྩམས། ཐོག་མའི་ཆར་ནུབ་བྷང་གལ་མངའ་སྡེ་གཞུང་གིས་སློབ་གྲྭ་འཛིན་སྐྱོང་བྱས། འཛིན་རིམ་དང་པོ་ནས་བརྒྱད་པ་བར་ཡོད་ལ། བོད་མི་སྐྱབས་བཅོལ་པ་དང་རྒྱ་གར་ཡུལ་མི་དབྱེར་མེད་སློབ་བཞེས་གནང༌། དབུས་བོད་སློབ་ཚོགས་ཀྱིས་རོགས་སྐྱོར་སློབ་གྲྭའི་ཁོངས་སུ་བཞག་སྟེ་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་དང༌། དགེ་རྒན་རྣམས་ཀྱི་གསོལ་ཕོགས་ཐོག་མའི་ཆར་ཟླ་རེར་ཧིན་སྒོར་༧༥རོགས་སྐྱོར་གནང༌།
ཕྱིས་སུ་ཀ་སྦུག་གཏན་སློབ་གསར་འཛུགས་བྱས་པར་ཆ་རྐྱེན་གང་ལེགས་ཡོད་སྟབས་སློབ་གྲྭ་འདིའི་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་བར་གྱུར། འོན་ཀྱང༌། སློབ་གྲྭ་དེ་དེང་སང་བར་རྒྱུན་འཁྱོངས་ཡོད་པ་མ་ཟད་རིག་གཞུང་ཞིབ་འཇུག་ཁང་ཡང་སྔར་མུས་བཞིན་གནས་ཡོད།

༦།    ཐར་པ་ཆོས་གླིང་དགོན་པའི་སློབ་གྲྭ།

སློབ་གྲྭ་འདི་ནི་དང་བླངས་ཚོགས་པ་ཞིག་གིས་འཛུགས་སྐྱོང་བྱས་པའི་སློབ་གྲྭ་རྙིང་པ་ཞིག་ཡིན་འདུག སློབ་གྲྭ་གནས་ཡུལ་ཐར་པ་ཆོས་གླིང་ཞེས་པའི་དགོན་པ་དང་མཉམ་སྦྱར་དུ་ཡོད་སྟབས། སློབ་གྲྭའི་མིང་ལ་ཐར་པ་ཆོས་གླིང་དགོན་པའི་སློབ་གྲྭ་ཞེས་འབོད། གྲོ་མོ་དགེ་བཤེས་རིན་པོ་ཆེ་དགོན་པ་འདིར་གནས་བཞུགས་གནང༌། ཕྱི་ལོ་༡༩༦༡ ལོར་དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེས་རོགས་སྐྱོར་བྱ་ཡུལ་གྱི་ཁོངས་སུ་བླངས་ཏེ། སྐྱབས་བཅོལ་བོད་ཕྲུག་རྣམས་ཀྱི་ཉིན་གུང་གསོལ་ཚིགས་དང༌། དགེ་རྒན་རྣམས་ཀྱི་གསོལ་ཕོགས་ལ་སྒོར་༧༥ རེ་རོགས་སྐྱོར་བྱས་ཡོད།
དེང་སྐབས་དགོན་པ་འདི་ཡར་རྒྱས་འབྱུང་བཞིན་ཡོད་ནའང༌། སློབ་གྲྭ་སྔ་མོ་ནས་སྒོ་བརྒྱབ་ནས་སློབ་ཕྲུག་རྣམས་ཐག་ཉེའི་ཀ་སྦུག་གཏན་སློབ་ཏུ་ཟླ་སྒྲིལ་བཏང་འདུག

༧།    རྡོར་གླིང་བོད་མིའི་རང་འཚོའི་ལྟེ་གནས།

ཐོག་མའི་ཆར་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་འཕྲལ་ཕྱི་ལོ་༡༩༥༩ ཟླ་༡༠ ཚེས་༡ ཉིན་རྡོ་རྗེ་གླིང་རི་གྲོང་གི་ལེ་བྷོང་ཞེས་པའི་ས་གནས་སུ་བོད་མིའི་རང་འཚོའི་ལྟེ་གནས་ཞེས་པའི་ལག་ཤེས་བཟོ་གྲྭ་ཞིག་གསར་འཛུགས་ཀྱིས་པང་གདན་དང༌། ལག་ཁུག ཕྲུ་གུའི་རྩེད་ཆས། བལ་གོས། མགར་ལས། རུམ་འཐག་སོགས་ཀྱི་སྦྱོང་བརྡར་ལས་གཞི་འགོ་འཛུགས་གནང༌། ས་གནས་བོད་མི་ཚོའི་བྱིས་པ་སློབ་འཇུག་གི་དཀའ་ངལ་སེལ་སླད་ཐོག་མའི་ཆར་ཕྱི་ལོ་༡༩༦༠ ཟླ་༦ པར་བཟོ་གྲྭའི་ནང་སྔོན་འགྲོའི་འཛིན་གྲྭ་གསར་འཛུགས་གནང༌། ཕྱི་ལོ་༡༩༦༡ ལོར་གོང་གསལ་ས་ཁང་རྣམས་བོད་མིའི་སློབ་གྲྭ་ཚོགས་པ་ནས་སྤུས་གཟིགས་གནང༌། ཕྱི་ལོ་༡༩༦༣ ཡས་མས་སུ་སློབ་གྲྭ་འདིའི་སྔོན་འགྲོ་ཐོན་པའི་སློབ་ཕྲུག་རྣམས་རྡོར་གླིང་གཏན་སློབ་ནང་སློབ་འཇུག་དགོངས་བཞེས་ཐོག་སློབ་ཕྲུག་རེའི་ཟླ་རེའི་འཚོ་གྲོན་སྒོར་༥༠ རེ་དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེས་གསོལ་སྩལ་གནང༌། སློབ་གྲྭ་འདི་ག་དུས་སྒོ་བརྒྱབ་པའི་ལོ་ཚིགས་མ་ངེས།

༨།    པ་ཆ་མ་རི་གཏན་སློབ།

པ་ཆ་མ་རི་གྲོང་ཁྱེར་ནི་རྒྱ་གར་མངའ་སྡེ་མ་དེ་ཡ་པར་དེ་ཤིའི་ཁོངས་སུ་ཡོད། ས་ཆ་དེ་ནི་རྒྱ་མཚོའི་ངོས་ནས་ཕི་ཊི་༣༠༠༠ ཡས་མས་ཀྱི་མཐོ་ཚད་དུ་ཡོད་ཅིང༌། ས་ཁུལ་ཕལ་ཆེ་བ་ལྗོན་ཤིང་གིས་ཁེབས་པའི་བདེ་ཐང་ཡིན། དབྱར་དུས་ཆར་ཞོད་ཤིན་ཏུ་ཆེ།
བོད་མིའི་སློབ་གྲྭ་འདི་ནི་དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེས་ཕྱི་ལོ་༡༩༦༣ ལོར་གསར་འཛུགས་གནང༌། ཐོག་མའི་ཆར་རོ་ཡལ་མགྲོན་ཁང་(Royal Hotel)ཞེས་པའི་མགྲོན་ཁང་ཆེན་པོ་ཞིག་ལོ་རེར་སྒོར་༡༢༠༠༠ བྱས་ནས་གླ་གཡར་ཞུས་པའི་ཐོག མངའ་སྡེ་གཞུང་གི་ཁང་ཁུངས་ཁེར་ཐོག་གཉིས་གླ་གཡར་བྱས། ཕྱིས་སུ་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་གི་དམིགས་སྒོར་ས་ཆ་ཨེར་ཀ་༡༠ སྤུས་གཟིགས་བྱས་པའི་ཐོག་ཕྱི་ལོ་༡༩༦༤ ལོར་སློབ་ཁང་གསར་རྒྱག་འགོ་འཛུགས་ཀྱིས་ཨར་ལས་གྲུབ་འཕྲལ་དེར་སྤོ་སྡོད་བྱས། སྐབས་དེར་སློབ་ཕྲུག་༢༥༠ ཡོད་ཅིང༌། མ་དེ་ཡ་པར་དེ་ཤི་མངའ་སྡེ་གཞུང་དང་ཕྱོགས་གཞན་ནས་དགེ་རྒན་ཁ་ཤས་ཞབས་གཡར་ཐོག་བསྐོ་བཞག་གནང་ཡོད་པའི་ཐོག་ཁུངས་གཞན་ནས་འདེམས་སྒྲུག་དང༌། བོད་ཡིག་དང༌། ཟློས་གར། རོལ་དབྱངས་སོགས་སློབ་ཁྲིད་ཆེད་བོད་རིགས་དགེ་རྒན་ཁག་ཅིག་བསྐོ་འཛུགས་བྱས་འདུག
ཕྱི་ལོ་༡༩༦༦ ལོར་ྋགོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སློབ་གྲྭ་དངོས་སུ་དབུ་འབྱེད་གནང༌། སློབ་གྲྭ་འདིར་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བར་ཡོད་ཅིང༌། སློབ་སྤྱི་དང་པོ་ནི་ངག་དབང་རྒྱལ་མཚན་ལགས་དང༌། དེ་རྗེས་མཛེ་སྨད་རིན་པོ་ཆེས་སློབ་སྤྱིའི་ཐུགས་འགན་བཞེས།
སློབ་གྲྭ་འདིའི་ཉེ་ཁུལ་དུ་བོད་མིའི་ལག་ཤེས་བཟོ་གྲྭ་ཞིག་ཡོད་ཅིང༌། བཟོ་གྲྭའི་སློབ་ཕྲུག་ཚོས་ཞོགས་པར་ཉིན་ཕྱེད་རིང་སློབ་སྦྱོང་བྱེད་པ་དང༌། ཉིན་རྒྱབ་བཟོ་གྲྭའི་ནང་ཤིང་བཟོ་དང༌། རྡོ་བཟོ། ཚེམ་བུ། དཀྲུག་རྒྱག་སོགས་ལག་ཤེས་སྡེ་ཚན་སོ་སོའི་ནང་ཞུགས་ནས་ཐོན་སྐྱེད་དང་སྦྱོང་བརྡར་བྱེད་པ་བཅས། ཤེས་ཡོན་སློབ་སྦྱོང་དང་ལག་ཤེས་སྦྱོང་བརྡར་(Educational Cum Vocational Institute)ཟུང་འབྲེལ་གྱི་ལམ་སྲོལ་ལག་བསྟར་བྱས་ཡོད།
ཕྱིས་སུ་མངའ་སྡེ་གཞུང་གིས་ཆུ་མཛོད་ལས་འཆར་ཞིག་གི་ཆེད་ཕྱི་ལོ་༡༩༧༢ ལོར་གཞུང་བཞེས་གནང་བས། སློབ་གྲྭའི་འཛིན་གྲྭ་མཐོ་བའི་སློབ་མ་ཚོ་མ་སུ་རི་གཏན་སློབ་དང༌། གཞི་རིམ་བར་མའི་སློབ་ཕྲུག་རྣམས་ཌལ་ཧོར་གཏན་སློབ། སློབ་ཕྲུག་ཆུང་བ་ཚོ་སིམ་ལ་གཏན་སློབ་བཅས་སུ་ཟླ་སྒྲིལ་བཏང་འདུག།

༩།    སན་དེའོ་བོད་མིའི་སློབ་གྲྭ།

ཕྱི་ལོ་༡༩༦༡ ལོར་སྐྱབས་བཅོལ་དུ་འབྱོར་བའི་བོད་མི་རྣམས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁནཌ་མངའ་སྡེའི་ཕི་ཐོ་ར་སྒར་(Pithoragarh)གྱི་སན་དེའོ་ཞེས་པར་གཞིས་སྒར་ཆགས། ས་ཆ་དེ་ནི་རྒྱ་མཚོའི་ངོས་ནས་ཕི་ཊི་༧༠༠༠ ལྷག་ཡོད་པའི་ནགས་ཚལ་ཞིག་ཡིན་ཞིང༌། བོད་མིའི་གཞིས་སའི་ཆེད་ནགས་ཚལ་གཙང་སེལ་གྱིས་གཞིས་ཆགས་གསར་འཛུགས་དང་ཆབས་ཅིག རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་གཟིགས་རྟོག་འོག་མངའ་སྡེ་གཞུང་གིས་བོད་མི་ཚོའི་བྱིས་པ་སློབ་འཇུག་གི་དམིགས་སྒོར་གཞི་རིམ་འོག་མའི་སློབ་གྲྭ་ཞིག་གསར་འཛུགས་བྱས། ཕྱི་ལོ་༡༩༦༤ ལོར་སློབ་གྲྭ་དེར་སློབ་ཕྲུག་༡༦༥ དང༌། དགེ་རྒན་རྒྱ་གར་བ་༢ དང་བོད་རིགས་༡ བཅས་༣ ཡོད་འདུག
སློབ་གྲྭའི་རྒྱུན་གྲོན་ནི་ཐོག་མའི་ཆར་དབུས་ནང་སྲིད་ལས་ཁུངས་ནས་གནང་ལམ་བྱུང་ཡོད་ནའང༌། སློབ་གྲྭའི་དགེ་རྒན་ཚོར་དབུས་བོད་མིའི་སློབ་གྲྭའི་ཚོགས་སྡེས་གསོལ་ཕོགས་གནང་མུས་ལ་བརྟེན། ཕྱི་ལོ་༡༩༦༣ ལོར་སློབ་གྲྭའི་རྒྱུན་གྲོན་ཡང་ནང་སྲིད་ལས་ཁུངས་ནས་གནང་མ་དགོས་པར་དབུས་བོད་མིའི་སློབ་ཚོགས་ནས་གནང་འགོ་བརྩམས། སློབ་གྲྭ་དེར་འཛིན་རིམ་དང་པོ་ནས་བཞི་པ་བར་ཡོད།
སློབ་གྲྭ་འདི་ཉིད་ག་དུས་སྒོ་བརྒྱབ་མིན་དང༌། སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་མ་ངེས།

༡༠།    མི་རིཀ་གཏན་སློབ།

རྡོར་གླིང་མི་རིཀ་སློབ་གྲྭ་ནི། ཕྱི་ལོ་༡༩༧༦ ལོར་མི་རིཀ་ཁུལ་དུ་གནས་སྡོད་ཨ་མདོ་ཡེ་ཤེས་དང་གཞིས་རྩེ་བ་བུ་ལགས་གཙོས་པའི་ས་གནས་བོད་རིགས་ཕ་མའི་ལྷན་ཚོགས་(སྐྱིད་སྡུག་)ནས་གསར་འཛུགས་གནང༌། ཐོག་མའི་ཆར་ཡུལ་མིའི་སློབ་གྲྭར་བསྐྱོད་མཁན་སློབ་ཕྲུག་རྣམས་ལ་སྔ་དགོང་བོད་ཡིག་སློབ་ཁྲིད་བྱེད་སའི་མཐུན་རྐྱེན་གསར་སྐྲུན་ཆེད་ཤིང་ཁང་ཞིག་གསར་རྒྱག་གིས་བོད་ཡིག་ཁོ་ན་བསླབས། ལོ་མཇུག་དེར་རང་གཞུང་ཤེས་ལས་དང་དབུས་བོད་སློབ་འཛིན་ཚོགས་གཉིས་ལ་སྙན་གསན་ཞུས་ཏེ། དབུས་བོད་སློབ་འཛིན་ཚོགས་ནས་དགེ་རྒན་གཅིག་གསོལ་ཕོགས་དང་བཅས་བསྐོ་གཏོང་གནང༌། ཕྱི་ལོ་༡༩༧༧ ལོའི་ཟླ་༣ པར་སློབ་གྲྭ་དབུ་བརྙེས་པའི་མཛད་སྒོ་བསྐྱངས། སྐབས་དེར་སློབ་ཕྲུག་༢༢ ཡོད་ཅིང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་དགེ་རྒན་༡ ཐོག ཕ་མའི་ལྷན་ཚོགས་ཀྱི་བོད་དགེ་༡ བཅས་བསྐོ་འཛུགས་ཀྱིས་སློབ་གྲྭ་འདི་དང༌། གུམ་གཏན་སློབ་གཉིས་རྡོར་གླིང་གཏན་སློབ་ཀྱི་ཡན་ལག་ལྟ་བུར་གཟིགས་རྟོག་གནང་ཡོད། དེ་རྗེས་དབུས་བོད་སློབ་འཛིན་ཚོགས་ནས་དགེ་རྒན་༢ གསོལ་ཕོགས་དང་བཅས་བཏང་ནའང༌། བོད་མི་ཕལ་ཆེ་བ་ཉེ་འབྲེལ་ས་ཁུལ་དུ་མར་ཁ་ཐོར་དུ་གནས་པ་ལས་མི་རིཀ་ས་གནས་རང་དུ་སྡོད་མཁན་ཉུང་སྟབས། སློབ་ཕྲུག་ཉལ་ཁང་ཞིག་དགོས་གལ་ཆེ་བས་ཕྱི་ལོ་༡༩༧༩ ལོར་རང་གཞུང་ཤེས་རིག་ལས་ཁུངས་ལ་འབོད་སྐུལ་ཞུས་ཏེ་སློབ་གྲྭའི་ཉེ་འདབས་སུ་ཡོད་པའི་ཤིང་ཁང་ཞིག་ཁང་གླ་ཞུས་ཕར། རང་གཞུང་ཤེས་ལས་ནས་ཆོས་དགེ་ཞིག་ཀྱང་བསྐོ་གཏོང་གནང༌། གཏན་སྡོད་སློབ་མའི་ཟས་དོད་ཕ་མའི་ངོས་ནས་བསྡུ་བཞེས་དང༌། ཉལ་ཁང་གི་ཉལ་ཁྲི་དང་འཛིན་ཆས་རྡོར་གླིང་གཏན་སློབ་ནས་གནང༌། དེ་རྗེས་སློབ་ཕྲུག་གྲངས་འབོར་རིམ་གྱིས་ཇེ་ཉུང་དུ་གྱུར་སྟབས། རང་གཞུང་ཤེས་ལས་ལ་འབོད་སྐུལ་ཞུས་འབྲས་སུ་འབྲུག་ཡུལ་གྱི་སློབ་ཕྲུག་འཇུག་བཞེས་གནང༌། ཕྱི་ལོ་༡༩༧༩།༨༠ ཡས་མས་སུ་སློབ་ཕྲུག་༡༠༠ ལྷག་ཡོད། དེ་བཞིན་ཕྱི་ལོ་༡༩༨༠ ལོར་འཛིན་རིམ་ལྔ་པའི་སློབ་ཕྲུག་ཐོག་མ་སློབ་མཐར་ཕྱིན། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༡༠༣ དང༌། ཕྱི་ལོ་༡༩༨༧ ལོ་ཡས་མས་སུ་རང་གཞུང་ཤེས་ལས་ནས་སྤོག་རེ་བྷོང་དུ་སློབ་གྲྭ་གསར་འཛུགས་གནང་བར་བརྟེན། སློབ་གྲྭ་འདིའི་སློབ་ཕྲུག་ཡོང་ཁུངས་ཉུང་དུ་ཕྱིན་པས། ཕྱི་ལོ་༡༩༨༨ ཟླ་༧ པར་དངོས་སུ་སྒོ་བརྒྱབ་སྟེ། དགེ་རྒན་རྣམས་སློབ་ཁག་གཞན་དུ་གནས་སྤོས་དང༌། ཉལ་ཁྲི་དང་འཛིན་ཆས་རྣམས་ཁར་ཤང་སློབ་གྲྭར་རྩིས་འབུལ་གནང་འདུག།

༡༡།    མ་འོང་ཊི་ཨ་བྷུ་གཏན་སློབ།

མ་འོང་ཊི་ཨ་བྷུ་གཏན་སློབ་ནི། དེ་སྔོན་བྷོམ་བྷེ་རྙིང་པའི་ཁྱབ་ཁོངས་རི་བོ་ཨ་བྷུ་དེང་སང་ར་ཇ་སི་ཋན་མངའ་སྡེའི་ཁྱབ་ཁོངས་ལ་ཡོད་པའི་བོད་མིའི་གཏན་སློབ་ལ་ཟེར། ས་ཆ་འདིར་གནམ་གཤིས་དྲོད་གྲང་སྙོམས་ཤིང་ཡུལ་ལྗོངས་མཆོག་ཏུ་མཛེས་པ། སྔ་མོར་ར་ཇ་སི་ཋན་གྱི་རྒྱལ་སྲས་རྣམ་པས་ས་ཆ་འདིར་དབྱར་གནས་ཀྱི་ཕོ་བྲང་དུ་མ་བཞེངས་ཡོད།
ཕྱི་ལོ་༡༩༦༤ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་རི་བོ་ཨ་བྷུའི་གནས་སུ་རྒྱལ་པོ་ཆེན་པོ་བྷི་ཀན་ནར་གྱིས་དབྱར་གནས་ཆེད་བཞེངས་པའི་བྷི་ཇེ་བྷི་ལ་སི་(Bijay Bilas)ཞེས་པའི་ཁང་བརྩེགས་ཆེན་པོ་སྤུས་གཟིགས་ཀྱིས་བོད་མིའི་གཏན་སློབ་ཅིག་གསར་འཛུགས་གནང༌། ས་ཆ་དེའི་རྒྱ་ཁྱོན་ལ་ཨེར་ཀ་༧ ཡོད་ཅིང༌། ཕོ་བྲང་ཆེན་པོའི་འགྲམ་དུ་ཟུར་ཁང་མང་པོ་ཞིག་ཡོད། ཐོག་བརྩེགས་གསུམ་ཅན་གྱི་ཕོ་བྲང་དེའི་ནང་རྡོ་ཀ་མ་རུ་ཞ་ལ་བཏིང་ཞིང་སྒོ་དང་སྒེའུ་ཁུང་ཚང་མ་རིན་ཐང་ཆེ་བའི་ཤིང་རིགས་ཀྱིས་བྱས་ཡོད།
སློབ་གྲྭ་དེའི་ནང་སློབ་ཕྲུག་༥༠༠ དང་དགེ་རྒན། ཕ་ཚབ་མ་ཚབ་དང་ཁང་ཚན་དགེ་རྒན་བཅས་ཤོང་བ་ཞིག་ཡོད། ཕྱི་ལོ་༡༩༦༤ ཟླ་༡༡ ཚེས་༡༥ ནས་ཟླ་༡༢ ཚེས་༡ བར་ཕྱོགས་ཡོངས་ནས་སློབ་ཕྲུག་བསྡུ་རུབ་བྱས་ཡོད། དུས་ཕྱིས་ཕྱི་ལོ་༡༩༧༡ ལོར་སྒོ་བརྒྱབ་སྟེ། སློབ་ཕྲུག་རྣམས་པ་ཆི་མ་རི་གཏན་སློབ་ཏུ་གནས་སྤོས་བྱས།

༡༢།    སུན་དར་ན་སྒར་ཉིན་སློབ།

སོན་དར་ན་སྒར་བོད་མིའི་ཉིན་སློབ་ནི། ཕྱི་ལོ་༡༩༦༧    ལོར་གསར་འཛུགས་གནང་ཞིང༌། དྷ་ས་བོད་ཕྲུག་ཁྱིམ་སྡེས་གཟིགས་སྐྱོང་གནང༌། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་བུ་༣༨ དང་བུ་མོ་༥༢ བཅས་བསྡོམས་༩༠ ཡོད། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༡༠༡ ཡོད། ཕྱི་ལོ་༢༠༠༣ ལོར་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་བོད་ཁྱིམ་ནང་ཟླ་སྒྲིལ་བཏང༌།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༣ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༣།    ས་ཊོན་བོད་མིའི་སློབ་གྲྭ

སློབ་གྲྭ་འདི་ནི་༡༩༦༩ ལོར་གསར་འཛུགས་གནང་ཞིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་གནང་བའི་ཐོག དབུས་བོད་སློབ་འཛིན་ཚོགས་ཀྱིས་རོགས་སྐྱོར་སློབ་གྲྭའི་ཁོངས་སུ་འཇུག་བཞེས་ཀྱིས་དགེ་རྒན་གསོལ་ཕོགས་བཅས་ནར་གཏོང་གནང༌། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་བུ་༢༥ དང་བུ་མོ་༡༧ ཡུལ་མིའི་སློབ་ཕྲུག་༨ བཅས་བསྡོམས་༥༠ དང་དགེ་རྒན་༧ བཅས་ཡོད། དེ་རྗེས་སློབ་ཕྲུག་གྲངས་འབོར་ཉུང་དུ་འགྲོ་མུས་ལ་བརྟེན་ཕྱི་ལོ་༡༩༩༩ ཟླ་༧ ཚེས་༡ ཉིན་སྒོ་བརྒྱབ་སྟེ་སྔོན་འགྲོ་སློབ་གྲྭར་བསྒྱུར།     སློབ་ཕྲུག་རྣམས་ཐག་ཉེའི་སྤོན་ཊ་གཏན་སློབ་དུ་ཟླ་སྒྲིལ་བཏང༌། སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༡༩༩༨ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༤།    ཀུམ་རའོ་ཉིན་སློབ།

ཀུམ་རའོ་བོད་མིའི་ཉིན་སློབ་ནི། ཕྱི་ལོ་༡༩༧༠ ལོར་ཀུམ་རའོ་བོད་མིའི་གཞིས་ཆགས་བོད་མིའི་ཕྲུ་གུའི་སློབ་འཇུག་ཆེད་གསར་འཛུགས་བྱས། དུས་ཕྱིས་སུ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་གནང་ཞིང༌། དབུས་བོད་སློབ་འཛིན་ཚོགས་ཀྱིས་རོགས་སྐྱོར་ཁོངས་སུ་ཚུད་དེ་རོགས་སྐྱོར་གནང༌།
སློབ་གྲྭ་འདི་ཐོག་མར་གསར་འཛུགས་སྐབས་སློབ་ཕྲུག་༤༠ ཡོད། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་༥༧ ཡོད། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་བུ་༢༦ དང་བུ་མོ་༢༩ ཡུལ་མིའི་སློབ་ཕྲུག་༡༤ བཅས་བསྡོམས་༦༩ དང་དགེ་རྒན་༧ ཡོད། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༦༡ ཡོད། སློབ་གྲྭའི་ནང་ཕྲུ་གུའི་གྲངས་ཚད་གཏན་འབེབས་བཞིན་མ་ལོངས་པར་བརྟེན་ཕྱི་ལོ་༢༠༠༣ ལོར་སྒོ་བརྒྱབ་པ་རེད། ཀུམ་རའོ་བོད་མིའི་ཉིན་སློབ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༣ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༥།    འབྲུག་ལྷོང་ཚོའི་ཉིན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༧༠ ལོར་འབྲུག་ལྷོང་མཚོའི་བོད་མིའི་ཕྲུ་གུའི་སློབ་འཇུག་ཆེད་གསར་འཛུགས་གནང༌། ཐོག་མར་སློབ་ཕྲུག་༩༠ ཡོད་ཅིང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༢༢ དང༌། ཕྱི་ལོ་༡༩༩༥ ལོར་སློབ་ཕྲུག་༣༥ ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༢༤ ཕྱི་ལོ་༢༠༠༦ ལོར་སློབ་ཕྲུག་༧ བཅས་ཡོད།
སློབ་གྲྭ་འདིའི་ནང་སློབ་ཕྲུག་ཉུང་རྐྱེན་ཕྱི་ལོ་༢༠༠༧ ནས་སློབ་གྲྭ་འདི་སྒོ་བརྒྱབ་སྟེ། སློབ་ཕྲུག་ཚོ་འཇིགས་མེད་ནང་སློབ་གྲྭར་བསྐྱོད་ཀྱི་ཡོད་འདུག ཞིབ་ཕྲའི་གནས་སྟངས་སམ་བྷོ་ཊ་སློབ་གྲྭའི་ལོ་རྒྱུས་ཁོངས་འབྲུག་ཡུལ་སློབ་གྲྭའི་ལོ་རྒྱུས་སུ་གསལ་བས་འདིར་བསྐྱར་ཟློས་མ་བྱས།
འབྲུག་ལྷོང་མཚོ་བོད་མིའི་ཉིན་མོ་སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༦ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༦།    འབྲུག་དཀར་ཆེ་ཉིན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༧༠ ལོར་འབྲུག་ཡུལ་དཀར་ཆེ་ས་གནས་བོད་མི་ཚོའི་ཕྲུ་གུའི་སློབ་འཇུག་ཆེད་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་ཕྲུག་༦༥ ཡོད་ཅིང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༢༣ དང༌། ཕྱི་ལོ་༡༩༩༥ ལོར་སློབ་ཕྲུག་༣༡ ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༡༧ ཕྱི་ལོ་༢༠༠༦ ལོར་སློབ་ཕྲུག་༥ བཅས་ཡོད།
ཕྱིས་སུ་འབྲུག་ཡུལ་དུ་བོད་མི་གནས་སྡོད་བྱེད་མཁན་ཉུང་དུ་སོང་བ་དང་ཆ་རྐྱེན་ཞན་པས་རིམ་གྱིས་ཉམས་རྒུད་དུ་སོང་སྟེ་ཕྱི་ལོ་༢༠༠༧ ལོར་དངོས་སུ་སྒོ་བརྒྱབ། སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༦ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༧།    འབྲུག་ཁ་ས་ཁ་ཉིན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༧༣ ལོར་འབྲུག་ཁ་ས་ཁའི་སྐྱབས་བཅོལ་བོད་མིའི་ཕྲུ་གུའི་སློབ་འཇུག་ཆེད་གསར་འཛུགས་གནང༌། ཐོག་མར་སློབ་ཕྲུག་༡༢༠ ཡོད་ཅིང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༥༡ དང༌། ཕྱི་ལོ་༡༩༩༥ ལོར་སློབ་ཕྲུག་༤༡ ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༡༧ ཕྱི་ལོ་༢༠༠༦ ལོར་སློབ་ཕྲུག་༡༠ བཅས་ཡོད། ཕྱི་ལོ་༢༠༠༧ ལོར་སྒོ་བརྒྱབ།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༠ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༨།    ཁར་ཤང་ཉིན་སློབ།

སློབ་གྲྭ་འདི་ནི་རྡོ་རྗེ་གླིང་གི་ཁར་ཤང་ས་ཁུལ་གྱི་སྐྱབས་བཅོལ་བོད་མི་རྣམས་ཀྱི་ཕྲུ་གུ་སློབ་འཇུག་ཆེད་ཕྱི་ལོ་༡༩༧༢ ལོར་གསར་འཛུགས་གནང༌། ཐོག་མར་སློབ་ཕྲུག་༨༠ ཡོད་ཅིང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༡༤༡ ཡོད། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་༢༢༦ དང་དགེ་ལས་༢༢ ཡོད།
སློབ་གྲྭ་འདི་དབུས་བོད་སློབ་འཛིན་ཚོགས་ཀྱིས་གཟིགས་རྟོག་གནང༌། ཕྱིས་སུ་སློབ་ཕྲུག་ཉུང་བའི་རྐྱེན་གྱིས་ཕྱི་ལོ་༢༠༠༠ ལོར་སྒོ་བརྒྱབ།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༡༩༩༩ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༡༩།    བཀྲ་ཤིས་ལྗོངས་ཉིན་སློབ།

སློབ་གྲྭ་འདི་ནི་ཧི་མ་ཅལ་མངའ་སྡེའི་པ་ལམ་པུར་གྲོང་བརྡལ་ཉེ་ཁུལ་བཀྲ་ཤིས་ལྗོངས་བོད་མིའི་གཞིས་སྒར་ནང་ཕྱི་ལོ་༡༩༧༣ ལོར་གསར་འཛུགས་གནང༌། ཐོག་མར་སློབ་ཕྲུག་༡༨ ཡོད་ཅིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་འཛིན་གནང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༧༠ ཡོད། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་བུ་༢༥ དང་བུ་མོ་༤༡ བཅས་བསྡོམས་༦༦ དང་དགེ་རྒན་༧ བཅས་ཡོད། སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་མུས་ལ་བརྟེན་ཕྱི་ལོ་༡༩༩༩ ཟླ་༧ ཚེས་༡ ཉིན་ནས་སྒོ་བརྒྱབ་ནས་སྔོན་འགྲོ་སློབ་གྲྭར་བསྒྱུར། དགེ་སློབ་རྣམས་ཐག་ཉེའི་སློབ་གྲྭར་ཟླ་བསྒྲིལ་བཏང༌།
ཕྱི་ལོ་༡༩༨༩ ལོ་ནས་༡༩༩༨ བར་སློབ་གྲྭ་འདིའི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༠།    སྤོན་ཌོ་བོད་ཁྱིམ་ཉིན་སློབ།

སློབ་གྲྭ་འདི་ནི་ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་སུ་ཡོད་ཅིང༌། ཕྱི་ལོ་༡༩༧༣ ལོར་བོད་ཕྲུག་ཁྱིམ་སྡེས་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཡིན། ཐོག་མར་སློབ་ཕྲུག་༡༨ ཡོད་ཅིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་འཛིན་གནང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༣༠ དང༌། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་༢༠ དང་དགེ་རྒན་༤ ཡོད། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༡༢ ཡོད། ཕྱིས་སུ་སློབ་ཕྲུག་གྲངས་འབོར་ཉུང་རྐྱེན་ཕྱི་ལོ་༢༠༠༦ ལོར་སྒོ་བརྒྱབ།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༦ བར་འདས་པའི་ལོ་ངོ་༡༧ རིང་སློབ་གྲྭ་འདིའི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༡།    བལ་ཡུལ་རྡོར་པ་ཊན་ཉིན་སློབ།

བལ་ཡུལ་རྡོར་པ་ཊན་ཉིན་སློབ་ནི།    ཕྱི་ལོ་༡༩༦༡ ལོར་གསར་འཛུགས་བྱས་ཤིང་གངས་ཅན་བདེ་རྩའི་ཁྱབ་ཁོངས་འོག་ཡོད། ཐོག་མའི་ཆར་སློབ་ཕྲུག་༥༠ ཡོད། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་༤༢ ཡོད། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༣༥ ཡོད། ཕྱི་ལོ་༢༠༠༢ ལོར་སྒོ་བརྒྱབ།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༢ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༢།    ཁ་ར་པ་ཐར་ཉིན་སློབ།

སློབ་གྲྭ་འདི་ནི་ཕྱི་ལོ་༡༩༧༦ ལོར་ཁ་ར་པ་ཐར་གཞིས་ཆགས་བོད་མིའི་ཕྲུ་གུའི་སློབ་འཇུག་ཆེད་གསར་འཛུགས་གནང་ཞིང༌། ཐོག་མར་སློབ་ཕྲུག་༢༥ ཡོད་ཅིང་དབུས་བོད་སློབ་འཛིན་ཚོགས་ཀྱིས་འཛིན་སྐྱོང་གནང་བའི་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ནས་དམིགས་བསལ་རོགས་སྐྱོར་གནང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༡༦༢ དང༌། ཕྱི་ལོ་༡༩༩༥ ལོར་སློབ་ཕྲུག་༡༢༠ བཅས་ཡོད། ཕྱི་ལོ་༡༩༩༥ ལོར་སྒོ་བརྒྱབ།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༠ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༣།    གུམ་གཏན་སློབ།

སློབ་གྲྭ་འདི་ནི་རྡོར་གླིང་གཏན་སློབ་དང་ཀི་ལོ་མི་ཊར་༧ ཙམ་གྱི་གུམ་ཞེས་པའི་ས་ཆར་གནས་སྡོད་བོད་མིའི་ཕྲུ་གུའི་སློབ་འཇུག་ཆེད་ཕྱི་ལོ་༡༩༧༦ ལོར་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་ཕྲུག་༤༡ ཡོད་ཅིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་འཛིན་གནང༌། དེ་རྗེས་དབུས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་བཞེས་གནང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༡༠༠ དང༌། ཕྱི་ལོ་༡༩༨༩ ལོར་སློབ་ཕྲུག་༡༧༢ དང་དགེ་རྒན་༡༩ ཡོད། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༡༠༨ ཡོད། ཕྱིས་སུ་བོད་མིའི་སློབ་ཕྲུག་ཉུང་དྲགས་པའི་རྐྱེན་གྱིས་ཕྱི་ལོ་༢༠༠༠ ལོར་སྒོ་བརྒྱབ།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༡༩༩༩ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༤།    ལ་ཁན་ཝ་ལ་ཉིན་སློབ།

སློབ་གྲྭ་འདི་ནི་རྒྱ་གར་བྱང་ཕྱོགས་ཨུཏ་རན་ཁན་ཌི་ལྡེ་ར་ལྡུན་ཁྱབ་ཁོངས་ཧར་པ་པུར་གཏན་སློབ་དང་ཉེ་བའི་རྒྱ་ཁབ་ཀྱི་གཞུང་ལམ་ཨང་༧༢ པའི་འགྲམ་དུ་ཆགས་ཡོད། གནས་སྡོད་བོད་མིའི་ཕྲུ་གུའི་སློབ་འཇུག་ཆེད་ཕྱི་ལོ་༡༩༧༦ ལོར་གསར་འཛུགས་གནང༌། ས་ཆ་དེར་ལ་ཁན་ཝ་ལ་གནམ་ཐང་བཟོས་ཡོད་པས་སློབ་གྲྭའི་མིང་ཡང་དེ་ལྟར་ཐོགས།
ཐོག་མའི་ཆར་སློབ་ཕྲུག་༢༠ ཡོད་ཅིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་འཛིན་གནང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༤༢ དང༌། ཕྱི་ལོ་༡༩༩༣ ལོར་སློབ་ཕྲུག་༣༧ ཕྱི་ལོ་༡༩༩༧ ལོར་སློབ་ཕྲུག་༢༣ བཅས་ཡོད། སློབ་ཕྲུག་གྲངས་འབོར་ཉམས་ཆག་འགྲོ་མུས་ལ་བརྟེན་ཕྱི་ལོ་༡༩༩༩ ཟླ་༧ ཚེས་༡ ཉིན་ནས་སྒོ་བརྒྱབ་སྟེ་སྔོན་འགྲོའི་སློབ་གྲྭར་བསྒྱུར།  སློབ་ཕྲུག་རྣམས་ཐག་ཉེའི་སློབ་གྲྭ་མཐུན་རྐྱེན་བཟང་བ་ཁག་ཏུ་ཟླ་སྒྲིལ་བཏང༌།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༡༩༩༨ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༥།    ན་ནི་ཏལ་ཉིན་སློབ།

ན་ནི་ཏལ་ས་ཆ་ནི་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་ཀུ་མང་རྫོང་ཐོག་གི་གྲོང་བརྡལ་ཞིག་ཡིན། ས་ཆ་དེ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཊི་༦༣༥༨ ཙམ་གྱི་སར་ཡོད་པས་གནམ་གཤིས་བསིལ་ཞིང་ཡུལ་ལྗོངས་མཛེས་པ། ཡུལ་གྱི་མཐའ་སྐོར་དུ་བརྗིད་ཆགས་ནེ་ན་རི་བོ་སོགས་ཀྱིས་བསྐོར་བའི་དཀྱིལ་དུ་གཡུ་ཞུན་མེ་ལོང་ས་ལ་འཁྱིལ་འདྲའི་ནེ་ནི་མཚེའུ་(Naini lake)ཡིད་དུ་འོང་བ་ཞིག་ཡོད།
ཕྱི་ལོ་༡༩༨༡ ལོར་ས་དེར་གནས་སྡོད་བོད་མི་རྣམས་ཀྱི་ཕྲུ་གུའི་སློབ་འཇུག་ལ་དམིགས་ཏེ་གཞི་རིམ་འོག་མའི་སློབ་གྲྭ་ཞིག་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་ཕྲུག་༣༨ ཡོད་ཅིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཟིགས་རྟོག་གནང༌། ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་གྲངས་༤༦ ཡོད་པ་དང༌། ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་བུ་༡༤ དང་བུ་མོ་༡༣ བཅས་བསྡོམས་༢༧ དང་དགེ་རྒན་༣ བཅས་ཡོད། སློབ་ཕྲུག་གྲངས་འབོར་ཉམས་ཆག་འགྲོ་མུས་ལ་བརྟེན་ཕྱི་ལོ་༡༩༩༩ ཟླ་༧ ཚེས་༡ ཉིན་ནས་སྒོ་བརྒྱབ་སྟེ་སྔོན་འགྲོའི་སློབ་གྲྭར་བསྒྱུར། སློབ་ཕྲུག་རྣམས་ཐག་ཉེའི་སློབ་གྲྭ་མཐུན་རྐྱེན་བཟང་བ་ཁག་ཏུ་ཟླ་སྒྲིལ་བཏང༌།
ན་ནི་ཏལ་སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༡༩༩༨ བར་གྱི་སློབ་འཇུག་གནས་སྟངས་གཤམ་གསལ།

༢༦།    ལ་དྭགས་དཔེ་ཐུབ་བོད་ཁྱིམ་སློབ་གྲྭ།

དཔེ་ཐུབ་བོད་ཁྱིམ་སློབ་གྲྭ་ནི་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་གླེ་ཁུལ་དུ་བཙུགས་ཡོད། སློབ་གྲྭ་དེ་ནི་དྷ་ས་བོད་ཕྲུག་ཁྱིམ་སྡེས་ཕྱི་ལོ་༡༩༩༤ ལོར་གསར་འཛུགས་གནང༌། འོན་ཀྱང་ཕྱིས་སུ་སློབ་ཕྲུག་གྲངས་འབོར་དང་མཐུན་རྐྱེན་གང་ཅིར་དཀའ་ངལ་འཕྲད་པར་བརྟེན། ཕྱི་ལོ་༢༠༠༠ ལོར་སྒོ་བརྒྱབ་སྟེ། སློབ་ཕྲུག་རྣམས་ལ་དྭགས་སློབ་གྲྭ་གཞན་དུ་ཟླ་སྒྲིལ་བཏང༌།
སློབ་གྲྭ་འདིའི་ཕྱི་ལོ་༡༩༩༤ ལོ་ནས་༡༩༩༩ བར་གྱི་སློབ་ཕྲུག་གྲངས་གནས་སྟངས་གཤམ་གསལ།

༢༧།   སུན་དར་ན་སྒར་བོད་ཁྱིམ་ཉིན་སློབ།

སུན་དར་ན་སྒར་བོད་ཁྱིམ་ཉིན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་བོད་མིའི་སྡོད་ཁྱིམ་ཉེ་ཁུལ་དུ་ཡོད་ཅིང༌། སློབ་གྲྭ་དེ་ནི་ཕྱི་ལོ་༡༩༦༧ ཡས་མས་སུ་གསར་འཛུགས་གནང༌། དེ་རྗེས་བོད་ཁྱིམ་ཁོངས་སུ་ཚུད་དེ་འཛིན་སྐྱོང་བྱས། ཕྱི་ལོ་འོན་ཀྱང་ཕྱིས་སུ་སློབ་ཕྲུག་གྲངས་འབོར་དང་ས་གནས་ཀྱི་གནས་སྟངས་མཐུན་རྐྱེན་གང་ཅིར་དཀའ་ངལ་འཕྲད་པར་བརྟེན། ཕྱི་ལོ་༢༠༠༣ ལོར་སྒོ་བརྒྱབ་སྟེ། སློབ་ཕྲུག་རྣམས་བོད་ཁྱིམ་སློབ་གྲྭ་ཁག་ཏུ་འཇུག་བཞེས་གནང༌།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༣ བར་གྱི་སློབ་ཕྲུག་གྲངས་འབོར་གྱི་གནས་སྟངས་གཤམ་གསལ།

༢༨།   ཝུན་ཏར་སམ་བྷོ་ཊ་གཏན་སློབ་

ཝུན་ཏར་སམ་བྷོ་ཊ་གཏན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་ཁོངས་སུ་ཡོད་ཅིང་། ཕྱི་ལོ་༢༠༠༢ ཟླ ༧ ཚེས་ ༡ ཉིན་ནས་སློབ་གྲྭ་དབུ་འཛུགས་གནང་། ཐོག་མའི་ཆར་སློབ་མ་ ༤༣ དང་དགེ་ལས་ ༡༤ བཅས་ཡོད། སློབ་གྲྭ་འདི་ཉིད་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་འཛིན་སྐྱོང་འོག་གནས་ཡོད་ལ། ཕྱི་ལོ་ ༢༠༠༨ ལོར་སློབ་མ་ ༡༣༠ དང་དགེ་ལས་གྲངས་ ༢༤ བཅས་ཡོད། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་འཛིན་རིམ་བཅུ་པར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་ཞུགས་ཆོག་པའི་ཆོག་མཆན་འཐོབ།
མཐར་ཕྱི་ལོ་ ༢༠༡༢ ལོར་སློབ་གྲྭ་འདི་ཉིད་སློབ་མ་ཉུང་དྲགས་པའི་དབང་གིས་སྒོ་བརྒྱབ་དགོས་བྱུང་།
ཕྱི་ལོ་ ༢༠༠༢ ནས་ ༢༠༠༩ བར་གྱི་སློབ་མའི་གྲངས་ཚད་གཡས་ངོས་ཀྱི་པར་ལས་གསལ་ཐུབ།

༢༩།  པ་ཏི་ཁུལ་གཏན་ཉིན་སློབ་གྲྭ

 

༣༠།  ལ་དྭགས་ལྕོག་ལམ་ཉིན་སློབ།

སློབ་གྲྭ་འདི་ཕྱི་ལོ་ ༡༩༧༧ ལོ་ནས་འགོ་འཛུགས་བྱས་པ་དང་། ཐོག་མར་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་སློབ་ཕྲུག་གྲངས་ ༦༣ དང་དགེ་རྒན་ལས་བྱེད་ ༨ ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་ལྕོག་ལམ་ཉིན་སློབ་ནང་སློབ་ཕྲུག་བུ་ ༣༥ དང་བུ་མོ་ ༣༦ བཅས་ཁྱོན་བསྡོམས་ ༧༡ ཡོད་པ་ཚང་མ་ཉིན་སློབ་ཡིན་པ་དང་། ས་གནས་ཡུལ་མིའི་སློབ་མ་བཞི་བཅས་ཡོད། ཁྱོན་བསྡོམས་དགེ་རྒན་ ༧ དང་ལས་བྱེད་ ༡ བཅས་ཁྱོན་དགེ་ལས་ ༨ ཡོད། ༢༠༡༧ ལོར་སློབ་གྲྭ་འདི་ཉིད་སྒོ་བརྒྱབ་ཟིན།

༣༡།  ཅོག་ཀུར་ཉིན་སློབ།

སློབ་གྲྭ་འདི་ནི་བྷེལ་ཀོབ་ཉེ་ཁུལ་ཅོག་ཀུར་བོད་མིའི་གཞིས་ཆགས་ཁོངས་སུ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཡིན་ཞིང་། པྲིཡ་པ་ཊི་ན་གྲོང་བརྡལ་ནས་ཀི་ལོ་མི་ཊར་ ༤ ཙམ་གྱི་སར་ཆགས་ཡོད། སློབ་གྲྭ་འདི་ཕྱི་ལོ་ ༡༩༧༧ ལོ་ནས་འགོ་འཛུགས་བྱས་པ་དང་། ཐོག་མའི་ཆར་སློབ་ཕྲུག་གྲངས་ ༧༥ དང་། འཛིན་རིམ་དང་པོ་ནས་འཛིན་རིམ་ལྔ་པ་བར་ཡོད་པ་དང་དགེ་རྒན་ལས་བྱེད་ ༨ ཡོད། ཕྱི་ལོ་ ༢༠༠༨ ལོར་སློབ་ཕྲུག་གྲངས་ ༢༡ དང་དགེ་ལས་ ༣ ཡོད། ཕྱི་ལོ་ ༢༠༡༨ ལོར་སློབ་གྲྭ་འདི་ཉིད་སྒོ་བརྒྱབ་དགོས་ཁེལ།
ཕྱི་ལོ་ ༡༩༨༩ ནས་ ༢༠༠༩ བར་གྱི་སློབ་ཕྲུག་གྲངས་གཡས་ཀྱི་རེའུ་མིག་ལས་གསལ།

༣༢།  སྒང་ཏོག་ཐོན་མི་སམ་བྷོ་ཊ་གཏན་སློབ།

སྒང་ཏོག་ཐོན་མི་སམ་བྷོ་ཊ་གཏན་སློབ་ནི་རྒྱ་གར་བྱང་ཤར་མཐའ་མཚམས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་འདབས་རོལ་དུ་ཡོད་པའི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གྲོང་ཁྱེར་ནང་ཡོད་ཅིང་། སློབ་གྲྭ་འདི་ཐོག་མར་འཛུགས་སྐབས་སློབ་ཕྲུག་གྲངས་ ༨ ལས་མེད་པ་དང་། དགེ་རྒན་ ༢ ཀྱི་གསོལ་ཕོགས་བོད་ཕྲུག་ཁྱིམ་སྡེ་ལ་ཞུས་པ་ལས་གཞན་ལས་འགན་ཡོངས་རྫོགས་སེམས་ཤུགས་ཅན་གྱི་བོད་མི་རྣམས་ཀྱིས་གནང་འདུག མཐར་ཕྱི་ལོ་ ༡༩༩༡ ཟླ་ ༡ ཚེས་ ༡ ལ་རང་གཞུང་ཤེས་རིག་ལས་ཁུངས་ནས་རྩིས་བཞེས་གནང་སྟེ་སློབ་གྲྭའི་མིང་ལའང་ཐོན་མི་སམ་བྷོ་ཊ་གཏན་བོད་གཞུང་སློབ་གྲྭ་ཞེས་བཏགས། དེ་ནས་ཕྱི་ལོ་ ༢༠༠༨ ལོ་བར་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་སློབ་ཕྲུག་གྲངས་ ༡༨༩ དང་། དགེ་རྒན་གྲངས་ ༡༦ དགེ་རྒན་མིན་པ་ ༡༢ བཅས་ཡོད།
སློབ་གྲྭ་འདི་བཞིན་ཕྱི་ལོ་ ༢༠༡༤ ལོར་སྒོ་བརྒྱབ་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༨༩ ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༢༡ རིང་གི་སློབ་ཕྲུག་གི་གྲངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

༣༣།  སྤོག་རེ་སྤོང་སམ་བྷོ་ཊ་གཏན་སློབ།

སྤོག་རེ་སྤོང་སམ་བྷོ་ཊ་གཏན་སློབ་ནི་རྡོ་རྗེ་གླིང་ཁུལ་དུ་ཡོད་པའི་སམ་བྷོ་ཊའི་སློབ་གྲྭ་ཁོ་ན་དེ་ཡིན་ཞིང་། སློབ་གྲྭ་འདི་ཉིད་ཐོག་མར་ཕྱི་ལོ་ ༡༩༨༡ ཟླ་ ༤ ཚེས་ ༡༥ ཉིན་སྤོག་རེ་སྤོང་བོད་རིགས་མི་མང་གི་འཛིན་སྐྱོང་འོག་སྤོག་རེ་སྤོང་བོད་མིའི་སློབ་གྲྭ་ཞེས་པའི་ཉིན་སློབ་ཅིག་ནས་འགོ་འཛུགས་ཞུས། སྐབས་དེར་དགེ་རྒན་ ༢ དང་། སློབ་ཕྲུག་ ༤༡ ཡོད། ཕྱི་ལོ་ ༢༠༠༨ ལོར་སློབ་ཕྲུག་གྲངས་ ༡༠༧ སློབ་འཇུག་བྱས་ཡོད། ཁྱོན་དགེ་ལས་ ༢༡ ཡོད།
ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོ་དེར་སྤོག་རེ་སྤོང་གི་སློབ་གྲྭ་འདིར་སློབ་ཕྲུག་བུ་ ༦༣ དང་བུ་མོ་ ༥༡ བཅས་བསྡོམས་ ༡༡༤ ཡོད་པའི་ནང་ཉིན་སློབ་གྲངས་བརྒྱད་དང་གཏན་སློབ་གྲངས་ ༡༠༦ ཡོད་ལ། བོད་རིགས་མིན་པ་ ༡ ཡོད། དགེ་རྒན་ ༡༡ དང་ལས་བྱེད་ ༡༡ བཅས་ཁྱོན་བསྡོམས་དགེ་ལས་ ༢༢ ཡོད། སློབ་གྲྭ་འདི་ཉིད་མཐར་ཕྱི་ལོ་ ༢༠༡༦ ལོར་སྒོ་བརྒྱབ་ཟིན།
ཕྱི་ལོ་ ༡༩༨༩ ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༢༡ རིང་གི་སློབ་ཕྲུག་གི་གྲངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

༣༤། ཤར་ཁུམ་གངས་ཅན་སློབ་གྲྭ།

བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནུབ་བྱང་ཀི་ལོ་མི་ཊར་༡༠༠ ཡས་མས་ཀྱི་ཤར་ཁུམ་མམ། སོ་ལུ་ཁུམ་བུ་ཞེས་པའི་ཁུལ་དུ་བོད་མིའི་གཞིས་སྒར་ཤར་ཁུམ་བདེ་ལེགས་གླིང་ཡོད་ཅིང༌། གཞིས་སྒར་དེའི་སློབ་གྲྭ་ནི་གངས་ཅན་སློབ་གྲྭའམ། གངས་དཀར་ཇོ་མོ་གླང་མ་སློབ་གྲྭ་ཞེས་ཟེར་ཞིང༌། སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༦༥ ཡས་མས་སུ་བཙུགས་པར་གྲགས་ཀྱང༌། ཞིབ་ཆའི་ཡིག་ཆ་རྙེད་སོན་མ་བྱུང༌། དེ་ཡང་ཕྱི་ལོ་༡༩༨༢ ལོར་བལ་ཡུལ་ཤེས་རིག་གི་སྲིད་བྱུས་འཕེལ་འགྱུར་གྱི་གོ་སྐབས་དང༌། ལྷག་པར་དུ་ས་གནས་བོད་མི་ཚོའི་ཕྲུ་གུའི་ཆེད་སློབ་གྲྭ་ཚད་ལྡན་ཞིག་དགོས་པ་གལ་ཆེར་གཟིགས་ནས་ཐོག་མར་བོད་ཕྲུག་གྲངས་༩༠ དང༌། ཡུལ་མིའི་ཕྲུ་གུ་གྲངས་༡༡༥ བཅས་སློབ་ཕྲུག་ཁྱོན་གྲངས་༢༠༥ དང་དགེ་ལས་གྲངས་༩ བཅས་སློབ་གྲྭ་ཐོག་མ་བལ་ཡུལ་གངས་ཅན་བདེ་རྩའི་འཛིན་སྐྱོང་འོག་ཕྱི་ལོ་༡༩༨༦ ཟླ་༢ ཚེས་༡༠ ཉིན་དབུ་འཛུགས་ཀྱིས་ད་ཆ་མི་ལོ་༢༢ ཧྲིལ་བོ་འཁོར་གྱི་ཡོད།
ཕྱི་ལོ་༢༠༠༩ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་བུ་༨༥ དང་བུ་མོ་༩༣ བཅས་བསྡོམས་༡༧༨ ཡོད་པའི་ཁྲོད། བོད་རིགས་སློབ་ཕྲུག་༡༠ ཤར་པ་༨༧ རའེ་༢༢ མ་གེར་༡༣ ཆེ་ཏ་རི་༡༣ ནེ་ཝར་༡༢ རྟ་མང་བ་༡༡ གཞན་༡༣ བཅས་ཡོད། དེ་བཞིན་དགེ་ལས་༡༢ ཡོད་པའི་ནང་བོད་རིགས་༩ ཡོད། དེང་སྐབས་ཀྱི་དགེ་ཆེ་ནི་སྐུ་ཞབས་ཀུན་དགའ་དོན་གྲུབ་ལགས་ཡིན། སློབ་གྲྭ་འདི་ཉིད་མཐར་ཕྱི་ལོ་ ༢༠༡༦ ལོར་ས་ཡོམ་གྱིས་རྐྱེན་པས་སྒོ་བརྒྱབ་དགོས་ཁེལ།

ཕྱི་ལོ་ ༢༠༠༡ ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༩ རིང་གི་སློབ་ཕྲུག་གི་གྲངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

༣༥།  ཝ་ལུང་བསམ་འཕེལ་གླིང་ཉིན་སློབ།

ཝ་ལུང་བསམ་འཕེལ་གླིང་ཉིན་སློབ་ནི་བལ་ཡུལ་བྱང་ཤར་མཱི་ཆི་རྫོང་ཁུལ་དུ་ཡོད་པ་དང་། ཕྱི་ལོ་ ༡༩༧༢ ལོའི་ཟླ་ ༣ ཚེས་ ༡༠ ཉིན་གསར་འཛུགས་གནང་། སྐབས་དེར་སློབ་ཕྲུག་གྲངས་ ༡༥ དང་། བལ་པོའི་དགེ་རྒན་ ༢ དང་། བོད་དགེ་ ༡ བཅས་དགེ་རྒན་གསུམ་ཡོད། ཕྱི་ལོ་ ༢༠༠༨ ལོར་སློབ་གྲྭ་འདིར་སློབ་ཕྲུག་གྲངས་ ༢༨ དང་། དགེ་ཆེ་ ༡ དམའ་རིམ་དགེ་རྒན་ ༢ སྔོན་འགྲོའི་དགེ་རྒན་ ༢ བཅས་ཁྱོན་བསྡོམས་དགེ་རྒན་ ༥ བཅས་ཡོད། སློབ་གྲྭ་འདིར་སྔོན་འགྲོ་དང་། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད་ཅིང་།
ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན་ཝ་ལུང་བསམ་གཏན་གླིང་ཉིན་སློབ་འདིར་སློབ་ཕྲུག་བུ་ ༡༤ དང་བུ་མོ་ ༡༤ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༢༨ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང་། བོད་རིགས་མ་ཡིན་པའི་སློབ་ཕྲུག་ ༦ ཡོད། སློབ་གྲྭ་འདིར་དགེ་རྒན་གྱི་གྲངས་ ༥ ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ས་ཡོམ་གྱིས་རྐྱེན་པས་སློབ་གྲྭ་འདི་ཉིད་སྒོ་བརྒྱབ་དགོས་ཁེལ།
ཕྱི་ལོ་ ༡༩༨༩ ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༢༡ རིང་གི་སློབ་ཕྲུག་གི་གྲངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

༣༦། ཤར་སྨད་དབང་འཕེལ་སློབ་གྲྭ

ཤར་སྨད་དབང་འཕེལ་སློབ་གྲྭ་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ལྷོ་ཤར་ཤབ་རུ་རཱ་སུ་ཝ་ཞེས་པའི་ས་གནས་སུ་ཆགས་ཡོད་ཅིང་། སློབ་གྲྭ་འདི་ཕྱི་ལོ་ ༡༩༦༨ ལོར་གསར་འཛུགས་གནང་། ཕྱི་ལོ་ ༢༠༠༨ ལོར་སློབ་གྲྭ་འདིར་ཁྲོན་བསྡོམས་སློབ་ཕྲུག་གྲངས་ ༡༥༩ དང་། དགེ་ལས་གྲངས་བདུན་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན་ཤར་སྨད་དབང་འཕེལ་སློབ་གྲྭ་འདིར་སློབ་ཕྲུག་བུ་ ༨༡ དང་བུ་མོ་ ༣༨ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༡༡༩ ཡོད་པའི་ཁྲོད་གཏན་སྡོད་སློབ་ཕྲུག་གྲངས་ ༤༧ དང་། ཉིན་སློབ་གྲངས་ ༧༢ ཡོད། མཐར་ཕྱི་ལོ་ ༢༠༡༦ ལོར་སློབ་གྲྭ་འདི་ཉིད་ས་ཡོམ་གྱིས་རྐྱེན་པས་སྒོ་བརྒྱབ་དགོས་ཁེལ།
ཕྱི་ལོ་ ༡༩༨༩ ལོ་ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༢༡ རིང་གི་སློབ་ཕྲུག་གི་གྲངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

༣༧། ཀུ་ལུ་བོད་ཁྱིམ་ཉིན་སློབ།

ཀུ་ལུ་བོད་ཁྱིམ་ཉིན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་ཁོངས་སུ་ཡོད་ཅིང་། སློབ་གྲྭ་འདི་ནི་བོད་མི་རྣམས་ཐོག་མར་སྐྱབས་བཅོལ་དུ་འབྱོར་མ་ཐག་འཚོ་ཐབས་སླད་ལམ་བཟོ་བའི་ཁྱིམ་ཚང་མང་པོ་ཡོད་པ་དེ་དག་གི་བུ་ཕྲུག་མང་པོ་ཉིན་མོ་ལམ་བཟོར་མཉམ་འཁྲིད་དགོས་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་སུ། ཕྱི་ལོ་ ༡༩༧༧ ལོའི་གུང་སེང་སྐབས་ཨར་ལས་འགོ་ཚུགས་ཀྱིས་ཕྱི་ལོ་༡༩༧༨ ཟླ ༤ ཚེས་ ༡༥ ཉིན་སློབ་ཁང་དེར་འཛིན་གྲྭ་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན་ཀུ་ལུ་ཉིན་སློབ་འདིར་སློབ་ཕྲུག་བུ་ ༡༠ དང་བུ་མོ་ ༡༧ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༢༧ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང་། དགེ་རྒན་ ༤ དང་ལས་བྱེད་ ༡ བཅས་ཁྱོན་བསྡོམས་དགེ་ལས་ ༥ ཡོད། སློབ་གྲྭ་འདི་བཞིན་ཕྱི་ལོ་ ༢༠༡༥ ལོར་སྒོ་བརྒྱབ་ཟིན།
ཕྱི་ལོ་ ༡༩༨༩ ལོ་ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༢༡ རིང་གི་སློབ་ཕྲུག་གི་གྲངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

༣༨། ལ་དྭགས་སི་པི་ཏུག་ཉིན་སློབ།

 

༣༩། མ་ཧན་དྲ་གྷ་ཌ་ཉིན་སློབ།

མ་ཧན་དྲ་གྷ་ཌ་ཉིན་སློབ་ནི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཡིན་ལ་སློབ་གྲྭ་དེ་གཞིས་གྲོང་ལྔ་པའི་གཞུང་ལམ་མདུན་དུ་ཡོད། ཕྱི་ལོ་ ༢༠༠༧ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་ ༦༩ ཡོད་པའི་ནང་བུ་ ༢༡ དང་བུ་མོ་ ༣༣ ཡོད་པ་ཚང་མ་ཉིན་སློབ་ཡིན། སློབ་གྲྭ་འདིར་དགེ་རྒན་གྲངས་ ༧ དང་ལས་བྱེད་ ༡ བཅས་ཁྱོན་མི་གྲངས་བརྒྱད་ཡོད། སློབ་གྲྭ་འདི་བཞིན་མཐར་ཕྱི་ལོ་ ༢༠༢༡ ལོར་སྒོ་བརྒྱབ་དགོས་བྱུང་།
སློབ་གྲྭ་འདིའི་ཕྱི་ལོ་ ༡༩༨༩ ལོ་ནས་ ༢༠༠༩ བར་འདས་པའི་ལོ་ངོ་ ༢༡ རིང་སློབ་ཕྲུག་གི་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཡས་ངོས་ཀྱི་རེའུ་མིག་ལས་གསལ།

Menu