ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེའི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ ནས་འགོ་འཛུགས་ཞུས་པའི་ཉིན་བཅུའི་རིང་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ། བལ་ཡུལ་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་ཟབ་སྦྱོང་དེ་བཞིན་ཟླ་ ༡༡ ཚེས་ ༦ ཉིན་མཇུག་བསྒྲིལ་ཡོད།
    དེ་ཡང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དབུས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་དང་། ཟློས་གར་འཁྲབ་སྟོན་འགན་འཛིན། གཞན་ཡང་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་བཅས་ཆེད་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་གི་ལས་བསྡོམས་སྒྲོག་སྦྱང་གནང་བའི་ནང་ཉིན་བཅུའི་ཟབ་སྦྱོང་སློབ་ཚན་འཆར་འགོད་ཞུས་པ་གཞིར་བཟུང་ལེགས་གྲུབ་བྱུང་ཡོད་པ་དང་། དེ་མིན་ཟློས་དགེ་རྣམས་ནས་ཉིན་མཚན་སྦྲེལ་ཏེ་སློབ་ཕྲུག་རྣམས་ལ་ཕན་པའི་བྱིས་པའི་གཞས་སྣ་ཉི་ཤུ་རྩ་གཉིས་ཅན་གྱི་འོད་སྡེར་བཟོ་བསྐྲུན་ཞུས་ཡོད་པ་མ་ཟད། ཟབ་སྦྱོང་གི་དུས་ཡུན་རིང་ལ་གསར་རྩོམ་ཞུས་པའི་གཞས་ཚིག་ནང་དོན་དང་ཚིག་སྦྱོར་ཅི་ཐད་ནས་ཕུན་སུམ་ཚོགས་པའི་གཞས་སྣ་ཁག་ལྔ་དུས་ཚོད་ཀྱིས་དབང་གིས་འོད་སྡེར་ནང་བཅུག་ཐུབ་མེད་པའི་སྐོར་གསུངས།
    དེ་ནས་ཟློས་གར་འགན་འཛིན་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ང་ཚོ་བཙན་བྱོལ་གྱི་གཞོན་སྐྱེས་རྣམས་སྐད་རིགས་གཞན་གྱི་རོལ་དབྱངས་ལ་དོ་དབྱིངས་ཆེན་པོ་གནང་བ་དེ་ལེགས་ཀྱང་། དེའི་དབང་གིས་ང་ཚོའི་ཐུན་མིན་རིག་གཞུང་ལ་རྣམ་གཡེང་ངམ་འཐུས་ཤོར་ཕྱིན་པ་ཡིན་ན་བློ་ཕམ་གྱི་གཞི་ཡིན་པ་དང་། བོད་ཀྱི་ཐུན་མིན་ལྷ་མོའི་གཞུང་ལུགས་ནང་ཆོས་དང་རིག་གཞུང་ཙམ་མ་ཟད། འཇིག་རྟེན་བྱ་གཞག་གི་བསླབ་བྱ་ཡང་ལེན་རྒྱུ་ཡོད་སྟབས་ཟློས་དགེ་རྣམས་ནས་སློབ་ཕྲུག་གི་བློ་ནུས་ལ་འཚམ་པའི་ལྷ་མོའི་གཞུང་ལུགས་སློབ་ཁྲིད་གནང་གལ་སྐོར་གསུངས། ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་བློ་བཟང་བསམ་གཏན་ལགས་ཀྱིས་སློབ་གྲྭ་ཁག་གི་ནང་ལ་སློབ་ཕྲུག་གི་དབང་བློའི་ནུས་པའི་དབང་གིས་སློབ་ཕྲུག་ཆ་ཚང་ལ་ཟློས་གར་གྱི་གོ་རྟོགས་གཅིག་མཚུངས་བསྐྲུན་ཐབས་དཀའ་ཡང་། སློབ་ཕྲུག་བརྒྱ་ཆ་མང་བར་དེ་ལྟའི་ཐབས་ཤེས་གནང་གལ་ཆེ། ཤེས་རིག་གི་འབྲེལ་ཡོད་ཚན་པ་ནས་ཆོས་སྲིད་དང་སློབ་གསོའི་གཞས་ཚིག་གང་མང་གསར་རྩོམ་གནང་སྟེ་སློབ་གྲྭའི་ཟློས་དགེ་རྣམས་ལ་འགྲེམས་སྤེལ་གནང་ཐུབ་ཚེ་གཞས་ཀྱི་རོལ་གདངས་བཟོ་རྒྱུ་ཐོགས་པ་མེད་པ་དང་། གཞན་ཡང་ཟློས་དགེ་རྣམས་ནས་རྒྱུན་དུ་སྐུ་མགྲོན་དང་དཔོན་རིགས་སོགས་ཀྱི་སླད་གཞས་སྣ་གཟིགས་འབུལ་ཞུ་དགོས་བྱུང་ཚེ་འཁྲབ་སྟོན་རིང་ཐུང་འཚམ་པ་གནང་གལ་སྐོར་གསུངས།
    དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ནས་ཚོགས་བཅར་བ་རྣམས་ལ་ཟབ་སྦྱོང་གི་དུས་ཚོད་རིང་ཐུང་ལ་མ་ལྟོས་པར་ཆ་ཚང་བ་དང་དོན་གྲུབ་པ་ཞིག་གནང་ཐུབ་པར་དགྱེས་ཚོར་བྱུང་བ་དང་། སློབ་གྲྭ་ཁག་ལ་ཟློས་གར་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་ཞབས་བྲོ་འཁྲབ་རྒྱུ་དང་གླུ་གཞས་ལེན་རྒྱུ། རོལ་ཆ་དཀྲོལ་རྒྱུ་ཙམ་མ་ཡིན་པར་ཟློས་གར་གྱི་ཤེས་བྱའི་གནས་གང་ཡིན་རུང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་རྣམས་སློབ་ཕྲུག་ལ་ངོ་སྤྲོད་གནང་དགོས། དཔེར་ན་ལུང་ཚན་ཞིག་གི་གཞས་ཤིག་ཡིན་ན་གཞས་ཚིག་གི་ནང་དོན་དང་ལུང་ཚན་དེའི་སྐོར་ངོ་སྤྲོད་གནང་དགོས་པ་ཡིན། ང་ཚོ་མིའི་ལུང་པར་ཡོད་སྟབས། མི་རབས་རྗེས་མར་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གོམས་གཤིས་སོགས་ཀྱི་ཁྱད་ཆོས་བཟང་པོ་རྣམས་བརྒྱུད་སྤྲོད་གནང་མ་ཐུབ་པ་ཡིན་ན། རྩ་ཆེན་གྱི་རིག་གཞུང་བཟང་པོ་རྣམས་རྩ་བརླག་ཏུ་འགྲོ་ཉེན་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ཐུན་མིན་རིག་གཞུང་དཀོན་རིགས་སུ་ལ་ཡོད་རུང་དེའི་སར་ནས་ཡིག་ཐོག་གམ་སྒྲ་ཐོག་ནས་མཁོ་སྒྲུབ་ཞུས་ཏེ་དེ་འདྲའི་རིག་གཞུང་དེ་རྒྱུན་འཛིན་གནང་རྒྱུ་དང་། ཟློས་དགེ་རྣམས་རྒྱུན་དུ་ཕན་ཚུན་སོ་སོའི་ཁྱད་ལས་ཐོག་སྦྱང་བཤད་དང་ཉམས་མྱོང་བརྗེ་རེས་གནང་གལ་ཆེ་བ་སོགས་ཀྱི་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་།
    མཐར་ཤེས་རིག་ལས་ཁུངས་ཀྱི་ལས་དོ་པ་སངས་དབྱངས་འཛོམས་ལགས་ཀྱིས་ཟབ་སྦྱོང་ལ་མཐུན་འགྱུར་གནང་མཁན་བོད་ཀྱི་ཟློས་གར་ཚོགས་པའི་དབུ་ལས་ཡོངས་དང་། ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ་ཡོད།།

སྔོན་མ།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ།
ཕྱི་མ།
བོད་ཡིག་སློབ་ཁྲིད་ཀྱི་གནས་སྟངས་སྐོར་གླེང་བ།