ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་འཛིན་རིམ་བདུན་པའི་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་དགོངས་དོན་ལྟར་རྩོམ་སྒྲིག་གནང་བའི་འཛིན་རིམ་བདུན་པའི་ཚན་རིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་དེ། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༣ ནས ༧ བར་ཉིན་གྲངས་ལྔ་རིང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་གི་ནང་དུ་འཚོགས་ཡོད།

ཚོགས་འདུ་དབུ་འཛུགས་སྐབས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་དེང་དུས་ཀྱི་རིག་ཚན་ཁག་བོད་ཡིག་ཏུ་བསྒྱུར་དགོས་པའི་གལ་གནད་དང་། གཞི་རིམ་འོག་མའི་དེང་དུས་ཀྱི་སློབ་ཚན་རྣམས་ཕྱི་ལོ་ ༡༩༨༦ ལོར་དྷ་ས་བོད་ཁྱིམ་གྱིས་བོད་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་གནང་འགོ་བཙུགས་པ་དང་། ཕྱི་ལོ་ ༡༩༩༤ ལོ་ནས་དབུས་བོད་སློབ་འཛིན་ཚོགས་ནས་འགོ་འཛུགས་གནང་ཡོད་ཀྱང་། གཞི་བར་མ་ད་ལྟ་བར་དུ་འགོ་འཛུགས་ཞུ་ཐུབ་མེད་པས། མ་འོངས་པར་བསྐྱར་ཞིབ་ཚོགས་མི་རྣམ་པས་ཤན་སྦྱར་གྱི་ཚུལ་དུ་བསླབ་སྟེ་འགོ་འཛུགས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས།

གོང་གསལ་གྱི་ཉིན་ལྔའི་རིང་གཞི་རིམ་བར་མའི་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་བསྐྱར་ཞིབ་ཀྱིས་སློབ་ཚན་དཀར་ཆག་བསྒྲིགས་པ་ལྟར། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་ཚན་རིག་སློབ་དེབ་རྩོམ་སྒྲིག་པས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སློབ་དེབ་ལས་རྩོམ་སྒྱུར་ཞུས་པ་ལ། བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་གོ་བསྡུར་སྦྱངས་བཤད་བྱས་ཏེ། སྣོན་འཕྲི་སྤོར་གཅོག་ཅི་དགོས་བགྱིས་ནས་སློབ་ཚན་དྲུག་གཏན་འབེབས་གནང་ཐུབ་པ་བྱུང་ཡོད།

ཐེངས་འདིའི་ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་དང་ཨང་རྩིས་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས། སློབ་དེབ་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས།  དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས་དང་ཚན་དགེ་ལྷུན་འགྲུབ་རྣམ་རྒྱལ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཆོས་འཛིན་ལྷ་མོ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསོད་ནམས་བུ་འཁྲིད་ལགས་དང་བཀྲ་ཤིས་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་(DANIDA)རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
སྡེ་ར་ལྡུན་ཁུལ་གྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འགོ་འཛུགས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་ཁག་ལྔ་དཔར་འགྲེམས་གནང་བ།
Menu