ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་དང་། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།

༄༅། །འདི་ག་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༧ ནས་ བར་ཉིན་གསུམ་གྱི་རིང་དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་དང་། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་དེབ་ལ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས་གནང་།

དེ་ཡང་གོང་ཚེས་ཉིན་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཤེས་རིག་ལས་ཁུངས་ཀྱི་ཚན་རྩིས་ཀྱི་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས། ཤེས་ཡོན་ཚན་པའི་ལས་བྱེད་བདེ་སྐྱིད་དཔལ་མོ་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས་དང་རྒྱུས་སྟོན་པ་ཟུར་པ་འཕྲིན་ལས་དཔལ་མོ་ལགས། ཅོན་ཏ་ར་བོད་ཁྱིམ་གྱི་གཞི་རིམ་འོག་མའི་རྩིས་དགེ་བསོད་ནམས་ཆོས་སྒྲོན་ལགས། ཤིམ་ལ་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་ལས་ཚབ་པདྨ་རྒྱལ་མཚན་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་རྩིས་དགེ་བསྟན་འཛིན་མཚོ་རྒྱལ་ལགས་དང་། གཞི་རིམ་བར་མའི་རྩིས་དགེ་ཚེ་རིང་མཚམས་གཅོད་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་འོག་མའི་རྩིས་དགེ་བདེ་སྐྱིད་ཆོས་སྒྲོན་ལགས་བཅས་ལྷན་འཛོམས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བཀའ་ཤག་གིས་གཏན་འབེབས་བྱས་པའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་ཕྱི་ལོ་ ༢༠༡༣ ནས་རྩོམ་སྒྲིག་གིས་འགྲེམས་སྤེལ་ཞུས་པའི་འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་ཨང་རྩིས་སློབ་དེབ་ལ་བསྐྱར་ཞིབ་བྱས་ཤིང་། བསྐྱར་ཞིབ་ཁྲོད་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) གིས་ཕྱི་ལོ་ ༢༠༢༣ ལོར་བསྐྱར་ཞིབ་ཟིན་པའི་བསླབ་གཞི་རྩ་འཛིན་དང་སློབ་དེབ་ལས་ལེགས་ཆ་བླངས་ཏེ། གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་དང་འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་དེབ་རྩོམ་སྒྲིག་ཆེད་དཀར་ཆག་དང་ནང་དོན་བཀོད་སྒྲིག་ཞུས། སློབ་དེབ་རྩོམ་སྒྲིག་པས་སློབ་དེབ་རགས་ཟིན་རྩོམ་སྒྲིག་གྲུབ་མཚམས་མཐའ་མའི་གཏན་འབེབས་གནང་འཆར་འདུག

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།


སྔོན་མ།
གཞི་རིམ་གོང་མའི་བོད་ཡིག་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
ཕྱི་མ།
ཕྱི་ལོ་ ༢༠༢༥ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་གསལ་བསྒྲགས།