ཟླ་རེའི་གསར་འགྱུར།

དཔེ་དེབ་གསར་ཐོན་གྱི་བརྡ་ཁྱབ།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་གཙོས་རང་རིགས་ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་སླད་དང་། དཔའ་ངར་བློ་སྟོབས་ལྡན་པའི་མི་རབས་སྔ་མ་རྣམས་ཀྱི་རྒྱུད་འཛིན་པ་ཚད་ལྡན་ཤ་སྟག་གསོ་སྐྱོང་བྱེད་ཐབས་སུ་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་མི་སྣའི་རྣམ་ཐར་གོ་བདེའི་ལམ་ནས་ངོ་སྤྲོད་ཞུ་རྒྱུར་འབད་བརྩོད་བྱེད་བཞིན་ཡོད་ཅིང་། ཐེངས་འདིར་ << གསང་སྟབས་ཀྱི་བྲོས་བྱོལ། >> ཅེས་༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་སྐུ་འཁོར་རྣམས་བཙན་བྱོལ་དུ་ཕེབས་པའི་དངོས་ཡོད་ལོ་རྒྱུས་ཀྱི་ཆ་ཤས་ཤིག་མུ་འབྲེལ་སྒྲུང་གཏམ་གྱི་ལམ་ནས་འདོན་སྤེལ་ཞུ་ཐུབ་པར་སྤྲོ་བ་བརྟས།

མུ་འབྲེལ་སྒྲུང་དེབ་འདིའི་ནང་། ༸རྒྱལ་བ་ཀརྨ་པ་སྐུ་འཁོར་ལྷན་རྒྱས་ཐོག་མར་སྟོད་ལུང་མཚུར་ཕུ་དགོན་ནས་གསང་བའི་ངང་བྲོས་བྱོལ་ཇི་ལྟར་ཕེབས་པ་དང་། བར་དུ་ཕེབས་ལམ་ལ་སྐུ་ངལ་ཇི་འཕྲད། མཐར་རྒྱ་གར་རང་དབང་ལུང་པར་ཞབས་སོར་བདེ་ཁོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པ་བཅས་ཀྱི་བརྒྱུད་རིམ་ཁག་རིམ་པར་བཀོད་ཡོད་ཅིང་། བརྗོད་བྱའི་དོན་ནི་སྐབས་དེར་སྐུ་འཁོར་དུ་བཅར་བའི་གནས་ནང་བླ་མ་ཚེ་དབང་རིན་པོ་ཆེའི་ལོ་རྒྱུས་ << ཚེ་སྲོག་དང་ངལ་དུབ་ཀྱི་འགྲུལ་བཞུད་ >> ཅེས་པ་དང་། སྐུ་ཚེའི་ལོ་རྒྱུས་ << Music in the Sky >> ཞེས་པར་གཞི་འཛིན་པ་དང་། མི་སྣ་དང་ཡུལ་སོགས་ཀྱི་བཀོད་པ་མི་གསལ་བ་ཁག་སྐུ་འཁོར་ཚེ་དབང་བཀྲ་ཤིས་ལགས་སུ་དོགས་གཅོད་ཞུས་ཏེ། དངོས་ཡོད་ཀྱི་ལོ་རྒྱུས་གོ་སླའི་ཚིག་དང་རི་མོའི་ལམ་ནས་གསལ་སྟོན་བྱེད་ཐུབ་པ་བྱུང་ཡོད་པས། རྒྱ་ཆེའི་ཀློག་པ་པོ་དང་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་དང་བཅས། ཤེས་རིག་ལས་ཁུངས་ནས།


སྔོན་མ།
ཤེས་རིག་ལས་ཁུངས་ནས་ཨ་རིའི་བོད་མིའི་སློབ་ཡོན་གྱི་མི་འགྲོ་འདེམས་སྒྲུག་ཆེད་སྔོན་འགྲོའི་ཡིག་རྒྱུགས་གོ་སྒྲིག་ཞུས་པ།
ཕྱི་མ།
གཞི་རིམ་གོང་མའི་བོད་ཡིག་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།