ཟླ་རེའི་གསར་འགྱུར།

དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ།

དགེ་རྒན་གྱི་དཔྱད་གཞི།

རྩོམ་ཁུངས།     མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། རྩོམ་པ་པོ།     ཚེ་འབར།

མཚོ་སྔོན་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་དགེ་རྒན་ཚེ་འབར་ལགས་ཀྱིས་ཡ་རྫི་རྫོང་ནས་དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་ནས་འཆད་ཁྲིད་གནང་བ་སྒྲ་ཕབ་པ་དེ་པད་མ་བཀྲ་ཤིས་ཀྱིས་ཇི་མ་ཇི་བཞིན་དུ་ཡིག་ངོར་བཤུས་པ་ཡིན།
      དགེ་རྒན་རྣམ་པ། བདེ་མོ། དེ་རིང་གི་ངའི་བཤད་བྱ་གཙོ་བོ་ནི་དམའ་འབྲིང་དང་སློབ་ཆུང་གི་རྒྱུགས་གཞི་བཟོ་ཐབས་ཀྱི་ནང་དོན་ཡིན་ལ། ངས་བཤད་ཚད་འགྲིག་པའི་ངེས་པ་མེད་མོད། འོན་ཀྱང་འདི་ནི་ང་རང་སློབ་དེབ་སྒྲིག་མཁན་ཞིག་ཡིན་པའི་ཆ་ནས་ངས་རང་གི་ལྟ་ཚུལ་དང་འདོད་ཚུལ་ཚང་མར་ཅིག་བཤད་པ་ཡིན་པས།དེའི་ཁྲོད་ཁྱེད་རྣམ་པར་ལེན་རྒྱུ་ཡོད་ན་ལོངས། མི་འགྲིག་སར་དགག་པ་བརྒྱབ་ནའང་ཆོག གལ་ཏེ་དུས་ཚོད་ཡོད་ན་ང་ཚོས་རང་རང་གི་ལྟ་ཚུལ་བཤད་པའི་བགྲོ་གླེང་ཞིག་བྱེད་ཀྱང་ཆོག
  སྤྱིར་སྐད་ཡིག་གི་རྒྱུགས་གཞི་བཟོ་ཐབས་ལ་ཚད་ངེས་ཅན་ཞིག་གི་སྟེང་ནས་གཅིག་གྱུར་ཞིག་མེད་པ་སྟེ། འདྲི་ཚིག་གི་མང་ཉུང་དང་འདྲི་ཚིག་ཇི་ལྟ་བུ་ཞིག་ནི་གོ་ཆོད་པ་དང་ཚད་ལྡན་ཞིག་ཡིན་པ། དགེ་རྒན་གྱི་རྗེས་ཕྱོགས་ཀྱི་སློབ་ཁྲིད་ལ་ཕན་འབྲས་ཡོད་པ་སོགས་ཀྱི་ཕྱོགས་ལ་གཅིག་གྱུར་བྱུང་མི་འདུག ད་བར་དུ་གཅིག་གྱུར་འདྲ་བྱུང་ཡོད་པ་ནི་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་པའི་རྒྱུགས་གཞི་དེ་ཙམ་རེད། ཡིན་ནའང། ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཚོས་བཟོས་ཀྱང་། འདྲི་ཚིག་བཟོ་ཐབས་ལ་སྐད་ཡིག་དང་རིག་གནས་ཀྱི་ནུས་པ་དང་ཤེས་བྱའི་ཚད་ག་འདྲ་ཞིག་ཏུ་ཐོན་དགོས་པ་སོགས་ཀྱི་ཡང་དག་ཅིང་མ་ལག་ཚང་བའི་མ་དཔེ་ཞིག་ད་ལྟའི་བར་དུ་བྱུང་མེད་པ་དང་། མི་སུ་ཞིག་སོང་ན་མི་རང་རང་གི་འདོད་པ་ལྟར་དུ་རྒྱུགས་གཞི་བཟོས་པ་རེད།
    ༢༠༠༣ ལོའི་བར་དུ་ང་ཚོས་རྒྱུགས་གཞི་དག་གི་དཔེ་བལྟ་སའང་དེ་དག་གིས་བཟོས་པའི་རྒྱུགས་གཞི་དེ་དག་དང་།དེ་ལས་གཞན་དགེ་རྒན་རང་རང་ལ་ཡོད་པའི་སྲོལ་རྒྱུན་གྱི་རྒྱུགས་གཞི་བཟོ་ཐབས་བཅས་ཕྱོགས་གཉིས་ལས་མེད་ཅིང་།ངེས་དོན་གྱི་རྒྱུགས་གཞི་བཟོ་ཐབས་ཀྱི་མ་ལག་ཅིག་གམ་རིགས་ལམ་ཞིག་ཆགས་སུ་འཇུག་ཐུབ་མེད། ཡིན་ནའང། ༢༠༠༣ ལོ་ནས་བཟུང་སྟེ་ང་ཚོའི་ལས་ཁུངས་ཀྱིས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་རྒྱུགས་གཞི་བཟོས་ཤིང། ༢༠༠༩ ལོའི་བར་དུ་བཟོས་པས་ང་ཚོར་རང་ཉིད་ཀྱི་རིགས་ལམ་ཙམ་ཞིག་ཆགས་ཐུབ་ཡོད་པ་དང་།དེ་ལ་སློབ་ཆེན་གྱི་དགེ་རྒན་མང་པོ་ཞིག་དང་སྤྱི་ཚོགས་ཐོག་གི་མི་སྣ་མང་པོ་ཞིག་གིས་ཁས་ལེན་ཐོབ་ཡོད།
དེས་ན་ང་ཚོས་སློབ་ཆུང་དང་སློབ་འབྲིང་གི་རྒྱུགས་གཞི་ཇི་ལྟར་བཟོ་དགོས་སམ་ཞེ་ན། ངས་གཤམ་ནས་དེའི་སྐོར་བཤད་པར་བྱ་སྟེ།
   གལ་ཏེ་རྒྱུགས་གཞི་བཟོས་པ་གནད་དུ་འཁེལ་སོང་ན་དགེ་རྒན་གྱིས་སློབ་ཁྲིད་བྱེད་ན་སྟབས་བདེ་ཞིང་དགེ་རྒན་གྱི་ཁེ་ཕན་ལའང་རག་ལས་འདུག་སྟེ།དགེ་རྒན་ཞིག་གིས་སློབ་སྐབས་གཅིག་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་སྤྱད་སྡུག་རུས་བྱེད་དེ་སློབ་ཁྲིད་བྱས་མོད།
   རྒྱུགས་གཞི་བཅོས་པ་མི་བཟང་བར་སློབ་མའི་རྒྱུགས་འབྲས་ཞན་ན་དགེ་རྒན་དེའི་སློབ་སྐབས་གཅིག་གི་བྱ་བར་ཁས་ལེན་མ་ཐོབ་པ་རེད། གལ་ཏེ་རྒྱུགས་གཞི་བཟོས་པ་གནད་དུ་འཁེལ་སོང་ན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་ལ་གདེང་འཇོག་ངེས་ཅན་ཞིག་ཐོབ་ངེས་རེད། དེ་བས་རྒྱུགས་གཞི་བཟོ་བའི་གནད་དོན་འདི་དགེ་རྒན་རྣམ་པ་དང་རྒྱུགས་གཞི་བཟོ་མཁན་གྱི་དགེ་རྒན། སློབ་གྲྭའི་མགོ་ཁྲིད་ཚང་མས་ཤེས་དགོས་རྒྱུ་ཞིག་ཡིན་ལ། ཇི་ལྟར་བྱས་ན་ཡང་དག་པའི་ལམ་ཞིག་ཏུ་འགྲོ་ཐུབ་རྒྱུ་དེ་ང་གཅིག་པུས་བཤད་དེ་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མ་ཡིན་པར། ང་ཚོས་མཉམ་དུ་བཙལ་དགོས་པ་ཞིག་རེད། དེས་ན་རྒྱུགས་གཞི་ཞིག་གི་ཐོག་ནས་འདྲི་ཚིག་གང་ཞིག་བཅོས་པ་ནི་ཚད་ལྡན་ཡིན་ན་འདྲི་ཚིག་དེའི་རིགས་རྗེས་ཕྱོགས་མུ་མཐུད་དུ་བཅོས་ན་འགྲིག་ཅིང་འདྲི་ཚིག་གང་ཞིག་བཅོས་པ་ཚད་ལྡན་མིན་ན་འདྲི་ཚིག་དེའི་རིགས་བཅའ་མི་ཉན་པ་སོགས་ཀྱི་ཕྱོགས་ལ་འདང་རྒྱག་རྒྱུ་གལ།དེ་རིང་ངས་འདི་ནས་བཤད་པ་དག་ཁྱོད་ཚོའང་ཕྱིར་སློབ་གྲྭར་སོང་ནས་བགྲོ་གླེང་བྱེད་ཆོག་ལ།སློབ་གྲྭ་ནང་ཁུལ་ནས་རྒྱུགས་གཞི་བཅོས་པ་ལ་དཔྱད་འཇོག་དང་གྲོས་བསྡུར་བྱེད་ཆོག་པ་དང་། ང་ཚོས་དེར་དཔྱད་བསྡུར་བྱེད་ཤེས་དགོས་ལ། བཟང་ཆ་དང་སྐྱོན་ཆ་ལ་བརྟག་ཤེས་དགོས་པ་དང་རྒྱུ་མཚན་བཤད་དེ་བཟང་ངན་གྱི་ཁྱད་པར་འབྱེད་ཤེས་དགོས། དགེ་རྒན་ཐམས་ཅད་ཀྱིས་བཟང་ཆ་དང་སྐྱོན་ཆ་འབྱེད་ཤེས་སོང་ན། རྒྱུགས་གཞི་བཅའ་མཁན་གྱིས་ཀྱང་བཅའ་ཤེས་རྒྱུ་ཡིན་པ་དང་། བཅོས་ཡོད་པའི་རྒྱུགས་གཞི་དེས་དགེ་རྒན་གྱི་སློབ་ཁྲིད་སོགས་ལ་ཕན་ནུས་ཆེན་པོ་ཐོན་ངེས་སོ༎
   དེས་ན་རྒྱུགས་གཞི་བཟོ་མཁན་ཞིག་ལ་ཐོག་མར་དུས་ཚོད་ཀྱི་ཆ་ནས་འདང་ངེས་ཀྱི་དུས་ཚོད་ཅིག་དགོས་པ་སྟེ། དཔེར་ན་སློབ་ཆུང་གི་ལོ་རིམ་གཉིས་པ་དང་གསུམ་པའི་རྒྱུགས་གཞི་ཞིག་བཅའ་རྒྱུ་ན་ཉི་མ་གཉིས་ཀྱི་དུས་ཚོད་མེད་ན་འདྲི་ཚིག་འོས་ཅན་ཞིག་ཡོང་ཐུབ་རྒྱུ་མ་རེད། དེ་ལས་གཞན་འདྲི་ཚིག་བཅའ་མཁན་ལ་སྡུག་རུས་ཆེན་པོ་ལྡན་དགོས་ཏེ། ཐོག་མར་སློབ་དེབ་ལ་ཆ་ཚང་བར་ཐེངས་གཅིག་བལྟ་དགོས་ཤིང་དེ་ནས་ནན་ཏན་དང་ཞིབ་ཆ་ཐོན་པའི་སྒོ་ནས་འདྲི་ཚིག་ལ་ཡང་ཡང་ཞུན་བརྡར་བྱེད་དགོས་པར་མ་ཟད། འདྲི་ཚིག་གི་མང་ཉུང་ཚད་དང་རན་པ་ཞིག་ཡིན་དགོས་ཏེ། ང་ཚོས་དམའ་འབྲིང་དང་མཐོ་འབྲིང་གི་རྒྱུགས་གཞི་བཅའ་བ་ལ་ཡི་གེའང་ཅུང་ཆུང་ལ་ཤོག་ངོས་༦ ནས་༨ ཡོད་དགོས་པ་དང་། གལ་ཏེ་ལྟ་ཀློག་གི་རྒྱུ་ཆ་ཅུང་རིང་ན་ངེས་པར་དུ་ཤོག་ངོས༨ ལོངས་དགོས། སློབ་ཆུང་ལ་ཤོག་ངོས་༤ ཡས་མས་ཡོད་དགོས།དེའི་མན་ཡིན་ན་འདྲི་ཚིག་ཉུང་བའི་ཁོངས་སུ་གཏོགས། གལ་ཏེ་འདྲི་ཚིག་ཉུང་སོང་ན་སློབ་དེབ་གཅིག་གི་ནང་གི་ཤེས་བྱ་ཐམས་ཅད་པོ་འདྲི་ཚིག་ཏུ་བསྡུ་མི་ཐུབ་པས་འདྲི་ཚིག་མང་ན་འགེབས་རྒྱ་ཆེ་ཞིང་། དགེ་རྒན་གྱིས་ཤེས་བྱ་གང་དག་སློབ་མར་ཁྲིད་ཡོད་པ་དང་གང་དག་ཁྲིད་མེད་པ། སློབ་མས་ཤེས་བྱ་གང་དག་ཁོང་དུ་ཆུད་ཡོད་པ་དང་གང་དག་རྟོགས་མེད་པར་ལྟ་རྟོག་བྱེད་ཐུབ་པ་རེད།དེ་བས་འདྲི་ཚིག་མང་དུ་བཅོས་ཏེ་སློབ་དེབ་ནང་གི་ཤེས་བྱ་ཐམས་ཅད་པོར་ཁྱབ་ཏུ་འཇུག་རྒྱུ་གལ། འདྲི་ཚིག་མང་པོ་བཀླགས་ནས་ཚར་རྒྱུ་དེའང་སློབ་མའི་ལྟ་ཀློག་ནུས་པ་དང་གོ་བ་ལེན་པའི་ནུས་པར་ཚད་འཇལ་བའི་རྒྱུགས་ཤིག་ཡིན་པས། འདྲི་ཚིག་ཉུང་ཉུང་ཞིག་གིས་སློབ་མའི་ལྟ་ཀློག་ནུས་པའི་ཆུ་ཚད་ག་འདྲ་ཡིན་པ་ཤེས་མི་ཐུབ་པ་དང་འདྲི་ཚིག་མང་པོ་མགོ་ནས་མཇུག་བར་ཐེངས་གཅིག་བཀླག་ཚར་དུས་དོན་དངོས་སུ་ཀློག་གི་རྒྱུགས་ཐེངས་ཤིག་བླངས་ཡོད་པ་རེད། དེ་ལས་གཞན་རྒྱུགས་ཤོག་གི་པར་ངོས་བཀོད་སྒྲིག་ཀྱང་ཡག་དགོས་ཏེ། ཡི་གེའི་ཆེ་ཆུང་ཚད་དང་རན་དགོས་ལ། ཐིག་ཕྲེང་ཕན་ཚུན་བར་འཚུབ་པོ་ཡིན་མི་རུང་། སྟོང་ཆ་སྐོང་སའི་ཚད་མཐུན་པར་བྱེད་ཅིང་བྲི་བྱའི་ནང་དོན་ལས་ས་ལྷག་ཅུང་ཡོད་པར་བཀོད་སྒྲིག་བྱེད་དགོས།དེ་བས་པར་ངོས་བཀོད་སྒྲིག་ནི་རྒྱུགས་གཞི་བཅའ་མཁན་གྱི་ཤེས་བྱ་གལ་ཆེན་ཞིག་རེད། མདོར་ན་རྒྱུགས་གཞི་བཅའ་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་ནན་ཏན་གྱིས་འགན་འཁུར་རྒྱུ་དང་འདྲི་ཚིག་གི་མང་ཉུང་ཚད་དང་རན་པ།པར་ངོས་བཀོད་སྒྲིག་ཚད་ལྡན་བྱ་རྒྱུ་བཅས་ནི་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད།
   དེ་རིང་འདི་ནས་གཙོ་བོ་སློབ་ཆུང་གི་རྒྱུགས་གཞི་བཅའ་ཐབས་དང་བར་གསེང་དུ་མཐོ་འབྲིང་དང་དམའ་འབྲིང་གི་རྒྱུགས་གཞི་བཅའ་ཐབས་མཉམ་བསྲེས་ཀྱིས་བཤད་པར་བྱ་རྒྱུ་ཡིན།
   ན་ནིང་ང་ཚོའི་ལས་ཁུངས་དང་ཟི་ལིང་གི་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་སློབ་ཆུང་གི་ནུས་པའི་སྦྱོང་བརྡར་ཞེས་པའི་རྒྱུགས་གཞིའི་དཔེ་ཆ་ཞིག་སྒྲིག་པ་ཡིན་ལ།དེའི་ནང་དུ་སྡེ་ཚན་རེ་རེའི་རྒྱུགས་གཞི་དང་བར་རྒྱུགས། མཇུག་རྒྱུགས་བཅས་བཀོད་ཡོད། ཁྱོད་ཚོས་འདི་ལ་དཔེ་བལྟས་ཏེ་རྒྱུགས་གཞི་བཅོས་ན་ཕན་པ་ཡོད་རྒྱུ་རེད་སྙམ། ངས་བཤད་པའི་རྗེས་ནས་ཁྱོད་ཚོས་ཐེངས་གཅིག་བལྟས་ན་ང་ཚོའི་ལྟ་བ་གཞི་གཅིག་ཏུ་འབབ་ཐུབ་རྒྱུ་རེད།འོ་ན་དེ་རིང་གཙོ་བོ་ཕྱོགས་བདུན་ནས་བཤད་པར་བྱ་སྟེ།

གཅིག ཡི་གེའི་དག་ཆ་ཡོད་མེད་ལ་བརྟག་པ།

        ཡི་གེའི་དག་ཆ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས། དག་ཆའི་སྐོར་གྱི་འདྲི་ཚིག་འདི་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་གང་ལའང་བཟོས་ཆོག་པ་དང་། ཇི་ལྟར་བཟོ་ཚུལ་གྱི་ཐད་ནས་གཤམ་ལྟར་བཀོད་སྒྲིག་བྱེད་ན་ཆོག་སྟེ།
༡། ཉན་འབྲི
ཉན་འབྲི་ཡིས་ཕྱོགས་གཅིག་ནས་སློབ་མའི་ཉན་པའི་ནུས་པ་དང་ཕྱོགས་གཞན་ཞིག་ནས་ཡི་གེའི་དག་ཆ་ལ་བརྟག་ཐུབ། ཉན་འབྲི་ལའང་མིང་ཉན་འབྲི་དང་ཚིག་ཉན་འབྲི་བྱེད་ཆོག་པ་དང་དེའང་མང་ཉུང་ཚད་དང་ རན་པ་ཞིག་ཡིན་དགོས། མིང་ཉན་འབྲི་ནི་སློབ་ཚན་ཁྲོད་ཀྱི་ཡིག་གསར་ཉན་འབྲི་བྱེད་པ་དང་། ཚིག་ཉན་འབྲི་ལ་ལོ་རིམ་གྱི་མཐོ་དམའ་ལྟར་ཚིག་ཐུང་ནས་རིམ་གྱིས་ཚིག་རིང་བཀོད་ སྒྲིག་བྱེད་ཆོག་པ་རེད། དེའང་ཉན་འབྲི་བྱེད་རྒྱུའི་མིང་དང་ཚིག་བཅུ་ཐམ་པའི་ཡན་ཡོད་མི་རུང་། སྐར་མ་སྟེར་སྟངས་ཀྱི་ཆ་ནས་མང་མི་རུང་སྟེ་ཉན་འབྲིའི་སྐར་མས་འདྲི་ཚིག་གི་ སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི་བཅུ་ནས་བཅུ་གཉིས་མ་གཏོགས་ཟིན་མི་རུང་།
༢། རི་མོའི་འོག་ཏུ་མིང་འབྲི་བ།(མིང་བདམས་ནས་རི་མོའི་འོག་ཏུ་འབྲི་བ)
སློབ་ཆུང་གི་ལོ་རིམ་དམའ་ཤོས་སུ་གྱུར་པ་ལ་བཀོད་སྒྲིག་བྱེད་ཆོག་པའི་འདྲི་ཚིག་ཡིན་ལ། ལྷག་པར་དུ་ལོ་རིམ་དང་པོ་དང་གཉིས་པ་ལ་ཤིན་ཏུ་འཚམ་པར་འདོད། དེ་བས་ལོ་རིམ་དང་པོ་དང་གཉིས་པའི་རྒྱུགས་གཞིའི་ཁྲོད་དུ་འདྲི་ཚིག་འདིས་སྐར་མ་མང་པོ་ཟིན་ནའང་ཆོག་མོད། འོན་ཀྱང་སློབ་ཆུང་གི་ལོ་རིམ་མཐོ་ཤོས་དང་། དམའ་འབྲིང་མཐོ་འབྲིང་ལ་མི་འཚམ།
༣། ཡིག་ནོར་འཚོལ་བ།
འདྲི་ཚིག་འདི་དམའ་འབྲིང་དང་མཐོ་འབྲིང་ལ་བཀོད་སྒྲིག་བྱེད་ཆོག་པ་དང་། དེའང་རྣམ་པ་དྲིས་ལན་འདེམ་པ་ལྟ་བུའི་སྒོ་ནས་ནོར་སླ་བའི་མིང་ཞིག་ལ་རྟགས་བརྒྱབ་རྗེས་དེ་འཚོལ་དུ་འཇུག་པ་དང་། དེའང་ནོར་ཡོད་པ་དང་མེད་པ་ཅི་རིགས་འདེམ་དུ་བཅུག་ནའང་ཆོག དེ་ལྟར་བྱས་ན་གདམ་བྱའི་དྲི་བ་རེ་རེའང་འདྲི་ཚིག་རེ་རེ་ཡིན་པ་རེད། དེའང་ནོར་ཡོད་པའི་ཡི་གེའི་འོག་ཏུ་རྟགས་རྒྱག་དགོས་ལ། བྱེད་ཐབས་འདི་དམའ་འབྲིང་དང་མཐོ་འབྲིང་ལ་ཤིན་ཏུ་འཚམ། ལྷག་པར་དུ་སློབ་ཆུང་གི་དྲི་བའི་ནོར་ཡོད་པའི་ཡི་གེའི་འོག་ཏུ་ངེས་པར་དུ་རྟགས་རྒྱག་དགོས་ལ། ནོར་བའི་ཡི་གེ་སྔོན་རྗེས་ཡང་འདོགས་གང་རུང་ནོར་དུ་འཇུག་པ་ལས་མིང་གཞི་ནོར་དུ་འཇུག་མི་ཉན་པ་དང་། ཡི་གེ་འཆུག་པ་མང་མི་རུང་། ནོར་འཆུག་བྱུང་ཡོད་པའི་མིང་དེ་ཚིག་ཅིག་གི་ནང་དུ་བཞག་ཏེ་འཚོལ་དུ་འཇུག་པ་ལས་མིང་རྐྱང་ལ་དག་བཅོས་བྱེད་པའི་འདྲི་ཚིག་མ་བཅོས་ན་བཟང་། སློབ་ཆུང་གི་ལོ་རིམ་གཉིས་པ་དང་གསུམ་པར་ཡིག་ནོར་དག་བཅོས་ཀྱི་འདྲི་ཚིག་མི་འཚམ་པ་དང་ལོ་རིམ་བཞི་བ་དང་ལྔ་བ། དྲུག་པར་མིང་ཚིག་དག་བཅོས་བཞག་ན་འོས་ཤིང་། དམའ་འབྲིང་དང་མཐོ་འབྲིང་ལ་ཡིག་ནོར་དག་བཅོས་ཀྱི་འདྲི་ཚིག་མང་དུ་བཞག་ཀྱང་ཆོག
༤། ཚིག་སྐྱོན་འཚོལ་བ།
སྤྱིར་བཏང་དུ་འདྲི་ཚིག་འདི་སློབ་ཆུང་ལ་མི་འཚམ་པ་དང་། འཇོག་ན་སློབ་ཆུང་གི་ལོ་རིམ་ལྔ་བ་དང་དྲུག་པར་བཞག་ན་འོས། དམའ་འབྲིང་དང་མཐོ་འབྲིང་ལ་འདྲི་ཚིག་འདིའི་རིགས་ཤིན་ཏུ་འཚམ། འདྲི་ཚིག་འདིའི་ཁ་བྱང་ལ་ང་ཚོས་འདི་ལྟར་བཞག་པ་ཡིན་ཏེ། “གཤམ་གྱི་རྟགས་བཀོད་པའི་མིང་བཀོལ་བ་ནོར་བ་ནི་ཞེས་མིང་དེ་ཚིག་ཅིག་ཏུ་བཞག་ནས་ཚིག་སྒྲིག་ཅིང་། ཚིག་དེའི་ནང་མི་བདེ་བས་དེའི་ཚིག་སྐྱོན་བཙལ་དུ་འཇུག་པ་ཡིན། འདི་ལ་རིགས་གཉིས་ཡོད་དེ། གཅིག་ནི་ཡི་གེ་དང་མིང་གི་བཀོལ་ཕྱོགས་ནོར་བ་དང་། ཅིག་ཤོས་ནི་ཕྲད་སྦྱར་བ་ནོར་བ་འཚོལ་དུ་འཇུག་པའོ། །འདི་སློབ་ཆུང་གི་ལོ་རིམ་ལྔ་བ་དང་དྲུག་པར་འཚམ་པ་དང་། དཔེར་བརྗོད་དཔེ་ཆའི་ཐོག་གི་སློབ་ཚན་གྱི་ནང་གི་ཚིག་ཡིན་ཆོག འདྲི་ཚིག་འདི་དམའ་འབྲིང་དང་མཐོ་འབྲིང་ལ་ཤིན་ཏུ་འཚམ་ཞིང་ཚིག་སྐྱོན་ཡོད་པའི་ཚིག་དེར་རྟགས་བརྒྱབ་ཏེ་ནོར་འཆུག་བྱུང་ཡོད་པའི་ཡི་གེ་དེ་གང་ན་ཡོད་པ་ཤེས་སུ་འཇུག་དགོས། དེ་ལས་ཀྱང་སློབ་ཆུང་གི་སློབ་མར་འདྲི་ཚིག་ལ་གསལ་འདེབས་བྱེད་རྒྱུ་དང་འདྲི་ཚིག་གི་ནང་དོན་བཤད་རྒྱུ་གལ།

གཉིས དོན་གྱི་གོ་བ་ལེན་པར་བརྟག་པ།

        མིང་དང་ཚིག་གི་དོན་གྱི་གོ་བ་ལོན་པའི་ཆུ་ཚད་ལ་བལྟ་བ་སྟེ།   དེའང་གཤམ་གྱི་ཐབས་འགའ་ཤས་སྤྱད་པར་ཆོག
༡། འགྲེལ་བཤད་བྱེད་དུ་འཇུག་པ།
   སློབ་ཆུང་ལ་ཐད་ཀར་མིང་ཚིག་འགྲེལ་བཤད་བཞག་ན་མི་འཚམ་ཏེ། དེའང་༡༩༩༩ ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་བོད་ཡིག་གི་རྩ་འཛིན་གཏན་འཁེལ་བྱེད་དུས་དེའི་ནང་སློབ་ཆུང་གི་སློབ་མར་ཐད་ཀར་མིང་ཚིག་འགྲེལ་བཤད་བྱེད་པའི་རྒྱུགས་བླངས་ན་མི་ཆོག་ཅེས་པའི་གཏན་འཁེལ་ཡོད་པས། ཉན་འབྲི་དང་མིང་བདམས་ནས་རི་མོའི་འོག་ཏུ་འབྲི་བ། རི་མོའི་འོག་ཏུ་མིང་འབྲི་བ་སོགས་ལས། མིང་དང་འགྲེལ་བཤད་བར་ཐིག་གིས་སྦྲེལ་བ་བཞག་ཆོག་པ་དང་། མིང་དེའི་འགྲེལ་བཤད་ཁ་གསལ་ཞིང་གོ་བདེ་བ། རྒྱུན་སྤྱོད་ཆེ་བ་སྟེ་སློབ་ཚན་ཁྲོད་ཀྱི་ཡིག་གསར་ནང་ནས་ཡིན་ན་འོས། ཡིག་གསར་སྤྱི་སྡོམ་བྱེད་ན་སློབ་ཆུང་མཐར་ཕྱིན་དུས་སློབ་མས་༢༢༥༥ ཤེས་དགོས་ཡོད། དེ་ལས་གཞན་མིང་བདམས་ནས་འགྲེལ་བཤད་ཀྱི་སྔོན་དུ་འབྲི་བ་དང་། འགྲེལ་བཤད་བྱས་པ་ནོར་བ་འཚོལ་དུ་འཇུག་པ་བཀོད་ཆོག་ལ། སློབ་ཆུང་གི་ནོར་འཆུག་མངོན་གསལ་བྱེད་ཆོག་པ་དང་དམའ་འབྲིང་དང་མཐོ་འབྲིང་ལ་ཇེ་དཀའ་རུ་བཏང་ཆོག ཡང་འགྲེལ་བཤད་བྱས་པ་ཡང་དག་པ་འཚོལ་དུ་འཇུག་རྒྱུ་བཞག་ཆོག་ལ་ནོར་འཆུག་བྱུང་ཡོད་ས་ནི་ཆེས་གནད་འགག་གི་ཡི་གེ་གཅིག་ཙམ་བཙལ་རྒྱུ་འཇོག་དགོས། དེའང་ཆུ་ཚད་ངེས་ཅན་མེད་ན་འཚོལ་དཀའ་བ་བྱས་ཀྱང་ཆོག དེ་ལས་གཞན་ཐད་ཀར་དུ་མིང་ཚིག་ལ་འགྲེལ་བཤད་བྱེད་རྒྱུ་བཞག་ཆོག་པ་དང་དེའང་ཚད་དང་རན་པ་ཞིག་ཡིན་དགོས།དམའ་འབྲིང་དང་མཐོ་འབྲིང་ལ་དོན་ཉེ་བ་དང་དོན་ལྡོག་པ། དོན་གཅིག་མིང་གི་རྣམ་གྲངས་སོགས་བཞག་ནའང་ཆོག།

གསུམ ཡི་གེའི་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ།

   སློབ་མའི་ཡི་གེའི་བཀོལ་སྤྱོད་ཀྱི་ནུས་པར་བརྟག་ཐབས་ལ་གཤམ་གྱི་ཐབས་འགའ་སྤྱད་ཆོག་སྟེ།
༡། རི་མོའི་འོག་ཏུ་ཚིག་འབྲི་བ།
   འདྲི་ཚིག་འདི་ལ་འཚོ་བའི་ནང་གི་ཆེས་རྒྱུན་ལྡན་གྱི་ཚིག་གི་དོན་གྱི་རི་མོ་བྲིས་ཤིང་དེའི་འོག་ཏུ་མིང་འབྲི་རུ་འཇུག་པ་སྟེ། དཔེར་ན།“པགས་པ་མཉེད། སློབ་གྲྭར་འགྲོ་ལྟ་བུའི་ཚིག་འབྲི་རུ་བཅུག་ན་འོས་ཤིང་། དེའང་སློབ་ཆུང་གི་ལོ་རིམ་དང་པོ་ནས་གསུམ་པའི་བར་བཀོལ་ན་ཆོག་མོད། ལོ་རིམ་མཐོ་ཤོས་དང་དམའ་འབྲིང་མཐོ་འབྲིང་ལ་མི་འཚམ།
༢། ཚིག་སྒྲིག་པ།
   འདྲི་ཚིག་འདི་ནི་ལོ་རིམ་རེ་རེའི་ཆུ་ཚད་ལྟར་སྒྲིག་ཏུ་བཅུག་ན་འོས་པ་དང་། ཚེག་བར་མང་ཉུང་ཡང་ལོ་རིམ་དང་པོ་དང་གཉིས་པ། གསུམ་པ་སོགས་ཀྱིས་ཚེག་བར་ལྔ་དྲུག་ཙམ་འབྲི་ཐུབ་ན་རབ་ཡིན། དམའ་འབྲིང་དང་མཐོ་འབྲིང་ལ་རེ་བ་ནན་མོ་འདོན་དགོས་ཤིང་། ཚེག་བར་༡༢ ཡན་ལོངས་དགོས། མང་ཉུང་གི་ཐད་ནས་གསུམ་དང་བཞི་ཡིན་ན་ཆོག ལོ་རིམ་དམའ་མོའི་སྐབས་སུ་མིང་དང་ལོ་རིམ་ཇེ་མཐོར་སོང་བ་དང་བསྟུན་ནས་བྱ་ཚིག ཚིག་ཕྲད། ཕྲད་འདུས་མ་སོགས་ལ་སྒྲིག་ཏུ་བཅུག་ན་ཆོག
༣། ཐིག་གིས་སྦྲེལ་བ།
    དྲི་བ་འདི་རྣམ་པ་སྣ་ཚོགས་བྱས་ཆོག་སྟེ། མིང་དང་བྱ་ཚིག མིང་དང་མིང་། མིང་དངཕྲད་ཀྱི་བར་ཐིག་གིས་སྦྲེལ་བ་སོགས་རྣམ་པ་མང་དུ་སྤྱད་ཆོག དེའང་མང་ཉུང་ཚད་དང་རན་དགོས། འདྲི་ཚིག་ལ་སྣ་ཁ་མང་དགོས་ཤིང་འདྲི་ཚིག་གཅིག་དེ་གྲངས་ཀ་མང་པོ་བཅའ་མི་རུང་།
༤། མིང་བདམས་ནས་ཁ་སྐོང་བ།
    མིང་ཁ་ཤས་སྔོན་དུ་བྱིན་ནས་དེ་རེ་རེ་འོས་འཚམ་གྱི་སྟོང་བར་ཁ་སྐོང་བྱེད་དུ་བཅུག་ཆོག སྤྱིར་བཏང་དུ་འདྲི་ཚིག་བཅའ་སྐབས་མཉམ་འཇོག་དགོས་པ་ཞིག་ནི་འདྲི་ཚིག་དེར་ལན་གཅིག་ཁོ་ན་ལས་ཡོད་མི་ཆོག་སྟེ། དཔེར་ན་ཕྲད་ཁ་སྐོང་ལས་ལྷག་བཅས་ཡིན་ན་དེ་གཅིག་པུ་ལས་གཞན་ཕྲད་གང་སྦྱར་ནའང་མི་ཆོག་པ་ཞིག་ཡིན་དགོས། གང་ལྟར་རྩོད་གཞི་དང་རྙོག་དྲ་ཅན་གྱི་འདྲི་ཚིག་བཅའ་མི་རུང་། མིང་བདམས་ནས་ཁ་སྐོང་བ་འདིས་སློབ་མའི་ཚིག་སྒྲིག་གི་ནུས་པ་དང་མིང་ཚིག་བཀོལ་སྤྱོད་ཀྱི་ནུས་པ། གོ་བ་ལེན་པའི་ནུས་པ་བཅས་ལ་བརྟག་ཐུབ་པ་དང་། སློབ་ཆུང་གི་འདྲི་ཚིག་འདིའི་རིགས་ངེས་པར་དུ་སློབ་དེབ་ཁྲོད་བྱུང་ཟིན་པའི་ཚིག་ཡིན་པ་ལས་དེའི་ཕན་ཆད་ཀྱི་ཚིག་བཞག་ན་མི་འོས།
སྤྱིར་འདྲི་ཚིག་གི་མང་ཉུང་ཐད་ནས་གོང་ནས་བཤད་པ་བཞིན་ཚད་དང་རན་པ་ཞིག་ཡིན་དགོས་ལ། དེ་ལས་གཞན་འདྲི་ཚིག་གི་ཨང་གྲངས་བཀོད་སྒྲིག་ཐད་ལ་འདྲི་ཚིག་ཆེ་བ་ལ་ཡི་གེའི་ལམ་ནས“དང་པོ” “གཉིས་པ”“གསུམ་པ”ཞེས་བཀོད་ཅིང་། དེའི་ནང་གསེས་ལ་ཨང་ཀིས“1”“2”“3”ཞེས་བྲིས་ཤིང་། དེའི་ནང་གསེས་ལ་ཨང་ཀི་གུག་རྟགས་སུ་བྲིས་ན་འགྲིག་པ་དང་། དེ་ལྟར་བྱས་ན་འདྲི་ཚིག་མང་དུ་བཀོད་སྒྲིག་བྱེད་ཆོག་ལ་ནང་དོན་ཁྱབ་རྒྱ་ཅུང་ཆེ་ཐུབ་པ་རེད། གཞན་ཡང་འདྲི་ཚིག་བཅོས་པའི་རྗེས་ནས་ཞུ་དག་མང་དུ་བྱེད་རྒྱུ་ཧ་ཅང་གལ།
༥། བྱ་ཚིག་ཁ་སྐོང་བ།
    དཔེར་བརྗོད་བཀོད་དེ་གཞུག་ཏུ་བྱ་ཚིག་གི་ཁ་སྐོང་བ་སྟེ། དཔེར་ན།“ཆར་བ་བབས།”“གླུ་དབྱངས་ལེན”ལྟ་བུ་བྱེད་ཆོག
༦། ཚིག་གྲོགས་སྦྱོར་བ།
    དེའང་ལོ་རིམ་ལྟར་དཀའ་སླའི་ཁྱད་པར་ཕྱེ་ཆོག་སྟེ། ཡི་གེ་གཅིག་ལ་ཚིག་གྲོགས་གཅིག་སྦྱོར་བ་དང་གཉིས་སྦྱོར་བ། གསུམ་སྦྱོར་བ་སོགས་བཅོས་ཆོག
༧། ཚིག་གི་གོ་རིམ་སྒྲིག་པ།
   འདྲི་ཚིག་འདི་དམའ་འབྲིང་དང་སློབ་ཆུང་ལ་བཞག་ན་འོས་ཤིང་འཚམ་ལ། དེའང་སློབ་དེབ་ཀྱི་ནང་གི་ཚིག་ཡིན་དགོས་མོད། འོན་ཀྱང་ཇི་བཞིན་བཤུས་ན་ཆ་ཚང་ཞིག་ཡོང་མི་སྲིད་པས། ཇེ་བདེར་བཏང་ནས་བཞག་ཆོག་པ་རེད།
༨། ཞིབ་བརྗོད་ཀྱི་གོ་རིམ་སྒྲིག་པ།
   འདིའང་སློབ་ཆུང་ལས་གཞན་དམའ་འབྲིང་དང་མཐོ་འབྲིང་ལ་བཀོད་སྒྲིག་བྱས་ཀྱང་ཆོག དེའང་དངོས་པོ་དང་དོན་རྐྱེན་ཞིབ་འབྲི་བྱས་ཡོད་པའི་དུམ་མཚམས་ཤིག་ཚུར་བླངས་ཤིང་། དེའི་ཚིག་གི་མགོ་རྔ་དཀྲུགས་རྗེས་གོ་རིམ་སྒྲིག་ཏུ་འཇུག་པ།
༩། ཚིག་རྒྱས་འབྲི་བྱེད་པ།
   འདྲི་ཚིག་འདི་ལ་ཚེག་བར་གྱི་ཚད་བཀག་བཟུང་ཆོག་པ་སྟེ། དཔེར་ན་ཚེག་བར་བཞི་ལྔ་ཅན་དེ་ཚེག་བར་བཅུ་དང་བཅུ་གཅིག་ཅན་ལ་རྒྱས་འབྲི་བྱེད་ དུ་བཅུག་ཆོག་པ་དང་། དེ་བཞིན་ལོ་རིམ་གཉིས་པ་དང་གསུམ་པར་བསྡུས་འབྲི་བྱེད་པ་བཀོད་སྒྲིག་བྱེད་ཆོག འདིའི་སྐབས་སུ་གཙོ་བོ་ཚིག་གི་གཙོ་ཕལ་དབྱེ་བ་འབྱེད་ཤེས་དགོས་ཡོད། འདྲི་ཚིག་འདིའི་རིགས་ཀྱི་སྐར་མ་སྟེར་ཕྱོགས་ལ་གྲིམ་ལྷོད་ཡོད་ཆོག་སྟེ། རང་རང་གི་སློབ་མའི་ཆུ་ཚད་ལ་གཞིགས་ཏེ་བྱིན་ཆོག
༡༠། རྩོམ་ཡིག་འབྲི་བ།
   ལོ་རིམ་སོ་སོའི་ཆུ་ཚད་ལ་བལྟས་ཏེ། ཚེག་ཁྱིམ་ཐག་གཅོད་བྱེད་དགོས་ཏེ། སྤྱིར་བཏང་དུ་ལོ་རིམ་གསུམ་པའི་མན་ཆད་ལ་བཀོད་སྒྲིག་བྱེད་ན་མི་འོས། ལོ་རིམ་བཞི་བ་ནས་བཟུང་མགོ་བརྩམས་ཆོག་པ་དང་། ཚེག་ཁྱིམ་ཡང་༡༠༠ ཡས་མས་ཡིན་ན་ཆོག ལོ་རིམ་ལྔ་བ་དང་དྲུག་པས་ཚེག་ཁྱིམ་༢༠༠ ཡས་མས་ནས་༣༠༠ འབྲི་ཐུབ་ན་རབ་ཡིན། འོན་ཀྱང་དམའ་འབྲིང་དང་མཐོ་འབྲིང་ལ་ཚེག་ཁྱིམ་༥༠༠ ནས་༧༠༠ ལོངས་དགོས། བརྗོད་བྱའི་ཐད་ནས་ཀྱང་རིམ་གྱིས་ཇེ་དཀའ་རུ་བཏང་ཆོག སློབ་ཆུང་གི་རྩོམ་ཡིག་ཁྲོད་དུ་ཡིག་ནོར་བྱུང་ནའང་སྐྱོན་ཆེན་པོ་མི་འདུག གཙོ་བོ་དོན་གྱི་བརྒྱུད་རིམ་ཆ་ཚང་ཡིན་མིན་དང་། བསམ་གཞིགས་ཀྱི་གོ་རིམ་གསལ་མིན་ལ་བལྟས་པས་ཆོག སློབ་ཆུང་གི་ལོ་རིམ་དྲུག་པར་ཐོན་ཚེ་རེ་བ་ཅུང་ཇེ་མཐོར་བཏང་ཆོག་པ་དང་དམའ་འབྲིང་ལ་ཐོན་ཚེ་ཡིག་ནོར་དང་ཕྲད་ནོར་ལ་རེ་བ་ཅུང་མཐོན་པོ་བཟུང་ཆོག་པ་དང་། མཐོ་འབྲིང་ལ་རེ་བ་དེ་བས་མཐོན་པོ་བཟུང་ཆོག

བཞི བློར་འབྲི་བའི་ཚད་ལ་བརྟག་པ།

    སློབ་ཆུང་གི་སློབ་དེབ་ཁྲོད་དུ་བློར་འཛིན་རྒྱུའི་སློབ་ཚན་མང་པོ་ཡོད་ལ། བསླབ་ཚན་ཚད་གཞིའི་ཁྲོད་དུའང་འདིའི་སྐོར་གྱི་རེ་བ་ནན་མོ་ཡོད་པ་རེད། ང་ཚོས་འདིའི་སྐོར་གྱི་འདྲི་ཚིག་སློབ་ཆུང་ལ་འདི་ལྟར་བཀོད་སྒྲིག་བྱེད་པ་སྟེ།
༡། ཁ་སྐོང་།
ཁ་བྱང་ལ་“གཤམ་གྱི་རེའུ་མིག་ནང་གི་ལེགས་བཤད་ཀྱི་ཁ་སྐོང་དགོས་”ཞེས་བཀོད་ཅིང་། ཆེས་གནད་འགག་གི་མིང་དང་ཡིག་གསར་ཡོད་པའི་མིང་བཀོད་སྒྲིག་བྱེད་པ་ལས་དུམ་མཚམས་ཧྲིལ་བོ་དང་སློབ་ཚན་ཧྲིལ་བོ་བློར་འབྲི་རུ་འཇུག་པའི་འདྲི་ཚིག་བཀོད་སྒྲིག་བྱེད་མི་རིགས། འབྲི་རྒྱུ་མང་དུ་བཞག་ན་སློབ་མས་བྲིས་ནས་ཚར་མིན་ལའང་འདང་རྒྱག་དགོས་ཏེ། ང་ཚོས་ཆུ་ཚད་ཆེས་དམའ་བའི་སློབ་མའི་འབྲི་བའི་ནུས་པ་ལ་འདང་བརྒྱབ་ཏེ་རྒྱུགས་ཤོག་ཧྲིལ་བོའི་ངོས་སུ་སློབ་མས་འབྲི་རྒྱུ་དེ་འདྲ་མང་པོ་བཀོད་སྒྲིག་བྱེད་ན་མི་འོས། དམའ་འབྲིང་དང་མཐོ་འབྲིང་ལ་རྐང་བ་གཅིག་རེ་དང་གཉིས་རེ་ཁ་སྐོང་བྱེད་རྒྱུ་བཞག་ན་འོས་པ་ལས། སློབ་ཚན་ཧྲིལ་བོའི་བསྟན་དོན་དང་བརྗོད་བྱའི་སྙིང་བོ་བློར་འབྲི་རུ་འཇུག་མི་འོས། འོན་ཀྱང་། ལྟ་ཀློག་རང་བཞིན་ནམ་རྒྱུ་ཆ་བྱིན་ཏེ་དབྱེ་ཞིབ་བྱེད་དུ་བཅུག་ན་ཆོག དེ་བས་སློབ་ཆུང་ལ་ཡིག་གསར་གཞི་བྱས་ཏེ་ཁ་སྐོང་བྱེད་རྒྱུ་གཙོ་བོར་བཟུང་བ་དང། དམའ་འབྲིང་དང་མཐོ་འབྲིང་ལ་རྐང་བ་སྔ་གཞུག་གམ་ཕྲད་ཁ་སྐོང་བྱེད་རྒྱུ་གཙོ་བོར་བཟུང་སྟེ་རྒྱུགས་གཞི་བཅོས་ན་འོས།
༢། ཕྲད་ཁ་སྐོང་།
   སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་གང་ལའང་བཅོས་ན་ཆོག་མོད། སློབ་ཆུང་ལ་ངེས་པར་དུ་སློབ་དེབ་ཀྱི་ནང་ན་ཡོད་པའི་དཔེར་བརྗོད་ཡིན་དགོས། དམའ་འབྲིང་དང་མཐོ་འབྲིང་ལ་གཞན་ནས་ཁྱེར་ཡོང་ནའང་ཆོག་པ་དང་འདྲི་ཚིག་ལ་གཏན་ འཁེལ་གྱིས་ཕྲད་གང་ཞིག་འབྲི་དགོས་པའི་ངེས་གཏན་རང་བཞིན་ལྡན་དགོས།
༣། དཔེར་བརྗོད་འབྲི་བ།
   སློབ་ཆུང་གི་ལོ་རིམ་དམའ་ཤོས་ལ་ཅུང་དཀའ་ནའང་དམའ་འབྲིང་དང་མཐོ་འབྲིང་ལ་འདྲི་ཚིག་འདིའི་རིགས་འཚམ་པོ་ཡིན།
༤། རྩ་ཚིག་བློར་འབྲི་བ།
   ཕྲད་དང་རྣམ་དབྱེ་ལ་སོགས་པའི་རྩ་ཚིག་དང་སྙན་ངག་གི་རྒྱན་གྱི་མཚན་ཉིད་དང་རྩ་དཔེ། གོ་དོན་སོགས་བློར་འབྲི་རྒྱུ་འཇོག་པ་སྟེ། དེ་ནི་ངེས་པར་དུ་ཤེས་དགོས་པའི་གནད་ཡིན། དེའང་ཆ་ཚང་བར་འབྲི་རུ་བཅུག་ན་དུས་ཚོད་ཀྱིས་མི་ཤོང་བས་ཚིག་གི་རྐང་བ་སྔ་ཕྱི་ཁ་སྐོང་བྱེད་རྒྱུ་བཞག་ཆོག
༥། ཕྲད་ངོས་འཛིན།
   འདྲི་ཚིག་འདིའི་ཁ་བྱང་ལ་གཤམ་གྱི་རྟགས་བཀོད་པའི་འབྲེལ་སྒྲའི་ཕྲད་འབྲེལ་སྒྲའི་ནང་གསེས་གང་ལ་འཇུག་ཅེས་པ་ལྟ་བུའི་དྲིས་ལན་འདེམ་པའི་ཚུལ་གྱིས་བཞག་ཆོག་ལ། ཐད་ཀར་དཔེར་བརྗོད་བཀོད་དེ་ཕྲད་ངོས་འཛིན་བྱེད་རྒྱུ་བཞག་ནའང་ཆོག ཡང་ན་དྲིས་ལན་འདེམ་པའི་ནང་ཕྲད་སྦྱར་བ་ནོར་བ་འཚོལ་དུ་བཅུག་ཆོག་པ་སྟེ། དེ་ལྟར་བྱས་ན་འོག་གི་དྲིས་ལན་དུ་ཕྲད་དང་རྣམ་དབྱེ་ཅི་ཞིག་བཞག་ཀྱང་ཆོག་པས་འདྲི་ཚིག་གི་ཁྱབ་རྒྱ་ཆེ་ལ་འདི་ལྟ་བུའི་འདྲི་ཚིག་དམའ་འབྲིང་དང་མཐོ་འབྲིང་ལ་འོས་ཤིང་འཚམ།

ལྔ  སློབ་ཚན་གྱི་ཤེས་བྱ་བཟུང་བའི་ཚད་ལ་བརྟག་པ།

    སྤྱིར་སློབ་ཚན་གྱི་ནང་དུ་ཤེས་བྱ་འཆད་བཞིན་པའི་སློབ་ཚན་དང་ལྟ་བ་འཆད་བཞིན་པའི་སློབ་ཚན། རྩོམ་སྟངས་འཆད་བཞིན་པའི་སློབ་ཚན་སོགས་མི་གཅིག་པ་མང་ཞིང་། ང་ཚོས་ཐོག་མར་སློབ་ཚན་དག་གི་རིགས་དབྱེ་གསལ་བོ་ངེས་དགོས། དེའི་སྟབས་ཀྱིས་ང་ཚོས་སློབ་ཁྲིད་ཀྱི་སྐབས་སུ་རྩོམ་སྟངས་གཙོ་བོར་བཟུང་བའི་རྩོམ་ཡིག་ཁྲིད་དུས་རྩོམ་སྟངས་གཙོ་བོར་བཟུང་ནས་ཁྲིད་དགོས་ལ། ཤེས་བྱ་གཙོ་བོར་བཟུང་བའི་སློབ་ཚན་ཤེས་བྱ་གཙོ་བོར་བཟུང་ནས་ཁྲིད་པ་ལས་དེ་གཉིས་ཉོག་མི་རུང་། དེའང་རྩོམ་སྟངས་ཀྱི་ཆ་ནས་ལྷུག་རྩོམ་དང་སྙན་ངག སྒྲུང་གཏམ། དགག་སྒྲུབ་རྩོམ་ཡིག་སོགས་ཀྱི་ནང་དུ་ཤེས་བྱ་མང་པོ་མེད། འོ་ན་སློབ་ཚན་གང་འདྲ་ཞིག་ཏུ་ཤེས་བྱ་ཡོད་དམ་ཞེ་ན། གསལ་བཤད་རྩོམ་ཡིག ལོ་རྒྱུས། རིག་གནས་སྐོར་འཆད་བཞིན་པའི་སློབ་ཚན་དུ་ཤེས་བྱ་བཀོད་སྒྲིག་བྱས་ཡོད་པས། དེ་ལྟ་བུའི་སློབ་ཚན་གྱི་ནང་གི་ཤེས་བྱ་ནི་སློབ་མས་ངེས་པར་དུ་རྟོགས་དགོས་པས་དེའི་སྐོར་གྱི་འདྲི་ཚིག་བཅོས་ཆོག་པ་རེད། འདི་ཡི་འདྲི་ཚིག་ལ་ཐབས་གང་ཞིག་སྤྱད་ཀྱང་ཆོག་སྟེ། ཁ་སྐོང་དང་དྲིས་ལན་འདེམ་པ། བརྡར་ཤ་གཅོད་པ། དྲིས་ལན་འདེབས་པ་སོགས་གང་ཡིན་ཡང་ཆོག

དྲུག  སྤྲོས་བཤད་བྱེད་པ་དང་དྲིས་ལན་འདེབས་པའི་ནུས་པར་བརྟག་པ།

   སྤྱིར་བཏང་དུ་སྤྲོས་བཤད་བྱེད་པ་དང་དྲིས་ལན་འདེབས་པའི་འདྲི་ཚིག་ནི་སློབ་ཆུང་གི་ལོ་རིམ་གསུམ་པའི་མན་ལ་བཀོད་སྒྲིག་མི་བྱེད་ལ། ལོ་རིམ་གསུམ་པ་ནས་བཟུང་ཚེག་བར་ལྔ་དྲུག་ཅན་གྱི་སྟབས་བདེའི་དྲིས་ལན་འདེབས་རྒྱུ་བཀོད་སྒྲིག་བྱས་ཆོག དམའ་འབྲིང་དང་མཐོ་འབྲིང་ལ་མང་དུ་བཀོད་སྒྲིག་བྱེད་ཆོག་མོད་རིང་ཐུང་འོས་འཚམ་ཡིན་དགོས།       

བདུན།  དབྱེ་ཞིབ་དང་གོ་བ་ལེན་པའི་ཆུ་ཚད་ལ་བརྟག་པ།

   འདྲི་ཚིག་འདི་ནི་གཙོ་བོ་ལྟ་ཀློག་དབྱེ་ཞིབ་ཀྱི་ཕྱོགས་ཏེ། རྒྱུ་ཆ་བྱིན་ཏེ་དེའི་བརྗོད་བྱ་འབྲི་རུ་འཇུག་པ་དང། ཚིག་སྦྱོར་དང་ཚན་པ་བགར་སྟངས།རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་ལ་དབྱེ་ཞིབ་བྱེད་དུ་བཅུག་ནའང་ཆོག སྤྱིར་འདྲི་ཚིག་འདིའི་རིགས་ཤིན་ཏུ་བཟང་མོད། འོན་ཀྱང་བཅའ་རྒྱུ་ཅུང་ཁག་པོ་ཡིན་ལ་དུས་ཚོད་ཀྱི་ཁག་ཐེག་ངེས་ཅན་ཞིག་མེད་ན་ཅུང་དཀའ་བར་སྣང་། དེའི་ནང་དོན་ཐད་ལ་ཇི་བཞིན་བརྗོད་པ་དང་གསལ་བཤད་རྩོམ་ཡིག སྙན་ངག དགག་སྒྲུབ་རྩོམ་ཡིག་སོགས་དང་འབྲེལ་ཡོད་ཀྱི་ཤེས་བྱའི་འདྲི་ཚིག་བཅོས་ན་ཆོག
གཞན་ཡང་འདྲི་ཚིག་ཆེ་ཆུང་གང་ཡིན་རུང་སྐར་མའི་བགོ་བཤའ་འོས་འཚམ་ཡིན་དགོས་པ་དང་འདྲི་ཚིག་རེ་རེར་བྱིན་པའི་སྐར་མ་ཚད་དང་མཐུན་ཞིང་ཕྱོགས་ཡོངས་ལ་ཁེབས་དགོས། མདོར་ན། རྒྱུགས་བཅའ་མཁན་གྱིས་ཕྱོགས་སོ་སོ་ལ་བསམ་གཞིགས་ནན་ཏན་བྱས་ཏེ། དེའི་ཁྲོད་ནས་སྐྱོན་དང་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་རྙེད་དཀའ་བར་བྱེད་དགོས་སོ༎

 དམའ་འབྲིང་དང་མཐོ་འབྲིང་གི་སྐོར།

གཅིག  དྲིས་ལན་འདེམ་པ།(སྐར༢༠)
   ནང་གསེས་འདྲི་ཚིག་༡༠ ནས་༡༥ ཡོད་ཆོག འདྲི་ཚིག་རེ་ལ་སྐར་མ་༢ དང་༣ བྱིན་ཆོག་ལ་༣ གྱི་ཡན་ཡིན་མི་རུང།

  1. ཡི་གེའི་དག་ཆའི་སྐོར། ཁ་བྱང་ལ་གཤམ་གྱི་མིང་ཁག་བཞི་ལས་ཡིག་ནོར་མེད(ཡོད)པའི་མིང་ནི་ཞེས་བཅོས་ཤིང་། ཡི་གེ་ལ་རྟགས་བརྒྱབ་ནའང་ཆོག་ལ་མ་བརྒྱབ་ནའང་ཆོག དེའི་གདམ་བྱའི་མིང་ལ་ཚེག་བར་གཉིས་ནས་བཞི་ཅན་གང་རུང་ཡིན་ཆོག
  2. འགྲེལ་བཤད་ནོར་མེད(ཡོད)པ་འཚོལ་དུ་འཇུག་པ།
  3. ཚིག་སྐྱོན་འཚོལ་དུ་འཇུག་པ།
  4. ཕྲད་ཀྱི་སྐོར། ངོས་འཛིན་དང་དབྱེ་ཞིབ་ཀྱི་འདྲི་ཚིག་བཅོས་ཆོག
  5. བྱ་ཚིག་གི་འདྲི་ཚིག
  6. སློབ་ཚན་གྱི་ཤེས་བྱའི་སྐོར།

གཉིས། ཁ་སྐོང་།(སྐར༢༠)
 ནང་གསེས་འདྲི་ཚིག་༨ ནས་༡༠ བཅོས་ཆོག

  1. ཕྲད་ཁ་སྐོང་།
  2. སྙན་ངག ལེགས་བཤད་ཀྱི་ཚིག་གི་རྐང་བ་ཁ་སྐོང་།
  3. མཚན་ཉིད་དང་རྩ་ཚིག་ཁ་སྐོང་།
  4. སྙན་ངག་གི་དཔེར་བརྗོད་ཁ་སྐོང་།

གསུམ། ལྟ་ཀློག་དང་དབྱེ་ཞིབ།(སྐར༢༠)

  1. རྩོམ་སྟངས་དབྱེ་ཞིབ།
  2. དཔེ་དང་དཔེ་ཅན་ངོས་འཛིན།
  3. ཚིགས་བཅད་སྙན་ངག་ལ་དབྱེ་ཞིབ་བྱེད་པ།
  4. ལེགས་བཤད་དང་སྙན་ངག་གི་བརྗོད་བྱའི་བསྟན་དོན་འབྲི་བ། རྩོམ་སྟངས་དབྱེ་ཞིབ་བྱེད་པ།
  5. མིང་དང་ཐ་སྙད་ལ་འགྲེལ་བཤད་བྱེད་པ།
  6. མངོན་བརྗོད་ངོས་འཛིན།
  7. གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་སྐོར་གྱི་འདྲི་ཚིག འདྲི་ཚིག་འདི་ནི་སློབ་མའི་ཕྱོགས་ཡོངས་ལ་བརྟག་བྱེད་ཀྱི་འདྲི་ཚིག་ཡིན་པས་ཆེས་གལ་ཆེ་བའི་འདྲི་ཚིག་ཀྱང་ཡིན་ནོ༎

བཞི། མིང་འགྲེལ།(སྐར༡༠)
   སློབ་དེབ་ཀྱི་ནང་དུ་འགྲེལ་བཤད་བྱས་ཡོད་པ་དང་ཞབས་མཆན་ཁྲོད་ཀྱི་མིང་དེ་དག་ཐད་ཀར་འགྲེལ་བཤད་བྱེད་དུ་བཅུག་ཆོག
ལྔ། ཚིག་སྒྲིག་པ།(སྐར༡༠)
དྲུག རྩོམ་ཡིག(སྐར༢༠)
གལ་ཆེའི་ཚིག་དུམ་ཁ་ཤས།

  1. རྒྱུགས་གཞི་བཅའ་བའི་ཁྲོད་དུ་ཆེས་དཀའ་བ་ནི་དྲིས་ལན་འདེམ་པ་དང་ལྟ་ཀློག་དབྱེ་ཞིབ་གཉིས་ཡིན། ནང་དོན་གྱི་ཁྱབ་རྒྱ་ཕྱོགས་ཡོངས་ལ་ཁེབས་པ་དང་སློབ་དེབ་ཀྱི་ཟུར་རེ་རེ་ལའང་ཐོན་དགོས་སྟབས། བསམ་གཞིགས་ཕྱོགས་གང་སར་ཁྱབ་པར་བྱས་ཏེ་འདྲི་ཚིག་འདོན་རྒྱུ་གལ།
  2. ང་ཚོས་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། ཇི་བཞིན་བརྗོད་པ་སོགས་སློབ་པའི་དམིགས་ཡུལ་ནི་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་བསམ་བློ་དེ་རྟོགས་པའི་ཆེད་དུ་མ་ཡིན་པར། ཡིན་རྒྱུ་ནི་རྩོམ་པ་པོས་དགའ་སྐྱོ་ཆགས་སྡང་དེ་ཇི་ལྟར་མཚོན་ཚུལ་གྱི་ཐབས་ལམ་དང་ཡི་གེ་དེ་སྦྱོང་བའི་ཆེད་དུ་ཡིན་པ་གསལ་བོར་ངེས་དགོས།
  3. སློབ་དེབ་ལ་རིགས་གཉིས་ཡོད་དེ། བརྗོད་བྱ་སློབ་པའི་རིགས་ཤིག་དང་རྗོད་བྱེད་སློབ་པའི་རིགས་གཉིས་ཡིན་ལ། སྔ་མ་ནི་རྩིས་དངོས་རྫས་གསུམ་གྱི་སློབ་དེབ་དང་ཕྱི་མ་ནི་སྐད་ཡིག་གི་སློབ་དེབ་ཡིན་ནོ༎
  4. མིང་ཚིག་ཡི་གེའི་དག་ཆ་དང་གོ་བ། གཞན་ལ་བརྡ་སྤྲོད་པའི་ནུས་པ་གཙོ་བོར་བཟུང་ན་སྐད་ཡིག་གི་རྒྱུགས་གཞིའི་འགན་ཁུར་འགྲུབ་སོང་བ་རེད།
  5. སྔོན་ཆད་ཀྱི་དྲིས་ལན་འདེམ་པ་དང་ད་ལྟའི་དྲིས་ལན་འདེམ་པའི་འདྲི་ཚིག་བཅའ་ཕྱོགས་མི་འདྲ་སྟེ། སྔོན་ཆད་ཀྱི་དེས་འོག་གི་གདམ་བྱ་བཞི་བོས་གོང་གི་དྲི་བ་གཅིག་ལ་ལན་འདེབས་ཀྱིན་ཡོད་པ་དང་། ད་ལྟའི་དེའི་འོག་གི་དྲིས་ལན་རེ་རེའང་འདྲི་ཚིག་རེ་རེ་ཡིན་པ་རེད།

དཀར་མཛེས་ཁུལ་ཁམས་བྱང་མི་རིགས་མཐོ་འབྲིང་གི་དགེ་མིང་ཙམ་འཛིན་པ་པད་མ་བཀྲ་ཤིས་ཀྱིས་༢༠༡༡ ལོའི་ཟླ་༦ པའི་ཚེས་༦ ཉིན་སྒྲ་ཕབ་ལས་བཤུས་ཏེ་སྦྱར་བའོ།།

 

སྔོན་མ།
༄༅།། སློབ་གསོ་ལས་སྤྱི་སྐད་ཀྱི་དགོས་མཁོ་རང་བཞིན་སྐོར་གླེང༌།
ཕྱི་མ།
༄༅། །ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ། །
Menu