ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༡ ལོའི་ཧི་མ་ཅལ་སྨན་པའི་ཟུར་བཅད་ཞབས་སྟེགས་བོད་ཕྲུག་གཉིས་ལ་ཐོབ་པ།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧི་མ་ཅལ་གཞུང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་བའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཉིས་ལ་སྨན་པའི་སློབ་སྦྱོང་ཆེད་ཟུར་བཅད་ཞབས་སྟེགས་གཉིས་གནང་མུས་བཞིན། ཕྱི་ལོ་ ༢༠༡༡ ལོར་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ས་ལྡི་ལི་དང་སྦེང་ལོར་ས་གནས་གཉིས་སུ་སྨན་པ་དང་བཟོ་སྐྲུན་རིག་གནས་གཉིས་ཀྱི་ཚུད་རྒྱུགས་ (DoE MBBS/Engineering Entrance Test 2011)  གོ་སྒྲིག་ཞུས་མཐར་སྨན་པའི་ཚུད་རྒྱུགས་ཀྱི་གྲུབ་འབྲས་ཨང་རིམ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་གྲངས་ ༢༠ ལ་དམིགས་བསལ་གྱི་དུས་ཐུང་སྦྱོང་བརྡར་ (Coaching) ཞིག་སིམ་ལར་གོ་སྒྲིག་ཞུས་ཡོད། འདི་ལོ་ནས་བཟུང་ཧི་མ་ཅལ་གཞུང་གི་སྨན་པའི་ཚུད་རྒྱུགས་ (HP CPMET Himachal Pradesh Combined Pre-Medical Entrance Test) ནང་གཞི་རྩའི་ཆ་རྐྱེན་ཚང་ལ་རང་ལོ་ ༡༧ ནས་ ༢༥ བར་ཡིན་པའི་སློབ་ཕྲུག་རྣམས་ཞུགས་རྒྱུའི་གོ་སྐབས་ཡོད་པ་དང་། ད་ལོ་ཕྱི་ལོ་ ༢༠༡༡ གོང་གི་སློབ་མཐར་སོན་པའི་སློབ་ཕྲུག་གྲངས་ ༦ ཚུད་རྒྱུགས་ནང་ཞུགས་ཐུབ་པ་བྱུང་ཡོད། འདི་ལོའི་ཧི་མ་ཅལ་གཞུང་གི་སྨན་པའི་སློབ་སྦྱོང་གི་ཞབས་སྟེགས་ཐོབ་གྲས་སུ་སློབ་ཕྲུག་ ༩ བྱུང་ཡོད་པ་ནས་བརྒྱ་ཆ་མཐོ་ཤོས་ལྡེ་ར་ལྡུན་སེ་ལ་ཁུའི་བོད་ཁྱིམ་གྱི་སློབ་མ་ཨོ་རྒྱན་རྒྱ་མཚོ་དང་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་རྣམ་སྒྲོན་གཉིས་འདེམས་སྒྲུག་བྱུང་ཡོད་པ་དང་སློབ་དུས་ཕྱི་ཟླ་ ༨ པ་ནས་འགོ་འཛུགས་གནང་གཏན་འཁེལ་འདུག ལས་གཞི་འདིའི་རོགས་སྐྱོར་གནང་མཁན་ཉི་ཧོང་བོད་རིགས་སློབ་ཕྲུག་རྒྱབ་སྐྱོར་ཚོགས་པར་ཤེས་རིག་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།

སྔོན་མ།
ཨིན་ཡུལ་ལོན་ཌོན་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་ཁང་དུ་བོད་ཕྲུག་གཉིས་འདེམས་ཐོན་བྱུང་བ།
ཕྱི་མ།
ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ།
Menu