ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།
སྐྱབས་གནས་དགེ་འདུན་གྱི་སྡེ། ཤེས་རིག་བཀའ་བློན་གྱིས་དབུས་པའི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ། དེ་བཞིན་སམ་བྷོ་ཌའི་སྤྱི་ཁྱབ་འགན་འཛིན་དང་། མ་སུ་རི་བོད་ཁྱིམ་དང་དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་རྣམ་པ། སློབ་སྤྱི་རྣམ་པ། ལས་བྱེད་རྣམ་པ། དེ་རིང་འདི་གར་ཆེད་དུ་གཉེར་ནས་ཕེབས་པའི་ཕ་མ་རྣམ་པ་བཅས་ལ་བཀའ་ཤག་གིས་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་ཞུ་རྒྱུ་ཡིན།
ཐེངས་འདིའི་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་དགོས་དོན་སྐོར་ཤེས་རིག་བཀའ་བློན་མཆོག་གིས་ཞིབ་ཕྲ་གསུངས་པར་བརྟེན། རྣམ་པ་ཚོ་ཚང་མས་ཡིད་ལ་འཇགས་པའི་ཐོག་ནས་ས་གནས་ས་ཐོག་ཏུ་ཕེབས་ནས་ལག་བསྟར་བྱེད་རྒྱུར་ཐུགས་ཕན་གསོ་གི་རེད་བསམས་བྱུང་། ངས་དོན་ཚན་བཞི་ཙམ་གྱི་ཐོག་ལ་ཞུ་རྒྱུ་ཡིན། དོན་ཚན་དང་པོ་ནི། སྐབས་ ༡༤ བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་དགོས་དོན་དང་། གཉིས་པ་ནི། ཤེས་ཡོན་གལ་ཆེན་པོ་ཡིན་དགོས་དོན། གསུམ་པ་ནི། ཕ་མའི་ལས་འགན་གང་ཡིན་པ། བཞི་པ་ནི། ང་ཚོ་ཚང་མ་མཉམ་འབྲེལ་ཐོག་གནང་དགོས་པ་གང་ཡོད་པ་བཅས་ཀྱི་ཐོག་ཞུ་ན་དྲན་བྱུང་།
དང་པོ་ནི། སྐབས་ ༡༤ བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཡིན་ཞེས་ཞུ་དགོས་དོན་ནི། ང་རང་ལྟ་བུ་ཞིག་ལ་ཆ་བཞག་ན། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ངོས་རང་དྷ་སར་དངོས་སུ་བཅར་བའི་སྐབས་དེར་༸གོང་ས་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག ཐོག་མར་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་བཅུ། བཅོ་ལྔ་རིང་འཐོམ་མ་སངས་པར་ལྷག་པ་ཡིན་སྲིད་ཀྱི་རེད། འོན་ཀྱང་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་འདུག ང་ཚོས་བྱེད་ཐུབ་པ་དེ་ཤེས་ཡོན་རེད། ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཕྱིན་འདུག ཅེས་ཐུགས་ཕམ་ཐོག་ནས་བཀའ་སློབ་སྩལ་སྐབས་ངོས་རང་སེམས་ནང་ན་ཟུག་གི་ཚོར་སྣང་ལྗིད་པོ་ཞིག་དང་། སྐྱོ་སྣང་དང་ལྷན་དངངས་འཚབ་ཀྱང་བྱུང་། སྐབས་དེར་ང་རང་ཨ་རི་ཧར་ཝ་ཌི་མཐོ་སློབ་ནང་ཉམས་ཞིབ་པ་ཡིན། ཕྱིར་ཨ་རིར་འབྱོར་རྗེས་ད་ག་རེ་བྱེད་དགོས་ཀྱི་འདུག་བསམ་པའི་ཐོག་ནས་ཤེས་རིག་ལས་ཁུངས་དང་འབྲེལ་བ་ཞུས་ནས་སློབ་གྲྭ་ཁག་གི་ཞལ་ལག་ཕྲན་བུ་ཡར་རྒྱས་གཏོང་ཐུབ་པ་ཡིན་ན་ཕན་གྱི་རེད་བསམ་སྟེ་ལོ་རེར་ཨ་སྒོར་ཁྲི་གཉིས་ནས་ལྔ་བར་དང་། སྐབས་རེ་འབུམ་གཅིག་བཅས་བཏང་ནས་སློབ་གྲྭ་ཁག་གི་ཞལ་ལག་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ཞིག་སྤེལ་བ་ཡིན།
ད་ལྟའི་བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཡིན་ཞེས་གསལ་བསྒྲགས་བྱས་པ་ནང་བཞིན། འབད་བརྩོན་ཡང་བྱས་དང་བྱེད་མུས་ཡིན། ཕྲུ་གུར་ཕ་མས་བརྩེ་བ་དང་དོ་སྣང་། འབྲེལ་བ་མེད་པ་ཡིན་ན། རང་བཞིན་གྱི་ཕྲུ་གུའི་སེམས་ཤུགས་ཆགས་པ་དང་། སེམས་པ་སྐྱོ་བ་སོགས་ཡོང་སྲིད་ཀྱི་རེད། ང་ཚོའི་ཕྲུ་གུ་རྣམས་འཚོ་བ་གཅིག་པུའི་དོན་དུ་སློབ་གྲྭར་གཏོང་གི་མེད། མ་འོངས་བོད་ཀྱི་རྩ་དོན་རྩོད་མཁན་དང་མ་འོངས་པའི་སོན་རྩ་དེ་སློབ་ཕྲུག་རྣམས་ཡིན་སྟབས་ཆུང་དུས་སྐབས་ནས་བཟོ་ལྟ་ཡག་པོ་བཟོ་མ་ཐུབ་ན། མ་འོངས་འགོ་ཁྲིད་སྤུས་དག་གཅིག་ཡོང་ཐུབ་ཐབས་མེད། འགོ་ཁྲིད་སྤུས་དག་གཅིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ང་ཚོའི་རྩ་དོན་རྒྱ་ནག་གཞུང་མཉམ་རྩོད་དགོས་ཀྱི་ཡོད། བདེན་པ་ང་ཚོར་ཡོད་རེད་དེ་ཐུག་ས་དེ་རྒྱ་ནག་གཞུང་རེད། རྒྱ་ནག་དང་བོད་མི་རིགས་ཀྱི་གྲངས་འབོར་གྱི་བརྒྱ་ཆ་གཉིས་བསྡུར་ན། བོད་མི་ས་ཡ་དྲུག་རེད། རྒྱ་ནག་ཐེར་འབུམ་གཅིག་དང་ས་ཡ་སུམ་བརྒྱ་རེད། རྒྱ་ཧན་མི་རིགས་གཅིག་པུར་ཐེར་འབུམ་གཅིག་དང་ས་ཡ་ཉིས་བརྒྱ་ཡོད། གང་ལྟར་ས་ཡ་ཆིག་སྟོང་ཉིས་བརྒྱ་རེད། བརྒྱ་ཆ་བགོས་པ་ཡིན་ན་ང་ཚོའི་མི་འབོར་བརྒྱ་ཆ་ཕྱེད་ཀ་རེད། རྒྱ་རིགས་བརྒྱ་དགུ་བཅུ་གོ་དགུ་དང་ཕྱེད་ཀ་རེད། གྲངས་ཀར་བགོས་པ་ཡིན་ན། བོད་མི་རེེ་རེས་རྒྱ་མི་གྲངས་བརྒྱ་དང་དགུ་བཅུ་གོ་དགུ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པར་བརྟེན། བོད་མི་ས་ཡ་དྲུག་གི་ནུས་པ་ཆ་ཚང་སྤུངས་དགོས་ཀྱི་ཡོད་པ་ཡིན་ན། མི་འབོར་དང་དཔལ་འབྱོར། དྲག་ཤུགས་སོགས་གང་ཅིའི་ཐད་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐུབ་ཐབས་ཁག་པོ་རེད། འོན་ཀྱང་ང་ཚོར་ནུས་སྟོབས་ཡོད་པ་ཐམས་ཅད་ཤེས་ཡོན་ཐོག་སྤུངས་པ་ཡིན་ན་ཏན་ཏན་གདོང་ལེན་དང་བདེན་པ་རྩོད་ཐུབ་ཀྱི་རེད། ཤེས་ཡོན་ལ་འབད་བརྩོན་བྱས་པ་བརྒྱུད་ནས་ནུས་པ་ཆ་ཚང་འདོན་ཐབས་བྱེད་དགོས། ཤེས་ཡོན་ཐོག་འབད་བརྩོན་བྱས་པ་ཡིན་ན་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ཧ་ཅང་གསལ་པོ་རེད། ང་ཚོ་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་དང་མི་དམངས་ཤིག་ཡིན་པར་བརྟེན། མ་འོངས་སོན་རྩ་དེ་མཆོག་ཏུ་གྱུར་པ་ཞིག་དང་། ༸གོང་ས་མཆོག་གིས་བཀའ་དགོངས་ལྟར་འདབ་ཤོག་གཉིས་ལྡན། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད།
དེའི་ནང་ནས་༸གོང་ས་མཆོག་གིས་ང་ཚོ་བོད་པའི་ཕྲུ་གུ་རྣམས་ལྡུམ་རྭའི་ནང་གི་མེ་ཏོག་ལྟར་མིན་པར་རི་སྐྱེས་མེ་ཏོག་བཞིན་དགོས་ཞེས་བཀའ་སློབ་སྩལ་ཡོད། ལྡུམ་རྭའི་ནང་གི་མེ་ཏོག་དེ་སྙིང་རྗེ་མོ་ཡོད་ཀྱང་། ལུད་དང་ས། ཆུ་སོགས་བླུགས་ཏེ་བདག་གཅེས་བྱས་ན་གཞི་ནས་སྙིང་རྗེ་པོ་ཆགས་ཀྱི་ཡོད། རི་སྐྱེས་མེ་ཏོག་ནི་ལྷགས་པ་དང་གངས་ཆར་སོགས་ཅི་ཞིག་བྱུང་བ་ཡིན་ནའང་འགྱུར་མེད་རང་བཞིན་གྱིས་གནས་ཐུབ་ཀྱི་ཡོད་སྟབས། རི་སྐྱེས་མེ་ཏོག་ལྟ་བུ་ཞིག་དགོས་ཀྱི་ཡོད་ཅེས་བཀའ་སྩལ་བ་རེད། ང་ཚོ་བོད་པའི་མ་འོངས་སོན་རྩ་རྣམས་ག་འདྲ་ཞིག་བཟོ་དགོས་པ་རེད་བརྗོད་ན་རི་སྐྱེས་མེ་ཏོག་ལྟ་བུ་ཞིག་བཟོ་ཐུབ་དགོས། དེ་འདྲ་ཞིག་ཡོང་བར་འདབ་ཤོག་གཉིས་ལྡན་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤེས་ཚད་ལྡན་པའི་ཐོག་ཡ་རབས་བཟང་སྤྱོད་དེ་གལ་ཆེན་པོ་ཡིན་པ་ཚང་མས་མཁྱེན་གྱི་ཡོད་སྟབས། ང་ཚོ་ཚང་མར་འགན་ཡོད། ཤེས་རིག་བཀའ་བློན་མཆོག་གིས་ཅོག་ཙེ་དང་རྟ་ལ་རྐང་པ་བཞི་དགོས་རེད་གསུངས་སོང་། ངས་དེའི་ཐོག་གཅིག་བསྣན་ན་དྲན་བྱུང་། ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུབ་མོ་ལྔ་ནང་བཞིན་ལྔ་ཀར་འགན་ཡོད། དང་པོ་དེ། བོད་མིའི་སྒྲིག་འཛུགས་ཀྱིས་འགན་དེ་མཐུན་རྐྱེན་བསྐྲུན་རྒྱུ་རེད། དཔལ་འབྱོར་ཐོག་མཐུན་འགྱུར་ཇི་དགོས་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་བཞིན་ཡོད། ཨ་རི་ནས་ཨ་སྒོར་ས་ཡ་གཉིས་རག་པ་དང་ཤེས་ཡོན་ཐོག་བཏང་ནས་རྫོགས་གྲབས་བྱེད་ཀྱི་ཡོད་པར་བརྟེན། ཁེ་ན་ཌའི་ཌོ་ལར་ས་ཡ་གཉིས་ཐབས་ཤེས་བྱས་ཏེ་ཕྱི་ལོ་ ༢༠༡༧ ལོ་བར་མཐུན་རྐྱེན་དང་དཔལ་འབྱོར་གྱི་ཐོག་ཤེས་རིག་ལས་ཁུངས་ངོས་ནས་ག་རེ་གནང་དགོས་ཀྱང་གནང་ཐུབ་ཀྱི་ཡོད་སྟབས། ད་ལྟ་འཛིན་སྐྱོང་གི་འགན་དེ་འགྲུབ་ཀྱི་ཡོད། གཉིས་པ་དེ། སློབ་སྤྱི་དང་ལས་བྱེད་ཀྱི་འགན་རེད། སློབ་གྲྭའི་སྒྲིག་འཛུགས་དང་། མཐུན་རྐྱེན་ཁག་ཉིན་རེ་ཉིན་རེར་ལག་བསྟར་བྱེད་རྒྱུ་སློབ་སྤྱི་དང་ལས་བྱེད་ཀྱི་ལས་འགན་རེད། གསུམ་པ་དེ། དགེ་རྒན་རྣམ་པ་རེད། དགེ་རྒན་ཚོར་འགན་དམིགས་བསལ་ཡོད། དགེ་རྒན་ཡག་སྡུག་གང་འདྲ་ཡོད་མེད་སློབ་ཕྲུག་གི་མི་ཚེ་ནང་ནམ་ཡང་བརྗེད་ཀྱི་མ་རེད། དགེ་རྒན་གྱིས་འཛིན་ཁང་སྒོ་བརྒྱབ་ནས་སློབ་ཁྲིད་མ་བྱས་པ་དང་སྟངས་འཛིན་ལེགས་པོ་མ་བྱས་པ་ཡིན་ན། ཕྲུ་གུའི་མི་ཚེ་འཕྲོ་བརླག་འགྲོ་གི་ཡོད་སྟབས། དགེ་རྒན་ཚོར་དམིགས་བསལ་འགན་ཡོད། བཞི་པ་དེ་སློབ་ཕྲུག་རེད། སློབ་ཕྲུག་ཚོ་བརྩོན་འགྲུས་བྱས་ནས་ཡིག་གེ་ཡག་པོ་ངེས་པར་དུ་སྦྱང་དགོས། ཉིན་མ་རེར་ཉུང་མཐར་ཆུ་ཚོད་བཅུ་རིང་སློབ་སྦྱོང་བྱེད་དགོས་པ་མ་ཟད་དགེ་ལས་དང་ཕ་མ་ཚོས་སློབ་གསོ་དང་སྐུལ་ལྕག་བཏང་ནས་སྦྱོང་དུ་བཅུག་དགོས། ལྔ་པ་དེ་ཕ་མ་རེད། ཕ་མས་ཕྲུ་གུ་དང་མཉམ་དུས་ཚོད་མང་ཙམ་བསྐྱལ་དགོས། ཕ་མས་སློབ་ཕྲུག་ཆེད་དུ་དུས་ཚོད་བཏོན་དགོས། ཕྲུ་གུ་ལ་དགོས་པ་ནི་ཕ་མ་ཡིན་པ་ལས་རྔན་པ་མིན། ཕ་མར་དུས་ཚོད་མེད་ཞེས་པ་ནི་གཡོ་ཐབས་རང་ཡིན་པ་ལས་གཞན་རྒྱུ་མཚན་གང་ཡང་མེད། མཛུབ་མོ་ལྔ་པོ་གཅིག་ཏུ་བསྒྲིལ་པ་ཡིན་ན་ནུས་པ་ཆ་ཚང་སྟོན་ཐུབ་ཀྱི་རེད། དེ་བཞིན་ཨིན་ཇིའི་ནང་བཤད་སྲོལ་ཞིག་ལ་ (A child educated only at school is an uneducated child) ཕྲུ་གུ་ཞིག་གིས་འཛིན་གྲྭར་ཕྱིན་ནས་སློབ་སྦྱོང་གཅིག་པུ་སྦྱང་པ་ཡིན་ན། ཤེས་ཡོན་མེད་པའི་ཕྲུ་གུ་རེད་ཅེས་ཟེར་སྲོལ་ཡོད། གང་ཡིན་ཟེར་ན། ཕྲུ་གུ་ཚོས་དགེ་རྒན་གྱིས་བསླབ་པ་དེ་ཚོ་ལས་ཕ་མའི་སྒོ་གསུམ་གྱི་སྤྱོད་པ་འཁྱེར་སྟངས་ཐོག་ནས་སློབ་སྦྱོང་མང་བ་སྦྱོང་གི་ཡོད་སྟབས། ཕ་མའི་བྱེད་སྟངས་དང་ཡ་རབས་བཟང་སྤྱོད་ཀྱི་ཀུན་སྤྱོད་ཡག་པོ་མེད་པ་ཡིན་ན། ཕ་མས་ཕྲུ་གུ་སློབ་གྲྭར་ཕྱིན་ནས་དགེ་རྒན་གྱི་ཞལ་ལ་ཉན་པོ་དང་སློབ་ཕྲུག་ཕན་ཚུན་མཐུན་ལམ་ཡག་པོ་བྱ་དགོས་ཟེར་ནས་བསླབ་བྱ་ག་ཚོད་བརྒྱབ་ཀྱང་། ཕྲུ་གུ་དེ་རང་བཞིན་གྱིས་མ་རབས་ཆགས་རྒྱུ་ཡིན་སྟབས། མཛུབ་མོ་ལྔ་པོ་དེ་ཡ་མ་བྲལ་བར་ཆ་ཚང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
མཐའ་དོན། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་འདུག་ཅེས་དང་། ཤེས་ཡོན་དེ་ང་ཚོས་བྱེད་ཐུབ་པ་ཞིག་རེད། དེ་འཐུས་ཤོར་ཕྱིན་པ་བློ་ཕམ་ཡོད་ཅེས་བཀའ་ཕེབས་པ་དང་། ད་ལོའི་ཕྱི་ཟླ་ ༦ པའི་ནང་ཆོས་ངོ་སྤྲོད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དོན། ཉེ་བའི་ཆར་ཤེས་ཡོན་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་ཞིག་འདུག ཤེས་རིག་ལས་ཁུངས་ཀྱི་ལས་ཀ་ཡག་པོ་བྱེད་ཀྱི་འདུག ལས་བྱེད་ཚོ་ཧུར་ཐག་འབད་ཐག་བྱེད་ཤོག་ཨང་ཞེས་བཀའ་ཕེབས་སོང་། སྐབས་དེར་མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དེ་ལས་ལྷག་པའི་གསོལ་རས་རྩ་ཆེ་ཤོས་ཤིག་མཐོང་གི་མི་འདུག གཙོ་ཆེ་ཤོས་ང་ཚོ་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སྩལ་བ་དེ་བསྒྲུབ་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་པར་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཆེ་ཤོས་ཤིག་ཡིན། ད་ལམ་ཐུགས་དགྱེས་པའི་རྣམ་པ་ཞིག་གི་ཐོག་ནས་དེ་འདྲ་ཞིག་བཀའ་ཕེབས་སྐབས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་། བཀའ་བློན་རྣམ་པ། དེ་བཞིན་ང་ཚོ་ཚང་མ་སེམས་གཏིང་ནས་ཧ་ཅང་དགའ་པོ་བྱུང་། ད་དུང་ང་ཚོས་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་ཐུབ་པ་བྱ་རྒྱུར་འབད་བརྩོན་མུ་མཐུད་གནང་དགོས། ལྷག་པར་ཕ་མ་ཚོའི་ངོས་ནས་འགན་འཁུར་གནང་དགོས་པ་གང་ཡིན་པ་སོགས་དོ་སྣང་བྱས་པ་ཡིན་ན། ད་ཐེངས་ཀྱི་ཚོགས་འདུ་གཅིག་པུ་ཚོགས་པ་ཙམ་མ་ཡིན་པར་མ་འོངས་པ་ལའང་ཚོགས་ཐུབ་ཀྱི་རེད་ལ། ས་གནས་ས་ཐོག་ཏུའང་ཚོགས་ཐུབ་ཀྱི་རེད། ཕ་མ་རྣམ་པས་ཡར་རྒྱས་སྤུས་ཚད་ལྡན་པ་ཞིག་གནང་བ་ཡིན་ན། རང་གི་བུ་ཕྲུག་འདབ་གཤོག་གཉིས་ལྡན་དེས་ཕ་མ་ལོ་རྒས་པའི་སྐབས་རང་ཉིད་ལ་ཞབས་ཕྱི་ཞུ་རྒྱུའི་ཐུགས་ཕན་གསོས་ཀྱི་རེད། སྤྱི་པའི་རྩ་དོན་ལའང་ཐུགས་ཕན་གསོས་པའི་སྲི་ཞུ་ཞུ་ངེས་རེད། སྤྱི་ཚོགས་ལའང་ཕན་ངེས་རེད། གཙོ་ཆེ་ཤོས་གཞི་ལུས་བོད་མིའི་མངོན་འདོད་བསྒྲུབ་པར་ཕན་ཐོགས་ཀྱི་རེད། མདོར་ན་ཚང་མར་ཕན་ཐོགས་ཡོད་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ང་ཚོས་གང་ཐུབ་གནང་རྒྱུ་དང་། བོད་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་མངོན་འདོད་བསྒྲུབ་རྒྱུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་གནས་པ་ཤོག་ཅེས་སྨོན་འདུན་དང་སྦྲགས་བསྐྱར་དུ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།།

སྔོན་མ།
བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་ཚོགས་པ།
ཕྱི་མ།
བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།
Menu