ཟླ་རེའི་གསར་འགྱུར།

བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཅུ་དགུ་པ་ལེགས་གྲུབ་ཟིན་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༣ ནས་ཕྱི་ཚེས་ ༢༧ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པའི་གོ་སྒྲིག་འོག དྷ་ས་གངས་སྐྱིད་ཤེས་རིག་ལྷན་ཚོགས་ཁང་དུ་ཆེས་མཐོའི་གཏན་འབེབས་ལྷན་ཚོགས་ཐེངས་བཅུ་དགུ་པ་བསྐྱངས་ཏེ། འཛིན་སྐྱོང་གི་ཐ་སྙད་ཁོངས་ཤེས་ཡོན་དང་། ཁྲིམས་ལུགས། ཆབ་སྲིད། འཕྲུལ་ཆས། ཁོར་ཡུག་སོགས་ཀྱི་ཐ་སྙད་ཁྱོན་བསྡོམས་གྲངས་ ༦༠༠ ལྷག་ཙམ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད།
སྤྱིར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་སླད་རྒྱུན་སྤྱོད་དང་དེང་རབས་ཀྱི་རིག་ཚན་སྣ་ཚོགས་པའི་ཐ་སྙད་རྣམས་གཅིག་གྱུར་གཏན་འབེབས་དགོས་གལ་གཟིགས་ཏེ། བཀའ་ཤག་སྐབས་བཅུ་གསུམ་པའི་གཙོ་སྐྱོང་ལམ་སྟོན་འོག ཕྱི་ལོ་ ༢༠༠༦ ལོར་ཤེས་རིག་བརྡ་ཆད་ཚན་པ་འདི་བཞིན་དངོས་སུ་འགོ་འཛུགས་གནང་བ་ནས་བཟུང་ད་བར་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་བཅུ་པ་བར་འདོན་སྤེལ་ཐུབ་པ་བྱུང་ཡོད།
བརྡ་ཆད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་རྫོགས་དང་། སྤྱི་སྒེར་སློབ་གྲྭ་ཁག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། དགོན་སྡེ་ཆོས་སྒར་དང་དཔེ་མཛོད་ཁང་། བརྒྱུད་ལམ་ཁག་སོགས་སུ་རྒྱ་གང་ཆེར་འགྲེམས་གཏོང་དང་དེབ་གཟུགས་པར་འགྲེམས་ཟིན་རིམ་བཞིན་དྲྭ་ཚིགས་ཐོག་འཇོག་མུས་ཡིན་པ་བཅས།

སྔོན་མ།
གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་འཁྲིད་བྱ་ཐབས་ཀྱི་ཟབ་སྦྱོང་།
ཕྱི་མ།
ཨང་རྩིས་སྦྱོང་དེབ་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།