ཟླ་རེའི་གསར་འགྱུར།

བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་དགེ་འོས་པ་རྣམས་ལ་ཉིན་ལྔའི་རིང་འཚེ་མེད་ཞི་བའི་ཡོངས་ཁྱབ་སྦྱོང་བརྡར་དབུ་འཛུགས་གནང་།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༨ ནས་ ༢༢ བར་འདི་ག་ཤེས་རིག་ལས་ཁུངས་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་འོག  དྷ་སའི་ཉེ་འགྲམ་དུ་ཆགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་དགེ་རྒན་འོས་སྦྱོང་པ་རྣམས་ལ་ཉིན་ལྔའི་རིང་འཚེ་མེད་ཞི་བའི་ཡོངས་ཁྱབ་སྦྱོང་བརྡར་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ལགས། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གསར་འཛུགས་གནང་མཁན་དང་ཟབ་ཁྲིད་པ་གཅིག་ལྕོགས་སྐུ་ཞབས་རབ་བྷི་གེན་ཊེ་ལར་ Mr Rabbi E Gendler ལགས་དང་།  ཁོང་གི་སྐུ་ཟླ་འབུམ་རམས་པ་མེ་རི་གེན་ཊི་ལར་ Dr.Mary  Gendler ལགས་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས། ཟབ་སྦྱོང་བ་བཅས་ཚང་འཛོམས་ཐོག འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་གྲུབ་རྗེས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་ཁྲིད་པ་རྣམ་གཉིས་ལ་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་ནས་བོད་མི་རྣམས་ལ་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་སྦྱོང་བརྡར་གྱི་ལས་གཞི་བརྒྱུད་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་སྦྱོང་བརྡར་སྤྲད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ཟབ་སྦྱོང་འདི་བརྒྱུད་ཟབ་སྦྱོང་བ་རྣམས་འབྱུང་འགྱུར་སློབ་གྲྭ་ཁག་གི་ནང་དགེ་རྒན་གྱི་ལས་ལ་དངོས་སུ་ཞུགས་སྐབས་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་རྒྱུས་མངའ་ཆེན་པོ་ཆགས་རྒྱུ་དང་། ཟབ་སྦྱོང་བ་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་འཚེ་མེད་ཞི་བའི་ཐོག་ལྟ་གྲུབ་ལག་བསྟར་བྱས་ན་ཕན་ཐོགས་ཡོང་ངེས་ཡིན་སྐོར་སོགས་གསུངས་འདུག
སྐབས་དེར་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་ཟབ་ཁྲིད་པ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གསུང་དོན། ང་རང་ཚོ་ཚང་མ་ཕ་རྒྱུད་བུ་རྒྱུད་ནས་ནང་པ་སངས་རྒྱས་པའི་ཆོས་ལ་ཡིད་ཆེས་བྱེད་མཁན་གྱི་མི་རིགས་ཤིག་ཆགས་ཡོད། ནང་པའི་ཆོས་ཀྱི་ལྟ་གྲུབ་གཙོ་བོ་ནི་ལྟ་བ་རྟེན་བྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་༸གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་གནང་བཞིན་པ་ལྟར། ང་ཚོ་ཚང་མ་ཤེས་ཡོན་དང་འབྲེལ་བ་ཡོད་པའི་མི་ཤ་སྟག་ཆགས་ཡོད། ཤེས་ཡོན་དེ་ཚིག་གཉིས་ལ་དབྱེ་བ་ཕྱེ་ན་ཤེས་བྱ་དང་ཡོན་ཏན་རེད། ཤེས་བྱ་འདི་ཕྱིའི་ཤེས་བྱ་སྟེ་ནམ་རྒྱུན་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱེད་རྒྱུའི་སློབ་ཚན་ཁག་དེ་དག་ཡིན། ནང་གི་ཡོན་ཏན་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་འཚེ་བ་མེད་པ་དང་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་དགོས། ༸གོང་ས་མཆོག་གིས་དུས་རྟག་ཏུ་ཡ་རབས་བཟང་སྤྱོད་བྱེད་དགོས་པའི་བཀའ་སློབ་རབ་དང་རིམ་པ་ཕེབས་བཞིན་ཡོད་པར་བརྟེན། ང་ཚོ་ཚང་མས་དེའི་ཐོག་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་ནི་སྤྱི་ཚོགས་ནང་གལ་ཆེན་པོ་ཆགས་ཡོད། མ་འོངས་པར་སྤྱི་ཚོགས་ཀྱི་གནས་བབས་གང་འདྲ་ཆགས་མིན་ཤེས་ཡོན་ལ་རག་ལས་ཡོད། ཤེས་ཡོན་གང་འདྲ་ཡོང་མིན་དགེ་རྒན་གྱི་ཤེས་བྱ་དང་ཡོན་ཏན། ཀུན་སྤྱོད་ལ་རག་ལས་ཡོད། དེར་བརྟེན་རྣམ་པ་ཚོར་ཐུགས་འགན་ཧ་ཅང་ཆེན་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
གཞན་ཡང་སྐབས་དེར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གསར་འཛུགས་གནང་མཁན་དང་ཟབ་ཁྲིད་པ་གཅིག་ལྕོགས་སྐུ་ཞབས་གེན་ཊེ་ལར་མཆོག་གིས་འཚེ་མེད་ཞི་བའི་ཉམས་ལེན་དེ་བོད་མིའི་འཐབ་རྩོད་དང་འབྲེལ་བ་ཡོད་སྐོར་གསུངས་པ་དང་། བོད་མི་བཙན་བྱོལ་བ་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཞི་བདེའི་དབུ་ཁྲིད་ཅིག་ཡོད་པར་བརྟེན་འཚེ་མེད་ཞི་བའི་ཐབས་ལམ་ཉམས་ལེན་གནང་རྒྱུ་ཤིན་ཏུ་འོས་ཤིང་མཚམས་པ་ཞིག་ཡིན་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་དབུ་ཁྲིད་མཛད་པའི་ཉེར་ལེན་ལ་བརྟེན་ནས་བོད་མིའི་སེམས་ཁམས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱ་རྒྱུར་དེ་ཙམ་དཀའ་ངལ་མེད་པར་གྲ་སྒྲིག་ཡོད་པ་ལྟ་བུའི་གནས་སྟངས་ཤིག་ཡོད། ཅེས་སོགས་གསུངས།
ཐེངས་འདིའི་ཟབ་སྦྱོང་ཐོག་ཟབ་ཁྲིད་གནང་རྒྱུའི་བརྗོད་གཞི་གཙོ་བོ་རྣམས་ནི། ཧུར་བརྩོན་ཐོག་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་གནང་རྒྱུ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་དང་ལྟ་གྲུབ་དེ་དོན་དངོས་ལག་བསྟར་བྱེད་ཐུབ་པའི་ལྟ་གྲུབ་ཅིག་ཡིན་མིན། འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱེད་དགོས་དོན་དང་། ལྷག་པར་བོད་མི་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན། ནང་པའི་གཞུང་ནས་གསུང་པའི་འཚེ་མེད་ཞི་བའི་ལྟ་གྲུབ། བཅས་ཡིན་འདུག
ཕྱི་ཚེས་ ༢༣ ནས་ ༣༡ བར་ཤེས་རབ་དགའ་ཚལ་སློབ་གླིང་དུ་དགེ་རྒན་འོས་སྦྱོང་བ་རྣམས་ལ་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་གཞན་ཞིག་སྤྲོད་རྒྱུ་དང་། ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ནི་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང་བསླབ་པ་མཐར་སོན་བྱུང་བ་ཐོག་མ་དེ་ཆགས་ཡོད། དགེ་འོས་པ་ཁྱོན་གྲངས་ ༤༧ ནས་ ༡༨ ཀྱིས་ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང༌། (B. Sc. B. Ed.)ཐོན་ཡོད་པ་དང་། ༢༩ ཡིས་ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང༌། (B.A. B.Ed)ཐོན་ཡོད།
སྦྱོང་བརྡར་གྱི་ལས་གཞི་འདི་བཞིན་CICED བརྒྱུད་ Danish International Development Agency ཞེས་པའི་རོགས་ཚོགས་ཀྱི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས།།

སྔོན་མ།
གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།
ཕྱི་མ།
ཕྱི་ལོ་ ༢༠༡༦ ལོ་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་བུ་མོས་མཐོ་བ་བླངས་འདུག
Menu