བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
བལ་ཡུལ་གྱི་རྒྱལ་ས་ཀཱཐ་མཱན་ཌུའི་ཡུལ་མི་མང་ཆེ་བས༌གཡས་གཡོན་གང་སར་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་ཅིང་། རྒྱུན་དུ་སྡོད་ཁང་གི་གཡས་གཡོན་དུ་ཡོད་པའི་རྒྱུག་ཆུ་དང་། སྲང་ལམ། ལམ་ཆེན་ལ་སོགས་གང་སར་གཅིན་པ་གཏོང་བ་དང༌། ཁ་ལུད་གཡུག་པ་དང་། གད་སྙིགས་སྤུངས་པ་སོགས་ཛར་རེ་ཛོར་རེ་བྱས་ནས་སྡོད་ཀྱི་ཡོད་སྟབས། གཞུང་གིས་ཛོར་པོ་བཟོ་མི་ཆོག་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་བཀག་ཐུབ་ཀྱི་མེད། མི་ཞིག་གིས་ནང་མི་གཙང་སྦྲ་འཕྲོད་བསྟེན་ཡོད་མཁན་གྱི་ཁང་པ་ཞིག་གི་རྩར་རྒྱུན་དུ་བཙོག་པ་གཏོང་བར་ཡོང་གི་ཡོད་པ་དེ་ཉིན་གཅིག་ཁང་བདག་དེས་མཐོང་སྟེ། རྗེས་སུ་ང་ཚོའི་ཁང་པའི་རྩར་བཙོག་པ་གཏོང་བར་མ་ཡོང་རོགས་ཞེས་ལབ་ཀྱང་། མི་དེས་མ་ཉན་པར་ཐེངས་མང་པོ་ཁང་པ་དེའི་རྩ་ལ་བཙོག་པ་བཏང་སྟབས། བདག་པོ་དེ་ཤིན་ཏུ་ཁོང་ཁྲོ་ཟ་སྟེ། ཉིན་གཅིག་སེམས་གནག་ཅིག་བྱེད་དགོས་བསམས་ནས་མི་དེ་སྒུག་བསྡད། མི་དེ་སྔོན་མ་ལྟར་དེར་སླེབས་ནས་བཙོག་པ་གཏོང་བཞིན་པའི་སྐབས། བདག་པོ་དེས་ཁང་པའི་ཐོག་ཁ་ནས་མི་དེའི་མགོ་བོའི་ཐོག་ལ་གཅིན་པ་བཏང༌། བཙོག་པ་གཏོང་མཁན་གྱི་མི་དེ་སྐད་ངན་ཤོར་ཏེ། ངའི་མགོ་ལ་གཅིན་པ་བཏང་ནས་ག་རེ་བྱེད་ཀྱི་ཡོད། ཅེས་ལབ་པར་ཁང་བདག་དེས་ཧ་མ་གོ་མདོག་མདོག་བྱས་ཏེ། ངའི་གཅིན་པ་གཏོང་སའི་ས་ཆ་ལ་ཁྱེད་རང་སླེབས་ཡོད་པ་མཐོང་མ་བྱུང་ལབ་པར། བཙོག་པ་གཏོང་མཁན་དེས་ཧམ་པ་ཚ་པོས། འདིར་གཅིན་པ་གཏོང་ཆོག་གི་རེད་དམ་ལབ་པར། ཁང་བདག་དེས། བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག ལབ་པར་མི་དེ་ག་ལབ་འདི་ལབ་མེད་པར་ཁ་གདངས་ནས་སྡོད་དགོས་བྱུང་བ་རེད།
ངས་མིག་ཆུ་བཏང་མེད།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
བྱམས་པ་སློབ་གྲྭ་གྲོལ་ནས་ནང་དུ་ལོག་ཡོང་བའི་ལམ་བར་དུ། རྐང་པ་རྡོ་ལ་བརྡབས་ནས་རྨ་ཆེན་པོ་ཞིག་བཟོས། ནང་དུ་སླེབས་པ་དང་ཨ་མ་ལགས་ཀྱིས་རྨ་རས་དཀྲི་བཞིན། འོ་ཛི་རྨ་ཆེན་པོ་འདི་འདྲ་བཟོས་འདུག་ག ད་གིན་ཁྱེད་རང་ལམ་བར་དུ་ངུས་ཡོད་པ་ཐག་ཆོད། ཅེས་པར་བྱམས་པས། ངས་མིག་ཆུ་བཏང་མེད། ཅེས་ཞུས། ཨ་མ་ལགས་ཀྱིས། བྱས་ན་ད་རེས་བུ་རང་བློ་ཁོག་ཆེན་པོ་བྱུང༌། ཞེས་གསུངས་པར་བུ་བྱམས་པས། དེའི་སྐབས་ངས་ངུས་ཀྱང་འཁྲིས་སུ་མི་གཅིག་ཀྱང་མི་འདུག་པས་སུས་གོ་གི་རེད་དམ། ཞེས་ཞུས་པ་རེད།
དེབ་གཅིག་རིན་མེད་སྤྲོད་པ།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
པར་སྐྲུན་ཁང་ཞིག་གིས་མི་མང་འདུ་འཛོམས་ཆེ་ས་ཞིག་ཏུ། མི་མང་རྣམས་ལ་གསལ་བསྒྲགས་ཞུ་རྒྱུར་བོད་ཡིག་ནང་གསར་དུ་བསྐྲུན་པའི་ཀམ་པུའུ་ཊར་སྐོར་གྱི་དེབ་འདི་ནས་གཅིག་ཉོས་ན་དེབ་གཅིག་རིན་མེད་སྤྲོད་ཀྱི་ཡོད། ཅེས་ཁྱབ་བསྒྲགས་བྱས་རྐྱེན་དེབ་ཉོ་མཁན་འཚང་ཁ་ཤིག་ཤིག་བྱུང་བ་རེད། དེའི་རྗེས་དེབ་ཉོ་མཁན་གཞོན་ནུ་ཞིག་གིས། གཅིག༌རིན་མེད་སྤྲོད་དགོས་དོན་གང་ཡིན་ནམ། ཞེས་དྲིས་པར་ཚོང་གཉེར་བ་ཚོས། དེབ་གཅིག་མ་དེབ་དང་གཅིག་ནོར་བཅོས་ཡིན་པས་རིན་མེད་དེབ་གཅིག་སྤྲོད་ཀྱི་ཡོད་པ་དེ་ནི་ནོར་བཅོས་དེ་ཡིན་ཞེས་བཤད་དོ། །
ཕྲུ་གུ་གསུམ་སྐྱེ་རྒྱུ་མང་ཉུང་ཏག་ཏག་རེད།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
ལེ་ཚན་དང་པོ།
སོག་པོའི་ལུང་པ་ཞིག་གི་ནང་དུ་བུ་ཞིག་དང་བུ་མོ་ཞིག་ཕན་ཚུན་མོས་མཐུན་ངང་ཆང་ས་བརྒྱབ་ནས་ལོ་གསུམ་སོང་བའི་རྗེས་སུ། བུ་མོ་གསུམ་སྐྱེས་རྗེས་ཕྲུ་གུའི་ཨ་མ་དེ་བློ་བདེ་ནས། གསུམ་སྐྱེས་པ་མང་ཉུང་ཏག་ཏག་རེད། ཅེས་ལབ་པར་ཕྲུ་གུའི་པ་ཕ་དེ་བློ་མ་བདེ་བར། འོ་ཛི་ང་ཚོར་ད་དུང་བུ་ཞིག་ངེས་པར་དུ་དགོས་ཀྱི་འདུག ཅེས་ལབ་པ་རེད། སྐབས་དེར་ཕྲུ་གུའི་ཨ་མ་གད་མོ་ཤོར་གྱིན་དུ། ཁྱེད་རང་ལ་བུ་དགོས་ཀྱི་ཡོད་ན་ཁྱེད་རང་གིས་བཟོ་རོགས་བྱེད། ཅེས་བཤད་པར་ཕྲུ་གུའི་པ་ཕ་དེས། འོ་ཛི་ང་གཅིག་པུས་གང་འདྲ་བྱས་ནས་བཟོ་དགོས་སམ། ཞེས་སྐད་ཤོར་བར་ཕྲུ་གུའི་ཨ་མ་དེས། ད་བྱས་ན་འགྲིག་གི་རེད། ཅེས་ཁས་བླངས་པ་རེད། དེ་ནས་ལོ་གཅིག་འགྲོ་ལ་ཉེ་བར་ཡང་བསྐྱར་ཕྲུ་གུ་ཞིག་སྐྱེས་པ་དེ་ནི་བུ་མོ་ཡིན་པ་རེད། ཕྲུ་གུའི་པ་ཕ་དེ་བུ་མོ་སྐྱེས་པར་མ་དགའ་བར། ང་ལ་བུ་མོ་དགོས་ཀྱི་མེད། ཅེས་ལབ་པར་ཕྲུ་གུའི་ཨ་མས། ཁྱེད་རང་ག་རེ་གསུང་གི་ཡོད་དམ། བུ་མོ་མི་དགོས་ན་བུ་གང་འདྲ་བཟོ་རྩིས་ཡིན་པ། ཞེས་ལབ་པར་ཕྲུ་གུའི་པ་ཕ་དེ་རེ་ཞིག་ཅི་ཟེར་འདི་ཟེར་མ་རྙེད་པར་ལུས་པ་རེད།
ལེ་ཚན་གཉིས་པ།
ཡང་བཟའ་ཚང་དེ་གཉིས་ལ་ལོ་གཅིག་སོང་རྗེས་བུ་མོ་ཞིག་སྐྱེས་སྟབས། ཁྱོ་ག་དེས་ཁོ་རང་གི་བཟའ་ཟླ་ལ། ད་ཁྱེད་རང་བུ་སྐྱེ་རྒྱུ་ཡོད་མཁན་གྱི་རིགས་དེ་ཡིན་ས་མ་རེད། དེ་ལས་སྐྱེ་དམན་གཞན་དག་ཅིག་གི་མཉམ་དུ་ཆང་ས་བརྒྱབ་ན་ཡག་ས་རེད། ཅེས་ལབ་པར་ཕྲུ་གུའི་ཨ་མ་དེས། སྔོན་ལ་ཁྱེད་རང་བསམ་བློ་ཡག་པོ་ཐོངས། ངེད་གཉིས་དང་པོ་ཆང་ས་རྒྱག་དུས་བུ་སྐྱེ་རྒྱུའི་ཆེད་དུ་ཆང་ས་བརྒྱབ་པ་མ་རེད། ངེད་གཉིས་འཆམ་པོའི་ངང་ནས་མི་ཚེ་སྐྱེལ་རྒྱུ་བྱུང་ན་འགྲིག་གི་ཡོད་རེད། ཅེས་གསུངས་མེད་དམ། སྤྱིར་བཏང་བུ་མི་སྐྱེ་བར་བུ་མོ་རྐྱང་རྐྱང་སྐྱེ་བ་དེ་ང་གཉིས་གཉིས་ཀ་ཡི་ལས་རེད་མ་གཏོགས། ལས་མེད་ན་སྐྱེ་དམན་སྟོང་ཕྲག་གཅིག་དང་ཆང་ས་བརྒྱབ་པ་ཡིན་ནའང་བུ་སྐྱེ་ཡི་མ་རེད། ཅེས་ལབ་པར་ཕྲུ་གུའི་པ་ཕ་དེས་སྐད་ཆ་དེ་ཉན་ནས་ཁ་བྲལ་དགོས་མ་བྱུང་ཙམ་བྱུང་བ་རེད།
ལེ་ཚན་གསུམ་པ།
ཡང་དེའི་རྗེས་ལོ་གཅིག་ཕྱིན་པའི་མཚམས་ལ་བུ་མོ་དྲུག་པ་དེ་སྐྱེས་སྟབས། ཕ་དེ་སེམས་ཁྲལ་ཆེན་པོ་ལངས་ཏེ། ད་ང་ཚོ་གཉིས་འདི་འདྲ་བྱས་ནས་བསྡད་ན་བུ་མོ་རྐྱང་རྐྱང་སྐྱེས་ནས་དཀའ་ངལ་ཆེན་པོ་འཕྲད་ས་རེད། དེ་ལས་ང་རང་ལོ་ཁ་ཤས་ཤིག་གི་རིང་ལ་ས་ཐག་རིང་པོ་ཞིག་ལ་འགྲོ་ཡི་ཡིན་ལབ་པར་སྐྱེ་དམན་དེས་འདོད་མོས་མ་བྱུང་བར། གལ་སྲིད་ཁྱེད་རང་ས་ཐག་རིང་པོ་ཞིག་ལ་ཕྱིན་པ་ཡིན་ན་ང་ལ་སྔོན་མ་ལས་ཕྲུ་གུ་མང་ཙམ་སྐྱེ་རྒྱུའི་ཉེན་ཁ་ཡོད་རེད། ཅེས་ལབ་པར་ཁྱོ་ག་དེ་སྔར་བཞིན་ནང་དུ་མུ་མཐུད་སྡོད་དགོས་ཐུག་པ་རེད།
ལེ་ཚན་བཞི་པ།
དེ་ནས་ལོ་གཅིག་སྐོར་བ་ཐེབས་པ་དང་སྦྲགས་སླར་ཡང་བུ་མོ་ཞིག་སྐྱེས། ཕ་དེ་སྔར་ལས་སེམས་འཚབ་ཆེ་བ་ཞིག་བྱུང་སྟེ་ཁོ་རང་གི་སྐྱེ་དམན་ལ། ང་ཚོ་གཉིས་འདི་འདྲ་བྱས་ནས་མཉམ་དུ་བསྡད་པ་ཡིན་ན་ལོ་ལྟར་ཕྲུ་གུ་རེ་སྐྱེ་རྒྱུ་རང་རེད་འདུག འདི་འདྲ་བྱས་ན་ང་གཉིས་ལོ་དྲུག་ཅུ་ཟིན་སྐབས་ཕྲུ་གུ་ཧ་ལམ་བཞི་བཅུ་ཙམ་ཆགས་རྒྱུ་རེད་འདུག དེ་ལས་ཁྱེད་རང་གི་སྐྱེ་སྒོ་དེ་འགོག་པར་འགྲོ་རོགས་བྱེད་དང༌། ཞེས་ལབ་པར་སྐྱེ་དམན་དེས། ངའི་སྐྱེ་སྒོ་འདི་དེ་ག་ཙམ་ལས་སླ་པོར་བཀག་ཆོག་ཆོག་ཡོད་པ་མ་རེད། འཛམ་གླིང་འདིའི་ནང་ལ་མི་ཡོང་སའི་ལམ་ཁ་གཅིག་རང་ལས་མེད་པ་དེ་རེད། ཅེས་བཤད་པས་ཁྱོ་ག་དེ་ཁ་ཁུ་སིམ་མེར་སྡོད་དགོས་བྱུང་བ་རེད།
ལེ་ཚན་ལྔ་པ།
ཉིན་ཤས་རྗེས་སུ་མི་དེར་རིག་པ་གསར་པ་ཞིག་རྙེད་དེ། ཁོ་རང་གི་སྐྱེ་དམན་ལ་ཕྲུ་གུ་མི་སྐྱེ་བའི་སྨན་བཟའ་དགོས་རེད་ཅེས་བཤད། འོན་ཀྱང་སྐྱེ་དམན་དེས་གད་མོ་ཞིག་བགད་དེ། ངས་ཁ་ནས་ཕྲུ་གུ་མི་སྐྱེ་བའི་སྨན་བཟས་པ་དེ་དང་། ཁྱེད་ཀྱིས་ཕྲུ་གུ་སྐྱེ་བའི་སྨན་བླུགས་པ་གཉིས་གང་ཤུགས་ཆེ་བ་འདུག་བལྟ་ཆོག ཅེས་བཤད། ཁྱོ་ག་དེས་མཚར་སྣང་ཤར་ཏེ་འགྲིག་གི་རེད་ཟེར་ནས་ཁས་བླངས་སྟབས། སྐྱེ་དམན་དེ་ནི་སྔར་ལས་གད་མོ་ཤུགས་ཆེ་བ་ཤོར་ཏེ་ངས་རྩེད་མོ་ལབ་ཀྱིན་ཡོད། ཕྲུ་གུ་མི་སྐྱེ་བའི་སྨན་བཟས་ན་སྡིག་པ་ཆེན་པོ་ཡོད་རེད་ཅེས་ཁས་མ་བླངས།
ལེ་ཚན་དྲུག་པ།
དེ་ནས་ལོ་ཤས་ཟིན་མཚམས་ཡང་བུ་མོ་ཞིག་སྐྱེས། ཁྱོ་ག་དེ་ནི་ཅི་བྱེད་འདི་བྱེད་མ་ཤེས་པར། ད་ང་ཚོ་གཉིས་ལ་ཕྲུ་གུ་མང་པོ་དེ་འདྲ་སྐྱེས་ན་ཁ་གསོ་ཐུབ་ཀྱི་མ་རེད། ཟེར་ནས་སེམས་ཁྲལ་ཆེན་པོ་བྱུང་བ་རེད། སྐྱེ་དམན་དེས། ཁྱེད་རང་སེམས་ཁྲལ་བྱེད་མི་དགོས། ཕྲུ་གུ་ག་ཚོད་མང་བ་སྐྱེས་ན་དེ་ག་ཙམ་ཡག་ག་ཡོད་རེད། ང་ཚོའི་མི་རིགས་ཧ་ཅང་ཉུང་ཉུང་ཡིན་ཙང་མི་འབོར་ཁ་སྣོན་ལ་ཕན་གྱི་མ་རེད་དམ། ཞེས་ལབ་སྟེ་སེམས་གསོ་བཏང་པ་རེད། དེ་ལྟར་རྒྱུན་རིང་མ་སོང་བར་བཟའ་ཟླ་དེ་གཉིས་ལ་སོག་པོའི་གཞུང་གིས་བུ་མོ་རྐྱང་རྐྱང་གི་མི་རིགས་རྒྱུད་སྤེལ་བྱེད་མཁན་གྱི་ཨང་དང་པོའི་བྱ་དགའ་དེ་ཁོང་གཉིས་ལ་གནང་སྟེ། རྒྱུན་དུ་གཞུང་གིས་བུ་མོ་མང་ཤོས་གྲས་ཀྱི་ཕོགས་སྤྲོད་རྒྱུ་བྱས་ཏེ་དཀའ་ངལ་བསལ་ཏོ། །
ལྕེ་ལ་གཟིགས་པ།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
བུ་མོ་བསམ་སྐྱིད་གྲོད་པ་བདེ་མིན་ལ་སོང་སློབ་གྲྭར་འགྲོ་མ་ཐུབ་པར་བརྟེན། ཨ་མ་ལགས་ཀྱིས་བུ་མོ་སྨན་ཁང་ཞིག་གི་ནང་སྨན་བཅོས་བྱེད་པར་ཁྲིད་པ་རེད། སྨན་ཁང་དུ་འབྱོར་རྗེས་ཨེམ་ཆི་ལགས་ཀྱིས་བུ་མོར། བུ་མོ། རང་གི་ཁ་གདངས་ཏེ་ང་ལ་ལྕེ་སྟོན་དང༌། ཞེས་གསུངས་པར་བསམ་སྐྱིད་ཞེད་ཐག་ཆོད་པའི་རྣམ་འགྱུར་དང་སྦྲགས། ཐབ་ཚང་ནང་གི་སྒོ་ང་དང་ཅོག་ལེ་ཌི་མང་ཆེ་བ་གཅེན་པོས་བཟས་སོང༌། ངས་ཚང་མ་བཟས་མེད། ཅེས་ཞུས་པ་རེད།
བྱུང་སོང་ཁ་ཐུག་མ་སོང་།
བློ་གླིང་སྤོམ་རྭ་བསྟན་འཛིན་འཕགས་པ།
ཕ་རྡོ་རྗེ་དང་མ་སྒྲོལ་མ་གཉིས་ཀྱི་བུ་མོའི་སྦྱིན་བདག་ཨ་རིའི་ཡུལ་ནས་ཡུལ་སྐོར་དུ་ཕེབས་པའི་ཞོར་ལ། རྡོ་རྗེའི་ནང་མི་ཐུག་འཕྲད་དུ་ཁྱུག་ཙམ་ཕེབས། རྡོ་རྗེ་བཟའ་མི་གཉིས་ནས་ད་རེས་གོ་སྐབས་ཡག་པོ་ཞིག་རག་སོང་བསམས་ནས་ཕྱི་རྒྱལ་བ་དེ་གཉིས་རང་གི་ཕྲུ་གུ་ལས་ཀྱང་རྩ་ཆེ་བ་གནང་སྟེ། ཞལ་ལག་སོགས་གང་ལེགས་ཕུལ་བས་མ་ཚད་བོད་ཀྱི་རྩ་ཆེའི་སྐུ་བརྙན་དང་ཐང་ཁ་སོགས་སྒོར་ཁྲི་ལྷག་ཙམ་འགྲོ་སོང་བཏང་སྟེ། སང་ཉིན་དེར་དེ་བས་མང་བ་ཚུར་རག་རྒྱུའི་རེ་བ་བྱས། སང་ཉིན་དེར་ཕྱི་རྒྱལ་བ་ཁོང་གཉིས་རང་ཡུལ་དུ་ལོག་འགྲོ་ཁར་རྡོ་རྗེ་ལགས་བཟའ་མི་གཉིས་ལ། ད་རེས་ང་གཉིས་སྐྱིད་པོ་ཞེ་དྲག་བྱུང༌། འདིར་སྒོར་ ༡༠༠༠ ཡོད་པ་ཁྱེད་གཉིས་གསོལ་ཇ་མཆོད་རོགས་གནང༌། ཞེས་ལབ་པར་ཕ་རྡོ་རྗེས་བྱུང་སོང་ཁ་ཐུག་མ་སོང་སྙམ་ནས། འདི་ལས་ཏོག་ཙམ་མང་བ། ཏོག་ཙམ། ཞེས་ཞུས་པར་ཕྱི་རྒྱལ་བ་གཉིས་ཀྱིས། རྗེས་སུ་འདི་ལས་ཏོག་ཙམ་མང་བ་བསྡད་ཆོག ཅེས་ལབ་ནས་སོང་ངོ༌། །
དྲང་པོ་ཞུས་ན།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
གཞོན་ནུ་ཕོ་མོ་གཉིས་གཉེན་སྒྲིག་ཐོ་འགོད་ཀྱི་ལག་འཁྱེར་བླངས་ནས་ལོག་ཡོང་བའི་ལམ་བར་དུ་ཕོ་གསར་དེས་བརྗོད་དོན། མཛེས་མ་ལགས། ངས་དྲང་པོ་ཞུས་ན། ཁ་སང་ཁྱེད་རང་ངའི་ནང་དུ་གདན་དྲངས་སྐབས་ངའི་ནང་དུ་ཡོད་པའི་ཆ་སྒམ་མཆོད་གཤོམ་དང་། དེ་བཞིན་གྲ་རྒྱས་པའི་ནང་ཆས་དེ་ཚོ་ཚང་མ་མི་གཞན་གྱི་ས་ནས་གཡར་བ་ཤ་སྟག་ཡིན། དགོངས་པ་མ་འཚོམས་ཞེས་བཤད་པར་བུ་མོ་དེས། དེར་སྐྱོན་གང་ཡང་མེད། ངས་ཀྱང་ཁྱེད་ལ་དྲང་པོ་ཞུས་ན། ད་ལྟ་གཉེན་སྒྲིག་ལག་འཁྱེར་ཐོག་བཀོད་ཟིན་པའི་མིང་དེ་ནི་ངའི་གཅེན་མོའི་མིང་རེད། ཅེས་བཤད་པས་ཕོ་གསར་དེ་ཧ་ལས་ཤིང་ཧོན་ཐོར་ནས། ཁ་ཉིན་ཁྱེད་ཀྱི་ཁྱིམ་དུ་ཡོད་པའི་བུ་མོ་མདོག་ཉེས་མ་དེ་རེད་དམ། ཞེས་བཤད་པར་བུ་མོ་དེས། འོ་ཛི་ཁྱེད་ཀྱིས་ཁོང་ལ་དེ་འདྲ་གཏན་ནས་གསུངས་མི་ཉན། ད་ལྟ་ཁོང་ནི་ཁྱེད་ཀྱི་ཁྲིམས་མཐུན་གྱི་བཟའ་ཟླ་རེད། ཅེས་བཤད་དོ། །
དཔེ་ཆ་མི་ཤེས་མཁན་ཕྱི་རྒྱལ་བ།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
ཐེངས་གཅིག་ཕྱི་རྒྱལ་གྱི་ཆོས་ཚོགས་ཤིག་གི་བླ་མས་ཤར་ནུབ་ཀྱི་མི་རིགས་མང་པོ་ཞིག་ལ་ནང་ཆོས་ཀྱི་ཐོག་གསུང་ཆོས་གནང་སྐབས་གསུངས་དོན། འཛམ་གླིང་འདིའི་ནང་སྐྱེ་བོ་ཕལ་པའི་བྱ་བ་གང་ལའང་སྙིང་པོ་ཡོད་པ་མ་རེད། ཅེས་སོགས་ཀྱི་གསུང་ཆོས་གནང་སྐབས། ཕྱི་རྒྱལ་བ་དཔེ་ཆ་མི་ཤེས་མཁན་དྲན་རྒྱུ་ཅན་ཞིག་ཡོད་པ་ཁོང་ཡར་ལངས་ནས། བླ་མ་ལགས་སུ་ཞུ་རྒྱུར། སྐུ་ཉིད་བླ་མ་ཡིན་ཙང་སྙིང་པོ་དེ་འདོན་མྱོང་མེད་ཙང་ཐུགས་ཁག་ཁྱོན༌ནས་མི་འདུག ང་ཚོས་སྙིང་པོ་མར་འདོན་གྱི་ཡོད་པས་སྙིང་པོ་བཏོན་ན་སྙིང་པོ་ག་ནས་ཡོང༌། ང་ཚོས་སྙིང་པོ་བཏོན་བཏོན་ཉིད་ཀྱིས་ད་ནི་ཞེན་པའང་ལོག་གི་འདུག ཅེས་ཞུས་པར་བླ་མ་ནི་བཞད་མོ་ཤོར། བླ་མས། ཁྱེད་རང་གིས་སྙིང་པོ་མཐོང་ནས་ཞེན་པ་ལོག་ན་ཡག་པོ་རེད། འོན་ཀྱང་ཁྱེད་རང་ནི་དེ་ལྟར་མིན་པར་སྙིང་པོ་མ་མཐོང་བར་ཞེན་པ་ལོག་པ་རེད། ཁྱེད་རང་གི་སྐད་ཆར་སྙིང་པོ་མི་འདུག་ལ། ཁྱེད་རང་ལ་ངོ་ཚའང་མི་འདུག ཅེས་གསུངས་པར་ཆོས་ཞུ་བ་ཚང་མ་གད་མོ་དབང་མེད་དུ་ཤོར་རོ། །
དག་ཡིག་མི་ཤེས་མཁན་གྱི་གྲྭ་པ།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
ཉིན་གཅིག་སུམ་རྟགས་གཉིས་རྩ་བ་ནས་སྦྱངས་མྱོང་མེད་པའི་དཔེ་ཆ་བ་ཞིག་གིས་སྡེབ་སྦྱོར་རིན་ཆེན་ཕྲེང་བའམ་བྱིས་པ་དག་ཡིག་གཅིག་ལག་ཏུ་བཟུང་ནས་བལྟ་ཙམ་བྱས་པ་རེད། ཁོང་གིས་དག་ཡིག་དེ་ཀློག་གིན་ཀློག་གིན་ལ་གང་ཙམ་ནས། རྐུ་མ་རྐུ་བ་ར་རྐུ་ཡིན། ཞེས་པ་དེ་མཐོང་པ་དང་སྦྲགས། ཧ་ཧ་ཧཧཧཞེས་བཞད་མོ་ཆེན་པོ་ཞིག་ཤོར་ནས། དེ་ལ་དགག་ཡིག་ཅིག་བྲིས་པ་འདི་ལྟར། རྐུ་མ་རྐུ་བ་ཡིན་ན་ཆོས་ཅན། ར་དང་ལུག་གཅིག་པུ་རྐུ་མཁན་ཡིན་པས་མ་ཁྱབ་པར་ཐལ། གསེར་དང་དངུལ་ལ་སོགས་པའང་རྐུ་མཁན་ཡོད་པའི་ཕྱིར། འདོད་ཟེར་ན། འཁོར་གསུམ་ཞེས་བྲིས་པས། ཁོང་གིས་བྲིས་པ་དེ་རིག་གནས་དང་དག་ཡིག་ཤེས་མཁན་ཞིག་གིས་གཟིགས་ཏེ། གོང་གི་དཔེ་ཆ་བའི་གད་མོ་དེ་ལས་ཀྱང་ཆེ་བ་ཤོར་བཞིན། ཁོང་གིས་དེར་དག་བཅོས་ལེགས་པར་གནང་སྟེ། སྐུ་ཞབས་ཁོང་ལ་བཏང་པས་ཁོང་གིས་མཚན་ཉིད་གཅིག་པོ་མིན་པར་སུམ་རྟགས་ཀྱང་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པ་མཁྱེན་ཏེ། སྦྱང་བརྩོན་གནང་བས་ཕྱིས་སུ་དོན་དམ་པའི་མཁས་པར་གྱུར་པ་རེད།
ལྷམ་གྱོན་ནས་ཉལ་པ།
ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།
ཨ་མས་རང་གི་བུ་ཆུང་ལ། བུ་རང་ལྷམ་གྱོན་ནས་ཉལ་ན་ཉལ་ཆས་བཙོག་པ་བཟོ་ཡི་མ་རེད་དམ། ལྷམ་མར་ཕུད་དགོས་ཞེས་གསུངས་པར་བུ་ཆུང་གིས། ཨ་མ་ལགས། མདང་དགོང་ང་རང་རྐང་རྗེན་མར་ཤེལ་ཧྲུག་ཐོག་ཕྱིན་པའི་རྨི་ལམ་བཏང་བྱུང་བས། ངའི་རྐང་པར་ན་ཟུག་ཆེན་པོ་ཞེ་པོ་ཞིག་བཏང་བྱུང༌། བྱས་ཙང་དོ་ནུབ་ངས་ལྷམ་གྱོན་ནས་ཉལ་ན་ཤེལ་ཧྲུག་ཐོག་ཕྱིན་པའི་རྨི་ལམ་ག་ཚོད་བཏང་ན་ཡང་སྐྲག་དགོས་པ་མི་འདུག་བསམས་ནས་གྱོན་པ་ཡིན། ཞེས་ཞུས་པ་རེད།
ར་ཕ་མ་བུ་གསུམ།
དགའ་ཤར་སློབ་མ་དཀོན་མཆོག་ལྷག་པ།
ཐེངས་གཅིག་ར་མ་བུ་གསུམ་ལུང་པའི་ཕུར་གནས་སྐོར་ཞིག་ལ་འགྲོ་སྐབས། རི་ཟུར་ཞིག་ཏུ་ཚ་ཕོག་རྒྱག་རྒྱུ་བྱས་ཏེ། ར་ཕོས་ཤིང་སྒྲུག་ཏུ་སོང༌། ར་མས་མེ་གཏོང་རྒྱུའི་གྲ་སྒྲིག་བྱས། རེའུས་ཆུ་ལེན་དུ་སོང༌། རེའུ་ཆུ་འགྲམ་དུ་སླེབས་སྐབས་སྤྱང་ཀི་ཞིག་ཐུག་སྟེ་ཁོས་རེའུར་དབང་ཡོད་བཤད་དེ། ངའི་མིང་ལ་གང་ཟེར་རམ། ཞེས་དྲིས་པར་རེའུས། ཁྱེད་ཀྱི་མིང་ལ་ཨ་ཁུ་གཤིན་རྗེ་རྒྱལ་པོ་ཟེར། ཞེས་ལབ་པར་ཡང་སྤྱང་ཀི་དེས། འོ་ན་ངས་གང་གྱོན་འདུག་གམ། ལབ་པར་རེའུ་དེས། ཁྱེད་ཀྱིས་ང་ཚོའི་སྤུ་ལས་བཟོས་པའི་ཕྱུ་པ་ལྗང་ཁུ་ཞིག་གྱོན་འདུག ཅེས་ལབ། ཡང་སྤྱང་ཀི་དེས། བྱས་ན་ངས་གང་བཏགས་འདུག་གམ། ལབ་པར་རེའུ་དེས། ཁྱེད་ཀྱིས་ང་ཚོའི་ལུང་པ་ནས་ཐོན་པའི་གསེར་དངུལ་གྱི་རྒྱན་ཆ་བཏགས་འདུག ཅེས་ལབ་པར་སྤྱང་ཀི་དེས་ཁོང་ཁྲོ་དང་བཅས་སྤྱང་ཀིའི་སྐད་ཐོག་ནས། འོ་གཡའའོ་ཏ་ ཧྲེ་ནི། ཞེས་བོད་སྐད་དུ་བསྒྱུར་ན། ང་ལ་དགོས་པ་དེ་ཁྱོད་ཡིན་ཟེར་ནས་རེའུ་དེ་བསད་དེ་བཟས། ར་ཕ་མ་གཉིས་ཀྱིས་རང་གི་རེའུ་ཡུན་རིང་བསྒུགས་ཀྱང་མ་ཡོང་སྟབས་ར་མ་ཆུ་ལེན་སར་ལྟ་བར་སོང༌། ཆུ་ལེན་ས་དེར་སྤྱང་ཀི་ཁོ་ཐུག་སྟེ་རེའུར་གང་ལབ་པ་བཞིན་ལབ་སྟེ་ར་མ་ཡང་བསད་དེ་བཟས། དེའི་རྗེས་ར་ཕོ་ཆུ་ལེན་ས་དེར་ཡོང་སྐབས་ཏག་ཏག་སྤྱང་ཀི་ཁོ་ཐུག་སྟེ་ཁོས། ངའི་མིང་ལ་གང་ཟེར་རམ། ཞེས་དྲིས་པར་ར་ཕོས། ཁྱེད་རང་གི་མིང་ལ་རྒྱ་ཁྱི་མི་གསོད་ལག་དམར་བ་ཟེར། བརྗོད་པར་ཡང་སྤྱང་ཀི་ཁོས། ངས་ག་རེ་གྱོན་འདུག་གམ། ཞེས་ལབ་པར་ར་ཕོས། ཁྱོད་ཀྱིས་གཡོ་སྒྱུའི་སྤྱང་ལྤགས་སྔོན་པོ་ཞིག་གྱོན་འདུག ཅེས་ལབ་པར་ཡང་ཁོས། འོ་ན་ངས་གང་བཏགས་འདུག་གམ། ལབ་པར་ཡང་ར་ཕོས། ང་ཚོའི་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་བསད་པའི་སོར་མོའི་ཕྲེང་བ་ཞིག་བཏགས་འདུག ཅེས་སྤོབས་སེམས་ལྡན་པའི་ངང་བཤད་པར་སྤྱང་ཀི་ཁོ་ཚིག་པ་ཟ་ཐག་ཆོད་ནས། འོ་གཡའའོ་ཏ་ ཧྲེ་ནི། ཞེས་གསོད་གྲབས་བྱེད་སྐབས། ར་ཕོས་ཞེད་སྣང་མེད་པར་ཀྱག་ཀྱག་བྱས་ནས་རིལ་མ་མང་དག་ཅིག་བཏང་པར་སྤྱང་ཀི་དེས། ཁོ་རེ་དེ་གང་རེད་དམ་ཞེས་དྲིས་པར་ར་ཕོས། འདི་ནི་ངའི་དམག་མིར་མདེའུ་གྲ་སྒྲིག་བྱེད་ཀྱི་ཡོད། ཅེས་བཤད་པར་སྤྱང་ཀི་ཁོ་ཞེད་ཐག་ཆོད་ནས་རང་ཡུལ་དུ་བྲོས་སོ། །
ལྷ་མོའི་སྦྱིན་བདག
དགའ་བྱང་གོ་བོ་རྨར་ཁམས་བློ་བཟང་རྒྱལ་མཚན།
རྒན་རྒྱལ་མཚན་ལགས་ནི་གཞུང་ཆེན་མོར་མཁྱེན་རྒྱ་ཆུང་ཡང་རང་རློམ་ཅན་ཞིག་ཡིན། ཉིན་གཅིག་ཁོང་ལྷ་མོ་ཁང་ནས་མར་ཕེབས་སྐབས་གྲྭ་ཆུང་ཚུལ་ཁྲིམས་ཡི་གེ་འབྲི་བཞིན་ཡོད་པ་མཐོང་བས་ཁོང་གིས། ཁོ་རེ་ཁྱོད་ག་རེ་འབྲི་ཡི་ཡོད་དམ། ཞེས་དྲིས་པར་ཚུལ་ཁྲིམས་ཀྱིས་སྦྱིན་བདག་ལ་ཡི་གེ་ཞིག་འབྲི་ཡི་ཡོད་ལབ། རྒན་རྒྱལ་མཚན་ལགས་ནས། ལྟས་ངན་ཁྱོད་དགོས་པའི་སློབ་སྦྱོང་མ་བྱས་མི་དགོས་པའི་སྦྱིན་བདག་ལ་ཡི་གེ་རྐྱང་རྐྱང་འབྲི་ཡིན་སྡོད་ཨ། དཔལ་ལྡན་ལྷ་མོའི་བཀའ་ཆད་ཕོག་ཡོང༌། ཞེས་ཚོགས་གཏམ་བཏང་པར། ཚུལ་ཁྲིམས་ཀྱིས། རྒན་ལགས་སྦྱིན་བདག་ལ་ཡི་གེ་བྲིས་པར་བཀའ་ཆད་ག་རེ་བྱས་ཏེ་ཕོག མ་གཞི་ནས་དཔལ་ལྡན་ལྷ་མོ་ཁོང་རང་ལ་ཡང་སྦྱིན་བདག་ག་ཚོད་དང་ག་ཚོད་མི་འདུག་གམ། ཞེས་ལབ་པར་རྒན་དེ་ཧང་སངས་ཏེ། ལྟས་ངན་ཁྱོད་ཀྱིས་ག་རེ་ཟེར་གྱི་ཡོད། དཔལ་ལྡན་ལྷ་མོར་སྦྱིན་བདག་མང་པོ་ག་པར་འདུག ཅེས་གསུངས་པར་ཚུལ་ཁྲིམས་ཀྱིས། ཡོད་དང་ཡོད། འཇིག་རྟེན་ན་སྐད་གྲགས་ཆེ་ཤོས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང༌། ལྷ་ཆེན་ཚངས་པ་ཆེན་པོ། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་ཁོང་གི་སྦྱིན་བདག་མིན་ན་གང་རེད་དམ། དེ་ལྟར་མིན་ན་དཔལ་ལྡན་ལྷ་མོའི་སྙན་གཡས་ཀྱི་སེངྒེ་དང༌། རྨ་བྱའི་གཙུག་ཕུད། སྦྲུལ་གྱི་གདེངས་ཀ་སོགས་སུས་ཕུལ་བ་རེད་དམ། ཞེས་དྲིས་པར་རྒན་རྒྱལ་མཚན་ལགས་ལ་ལན་འདེབས་རྒྱུ་མ་རག་པར་ལུས་པ་རེད།། །།མངྒལཾ།