ཟླ་རེའི་གསར་འགྱུར།

འགུལ་བསྐྱོད་ཚན་རིག་འགྲེམས་སྟོན།

༄༅། །ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་དང་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ རེས་གཟའ་ཉི་མའི་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ལག་རྩེད་པོ་ལོའི་རྩེད་ཐང་དུ་འགུལ་བསྐྱོད་ཚན་རིག་གི་འགྲེམས་སྟོན་ཞིག་གནང་ཞིང། འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོར་ཀ་ལི་ཧྥོ་ནི་ཡའི་གཙུག་ལག་སློབ་གྲྭའི་སློབ་དཔོན་གྲགས་ཅན་ཚན་རིག་པ་རོ་ནལ་ཝེལ་(Ronald Vale) དང།  ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། རྡ་སྟེང་བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་སོགས་ཆེད་ཕེབས་གནང་ཡོད།     ཐེངས་འདིའི་ཚན་རིག་འགྲེམས་སྟོན་གྱི་ཡོ་ཆས་ཕལ་ཆེ་བ་འགྲེམས་སྟོན་གོ་སྒྲིག་པ་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་དང།  རྡ་སྟེང་བོད་ཁྱིམ་གྱི་ཚན་རིག་དགེ་རྒན་བསྟན་འཛིན་འཇམ་དབྱངས་དང། བསྟན་འཛིན་དངོས་གྲུབ། བདེ་སྐྱིད་སྒྲོལ་དཀར་བཅས་ཀྱི་ལམ་སྟོན་འོག་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་ཁག་ཅིག་གིས་བཟོས་པ་ཡིན་འདུག
ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ཐེངས་འདིར་ཚན་རིག་གི་འགྲེམས་སྟོན་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་ནི།“སློབ་ཕྲུག་རྣམས་ཚན་རིག་ལ་དགའ་སྣང་ཡོང་བ་བྱ་རྒྱུ་དང།  དགེ་རྒན་ཚོས་བྱེད་སྒོའི་ལམ་ནས་ཚན་རིག་སློབ་ཁྲིད་བྱེད་པའི་ཁ་ཕྱོགས་གསར་པ་ཞིག་འཚོལ་ཐབས་བྱ་ཆེད་ཡིན།”ཞེས་གསུངས།
    དེ་ཉིན་ཉིན་རྒྱབ་ཏུ་འགྲེམས་སྟོན་འདིའི་ནང་ཆ་ཤས་ལེན་མཁན་སློབ་མ་རྣམས་དང་ཚན་རིག་པ་རོ་ནལ་ཝེལ་དབར་ཚན་རིག་སྐོར་ལ་གྲོས་བསྡུར་སྦྱང་བཤད་གནང་ཞིང། རོ་ནལ་ཝེལ་གྱིས་ཚན་རིག་ལ་སློབ་སྦྱོང་བྱས་པའི་མི་ཚེའི་ཉམས་མྱོང་རྣམས་སློབ་ཕྲུག་རྣམས་ལ་གསུངས་པ་དང། སློབ་མའི་དཀའ་གནད་དྲི་བ་ཁག་ལ་དོགས་སེལ་བྱས། གཞན་ཡང་འཛིན་རིམ་བརྒྱད་པའི་སློབ་ཕྲུག་ཁག་ཅིག་ནས་སྲོག་ཆགས་ཀྱི་སྦུབས་ཕྲན་སྐོར་ལ་གཏམ་བརྗོད་ཐུང་ངུ་ཞིག་ཀྱང་འཁྲབ་སྟོན་ཞུས་ཡོད་འདུག
    འགུལ་བསྐྱོད་ཚན་རིག་འགྲེམས་སྟོན་དེ་བཞིན་རྡ་ཤོད་བོད་ཁྱིམ་སློབ་གྲྭ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ། སུ་ཇཱ་བོད་ཁྱིམ་སློབ་གྲྭ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ་བཅས་སུ་སྐོར་བསྐྱོད་གནང་འཆར་ཡོད་འདུག་པ་བཅས།།
 

སྔོན་མ།
ཤེས་རིག་དྲུང་ཆེས་སློབ་ཁག་ལ་གཟིགས་སྐོར་གནང་བ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ་མཇུག་བསྒྲིལ་བ།
Menu