ཆེད་བརྗོད།

༄ ༅། །ཕྱི་ལོ་༡༩༩༩ ལོར་རང་གཞུང་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ནས་འཛིན་རིམ་དྲུག་པ་དང༌། བདུན་པ། བརྒྱད་པ་བཅས་ཀྱི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་གྲུབ་རྗེས། འབྲེལ་ཡོད་སློབ་དགེ་ཁག་ཅིག་གིས་གོང་གསལ་འཛིན་རིམ་ཁག་ལ་བོད་ཡིག་གི་སྦྱོང་དེབ་ཅིག་དགོས་མཁོ་ཆེ་བའི་དགོངས་འཆར་བྱུང་བ་དང༌། ཁྱད་པར་དུ་ཤེས་རིག་ཚོགས་ཆེན་བཞི་པའི་སྐབས་སློབ་ཕྲུག་རྣམས་དབྱར་དགུན་ཟླ་གཉིས་གུང་གསེང་རིང་སློབ་དེབ་དང་ཁ་བྲལ་ཏེ་བག་མེད་རྒྱ་ཡན་དུ་ཤོར་བ་འདི་ཡང་བོད་ཡིག་གནས་ཚད་ཉམས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཅིག་ཡིན་པའི་ངེས་ཟིན་གསལ་པོར་བྱུང་བ་བཅས་ད་ལམ་དབྱིན་ལན་བོད་ཀྱི་ཡིད་ཆེས་དགེ་རྩ་བརྒྱུད་གོང་གསལ་ལས་འཆར་ཐོག་མཐུན་འགྱུར་གནང་བ་དང་བསྟུན། འདི་ག་ཤེས་ཡོན་སྡེ་ཚན་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས་སྦྱོང་དེབ་འདི་རྩོམ་སྒྲིག་སྐབས་གཤམ་གསལ་དོན་གནད་ཁག་རྩ་འཛིན་བྱས་ཏེ་སྦྱོང་དེབ་འདི་རྩོམ་སྒྲིག་བྱས་ཡོད།

  1. སྐད་ཡིག་སློབ་སྦྱོང་གི་དགོས་མཁོ་གཞིར་བཟུང་ཐོག་ད་ཡོད་འཛིན་རིམ་སོ་སོའི་སྐད་ཡིག་སློབ་ཚན་གྱི་ནང་དོན་ལ་གཞིགས་ནས་སྦྱོང་དེབ་ད་ཡོད་སློབ་དེབ་ཀྱི་ནང་དོན་དཔྱིས་ཕྱིན་པ་རྒྱུས་ལོན་ཡོང་བའི་ལྷན་ཐབས་སུ་འགྱུར་བར་དམིགས་ཡོད།
  2. སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས་ཐད། སློབ་ཚན་མཇུག་གི་སྦྱོང་ཚན་དང་བསྐྱར་ཟློས་མ་ཆགས་པ་དང༌། བསྐྱར་ཟློས་ཡིན་ཡང་དྲི་བ་འགོད་སྟངས་ཀྱི་རྣམ་པ་མི་འདྲ་བ་ཡོང་ཐབས་གཙོ་འདོན་བྱས་ཡོད།
  3. སློབ་མར་སྦྱོང་ཚན་ནང་དྲི་བ་ཉུང་ཉུང་ཞིག་ལ་ལན་མང་པོ་འབྲི་དགོས་པའི་རིགས་བཀོད་ཐལ་དྲགས་ན། སྐབས་འདིའི་སློབ་མའི་འབྲི་རྩལ་གྱི་ནུས་པ་ཅུང་ཞན་སྟབས་དཀའ་ངལ་ཆེ་དྲགས་ནས་སློབ་སྦྱོང་གི་སྤྲོ་སྣང་བརླག་ཉེན་ལ་སོང༌། སྦྱོང་ཚན་གྱི་དྲི་བ་རྣམས་ཁྱབ་ཚད་ཆེ་ཞིང༌། རྣམ་པ་འདྲ་མིན་སྣ་ཚོགས་སུ་བཀོད་ཅིང༌།  ལན་དུ་ཡིག་རྫོབ་མང་པོ་མི་དགོས་པ་གཙོ་འདོན་བྱས་ཡོད།
  4. སློབ་ཚན་རེ་རེའི་ནང་དོན་སློབ་མ་རང་ཉིད་ནས་ག་ཚོད་ཤེས་རྟོགས་བྱུང་མིན་ཚོད་དཔག་ཡོང་སླ་ བའི་ཆེད། སློབ་ཚན་སོ་སོའི་སྦྱོང་ཚན་རྣམས་བརྒྱ་ཆ་ཨང་ཐོབ་སྤྲད་ཡོད་པས། དགེ་རྒན་ནམ་ཕ་མ། རང་ཉིད་བཅས་གང་རུང་ནས་བྲིས་ཟིན་པའི་སྦྱོང་ཚན་ལ་བརྒྱ་ཆ་སྤྲད་དེ་སློབ་མའི་ སློབ་སྦྱོང་གི་གནས་སྟངས་ཚོད་དཔག་བྱ་ཐུབ།
  5. དྲི་བ་རྣམས་ནང་དོན་གྱི་ཆ་ནས་སྤྱིར་བཏང་སྡེ་ཚན་ལྔ་ལ་དབྱེ་ཡོད། དེ་ཡང་དང་པོ་གོ་དོན་དང་དག་ཆ། གཉིས་པ་བརྡ་དག་བློར་ངེས། གསུམ་པ་སློབ་ཚན་རྒྱུས་ལོན། བཞི་པ་གོ་སྟོབས་དང་ནུས་རྩལ། ལྔ་པ་དྲི་བ་འཕར་མ་བཅས་སོ། །
  6. སྦྱོང་ཚན་སོ་སོའི་མཇུག་ཏུ་དྲི་བ་འཕར་མ་ཞེས་སློབ་ཚན་གྱི་ནང་དོན་དངོས་མ་ཡིན་ཡང་ཤེས་རྟོགས་དགོས་ངེས་ཀྱི་ཤེས་བྱ་ཕྲན་བུ་དྲི་བ་བཏང་ཡོད་པས། འབྲེལ་ཡོད་དགེ་རྒན་གྱིས་སློབ་མ་ཚོའི་བསམ་བློ་སློབ་དེབ་གཅིག་པུའི་ཐོག་མི་སྡོད་པར་བློ་རྒྱ་བསྐྱེད་དེ་སློབ་སྦྱོང་བྱ་དགོས་པའི་བླང་བྱ་འདོན་དགོས།
  7. དེབ་རེའི་མཇུག་ཏུ་སློབ་དེབ་ཧྲིལ་པོའི་ཚོད་རྒྱུགས་དྲི་ཤོག་གསུམ་དང༌། རྒྱལ་རབས་སོགས་ཀྱི་དྲི་ཤོག་གཉིས་བཅས་བཀོད་ཡོད་པས། སློབ་ཕྲུག་རང་ཉིད་ཀྱིས་རང་རྒྱུགས་རང་ལེན་གྱིས་སློབ་སྦྱོང་བྱ་བའི་མཐུན་རྐྱེན་བསྐྲུན་ཡོད།

    དེ་ཡང་འདི་ག་སྡེ་ཚན་ལ་ལས་བྱེད་ཉུང་ཞིང་རྩོམ་སྒྲིག་དང་བསྐྱར་ཞིབ་ཀྱི་དུས་ཡུན་ཆེས་ཐུང་བ་བཅས་ཀྱིས་རྐྱེན་པས་སྦྱོང་དེབ་འདིའི་རྩོམ་སྒྲིག་གི་ལས་རིམ་ཁྲོད་སྐྱོན་དང་ནོར་འཁྲུལ་ཇི་ཡོད་འབྲེལ་ཡོད་དོན་གཉེར་ཅན་རྣམས་ཀྱིས་ཡིག་ངག་གཉིས་ཐོག་ནས་རྩ་ཆེའི་དགོངས་འཆར་ལྷུག་སྩོལ་གནང་མཁན་ལ་སྙིང་ཐག་པ་ནས་དགའ་བསུ་དང་ལེན་གྱིས་སྦྱོང་དེབ་འདི་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ལགས། མཐའ་དོན་སྦྱོང་དེབ་འདི་རྩོམ་སྒྲིག་དང་རོགས་དངུལ་བསྡུ་འགོད། ཞུ་དག ཇུས་འགོད་བཅས་གནང་མཁན་འབྲེལ་ཐོགས་མཁས་དབང་རྣམ་པར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས། བོད་རྒྱལ་ལོ་༢༡༣༣ ཕྱི་ལོ་༢༠༠༥ ཟླ་༣ ཚེས་༥ ལ།

དེབ་ཀྱི་དཀར་ཆག

ཤེས་རིག་ལས་ཁུངས་ཀྱི་ཆེད་བསྒྲགས།
སློབ་ཚན་དང་པོ། ཐོན་མི་སམ་བྷོ་ཊ།
སློབ་ཚན་གཉིས་པ། ནི་སྒྲ།
སློབ་ཚན་གསུམ་པ། ཤེས་ཡོན་བསྒྲུབ་པའི་དོན་སྙིང༌།
སློབ་ཚན་བཞི་པ། དང་སྒྲ།
སློབ་ཚན་ལྔ་པ། བོད་ཀྱི་དཔའ་བོ།
སློབ་ཚན་དྲུག་པ། དེ་སྒྲ།
སློབ་ཚན་བདུན་པ། ཇི་བཞིན་བརྗོད་པའི་རྩོམ་ཡིག
སློབ་ཚན་བརྒྱད་པ། སྤྱི་སྒྲ།
སློབ་ཚན་དགུ་པ། ཡིག་བསྐུར་རྣམ་གཞག
སློབ་ཚན་བཅུ་པ། བདག་སྒྲ།
སློབ་ཚན་བཅུ་གཅིག་པ། སྟག་མོ་ལུས་སྦྱིན།
སློབ་ཚན་བཅུ་གཉིས་པ། དགག་སྒྲ།
སློབ་ཚན་བཅུ་གསུམ་པ། རྫ་ཙིག་གཏམ་རྒྱུད། (དང་པོ།)
སློབ་ཚན་བཅུ་བཞི་པ། ཚིག་ཕྲད་ཞིང་སོགས།
སློབ་ཚན་བཅོ་ལྔ་པ། རྫ་ཙིག་གཏམ་རྒྱུད། (གཉིས་པ།)
སློབ་ཚན་བཅུ་དྲུག་པ། མངོན་བརྗོད།
སློབ་ཚན་བཅུ་བདུན་པ། འཕྲུལ་བློན་མཛངས་མི་བདུན།

ཟུར་བཀོད།     དག་ཡིག
བསྐྱར་སྦྱོང༌། སློབ་ཚན་ཁག་གི་མིང་ཚིག་ཟུར་འདོན།
སྐད་ཡིག་ཚོད་རྒྱུགས། དྲི་ཤོག་ཀ་པ།
སྐད་ཡིག་ཚོད་རྒྱུགས། དྲི་ཤོག་ཁ་པ།
སྐད་ཡིག་ཚོད་རྒྱུགས། དྲི་ཤོག་ག་པ།

རིགས་ལམ་ནང་ཆོས་དང་རྒྱལ་རབས་ཆོས་འབྱུང་གི་ཚོད་རྒྱུགས།
༡། དྲི་ཤོག་ཀ་པ།
༢། དྲི་ཤོག་ཁ་པ།

མདུན་ཤོག

Menu