ཟླ་རེའི་གསར་འགྱུར།

འཛིན་རིམ་བདུན་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ ཚེས་ ༡༧ བར་ཉིན་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཞི་རིམ་བར་མ་འཛིན་རིམ་བདུན་པའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ལེགས་པར་ཟིན་ཏེ། གཏན་འབེབས་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད།

ཚོགས་འདུ་དེར་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀུན་དགའ་རྒྱལ་མཚན་ལགས། བོད་ཡིག་སློབ་དེབ་ཀྱི་འགན་འཛིན་དགེ་འདུན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བཀྲ་ཤིས་རྡོ་རྗེ་ལགས། དེ་བཞིན་ས་རཱ་མཐོ་སློབ་ཁང་གི་བོད་དགེ་ཨ་གནམ་བཟོད་པ་ལགས། དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས་དང་། དྷ་ཤོད་བོད་ཁྱིམ་སློབ་གྲྭའི་བོད་དགེ་ངག་དབང་སྦྱིན་པ་ལགས། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་རཱཇ་པུར་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་རྒན་བཟང་པོ་ལགས། སཾབྷོ་ཊའི་སློབ་ཁོངས་ནས་ཀོ་ལེ་གྷལ་སཾབྷོ་ཊ་སློབ་གྲྭའི་བོད་དགེ་བྱམས་པ་བཀྲ་ཤིས་ལགས། ས་སྐྱ་སློབ་ཁང་གི་རྒན་པདྨ་བསམ་གྲུབ་ལགས་བཅས་ཚོགས་ཞུགས་གནང་ཡོད།

ཚོགས་འདུའི་དབུ་འབྱེད་ཉིན་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གྱིས་སྤྱིར་ཤེས་ལྷན་ངོས་ནས་སློབ་དེབ་ཁག་གལ་ཆེན་པོ་བརྩི་ཡི་ཡོད་པ་དང་། ལྷག་པར་དུ་སློབ་དེབ་ཁག་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་མི་འགལ་བར་དགོས་པ་དང་། བསྐྱར་ཞིབ་སྐབས་སུ་ཚོགས་ཞུགས་པ་རྣམས་ཀྱིས་དགོངས་ཚུལ་གསང་པོ་གསུངས་ཐོག་གྲོས་བསྡུར་ལྷུག་པོ་གནང་ནས་གཏན་འབེབས་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ཐོག་གསུངས་སོང་།

འཛིན་རིམ་བདུན་པའི་དེབ་དེའི་ནང་བསླབ་བྱའི་སྡེ་ཚན་དང་། བརྡ་སྤྲོད་སྡེ་ཚན། རྩོམ་རིག་སྡེ་ཚན། ལག་ལེན་སྡེ་ཚན། གཞོགས་འདེགས་སྡེ་ཚན་བཅས་ཚན་པ་ལྔར་ཕྱེ་ནས་རྩོམ་སྒྲིག་བྱས་ཡོད།

ཐེངས་འདིའི་འཛིན་རིམ་བདུན་པའི་སློབ་དེབ་ཀྱི་བསྐྱར་ཞིབ་འགྲོ་གྲོན་མཐུན་འགྱུར་གནང་མཁན་སྦྱིན་བདག་ནི། ཌ་ནི་ཌ་རོགས་ཚོགས་ཆགས་ཡོད།

སྔོན་མ།
གཞི་རིམ་སློབ་གྲྭའི་ཚན་རིག་གི་ཐ་སྙད་གཏན་འབེབས་ཚོགས་འདུ།
ཕྱི་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པ་ལེགས་གྲུབ་ཟིན་པ།
Menu