ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་དྲུག་པ་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༢ རེས་གཟའ་སྤེན་པ་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་བོད་མིའི་སློབ་གྲྭ་ཁག་ ༣༡ ནས་སྣེ་ཁྲིད་དགེ་རྒན་ ༢༩ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༨༢ བཅས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་དྲུག་པ་དེ་བཞིན་འགོ་བཙུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༢༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་དབུས་པའི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་བྱེད། དེ་བཞིན་རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་སྣེ་ཁྲིད་དགེ་རྒན་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་སྲོོལ་དེང་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུ་དང་ཟབ་སྦྱོང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནང་མཚམས་རྟེན་འབྲེལ་མཚོན་བྱེད་ཀྱི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུ་གྲུབ་མཚམས། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་དོན།
ཐོག་མར་འདི་གར་འཛོམས་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་གནང་ཕྱོགས་དང་སློབ་སྦྱོང་དེ་བཞིན་ཇི་ལྟར་གལ་ཆེན་པོ་ཡིན་སྐོར་ཞུ་རྒྱུ་འདོད་པ་བྱུང་། སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པའི་ཐོག་ནས་ད་ལྟ་འཛིན་རིམ་བཅུ་པར་སླེབས་ཐུབ་པ་ངས་སྙིང་ཁོངས་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛིན་རིམ་བཅུ་པ་བར་སླེབས་ཐུབ་པ་ནི་ལས་སླ་པོ་ཞིག་མིན།
མིའི་མི་ཚེ་ནང་སྐྱིད་ཤོས་ནི་སློབ་སྦྱོང་དེ་ཡིན། ཁྱེད་རྣམ་པའི་ཕ་མ་རྣམས་ཀྱིས་ཤེས་ཡོན་སློབ་སྦྱོང་དེ་ཉིད་གལ་ཆེན་པོ་རྩིས་བའི་ཐོག་ནས་སློབ་གྲྭར་སློབ་སྦྱོང་སྦྱང་རྒྱུ་ཆེད་དུ་བཏང་བ་ཞིག་ཡིན། ཁྱེད་རྣམས་ལ་ཕ་མས་རེ་བ་བཟང་པོ་ཞིག་ཡོད། སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་སྤུས་ཚད་ལྡན་པ་ཡོང་བའི་རྒྱུ་ནི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་གནང་སྟངས་ལ་རག་ལས་ཡོད་སྟབས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གཟབ་ཞིང་རྒྱས་པ་གནང་བཞིན་ཡོད། སློབ་ཕྲུག་རྣམས་ཀྱང་སློབ་སྦྱོང་ལ་སྐུ་ལས་བརྒྱག་པ་ཙམ་མ་ཟད། མུ་མཐུད་སློབ་སྦྱོང་ཐད་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད། སློབ་སྦྱོང་གང་འདྲ་ཞིག་བྱེད་རུང་ཚེ་དང་ལྡན་པ་ཞིག་དང་། སྤྲོ་བ་བརྙེད་པའི་སྒོ་ནས་བྱེད་ཐུབ་པ་བྱེད་དགོས། སྤྲོ་བ་བརྙེད་རྗེས་རང་བཞིན་གྱི་སློབ་ཚན་དེར་བརྩོན་འགྲུས་བྱེད་ཐུབ། སློབ་གྲྭའི་ནང་གི་བྱེད་སྒོ་རྣམས་ལ་མཉམ་ཞུགས་དང་ལེན་ཐོག་ནས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐོག་ནས་གསར་པ་མང་པོ་ཞིག་ཤེས་ཐུབ། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱེད་པའི་སྐབས་དོགས་འདྲི་ཡོད་ཚེ་སློབ་ཕྲུག་རང་ཉིད་ཀྱི་འགན་ཞིག་ཡིན་པའི་ཐོག་ནས་དྲི་བ་བཏང་དགོས། དཔེ་དེབ་གང་མང་ཀློག་དགོས་རྒྱུ་གལ་ཆེ་ཞིག་ཡིན་པ་མ་ཟད། དམིགས་བསལ་རང་རེའི་སྐད་ཡིག་གི་དཔེ་དེབ་གང་མང་ཀློག་དགོས་རྒྱུ་དེ་ལས་གལ་ཆེ་བ་ཞིག་ཡིན། སྤྱིར་སྐད་ཡིག་མང་པོ་ཤེས་དགོས་རྒྱུ་ཡག་པོ་རེད། འོན་ཀྱང་སོ་སོའི་ཐུན་མིན་སྐད་ཡིག་དེ་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་བྱ་དགོས་རྒྱུ་ང་ཚོའི་འགན་ཞིག་ཡིན་སྟབས་དེ་ཉར་ཚགས་དང་གཙང་མ་ཞིག་བསྐྱོན་ཐུབ་པ་བྱེད་དགོས། ཞེས་སོགས་དང་། གཞན་ཡང་སློབ་སྦྱོང་བྱེད་པའི་སྐབས་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ལོ་ལྟར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དེ་བཞིན་གནང་དང་གནང་མུས་ཡིན། དེར་བརྟེན་ཕྱོགས་མཐའ་ཁག་གི་སློབ་གྲྭ་ནས་ཕེབས་པའི་སློབ་ཕྲུག་དང་ལྷན་དུ་ཐུག་འཕྲད་སླད་དེ་རིང་འདིར་བཅར་བ་ཡིན། ང་ཚོ་འདིར་འཛོམས་དགོས་དོན་ནི། ང་ཚོས་གང་ཤེས་པ་དེ་དག་སློབ་ཕྲུག་ཁྱེད་རྣམ་པར་སྤྲོད་རྒྱུ་དེ་ཡིན་པ་ཙམ་མ་ཟད། ང་ཚོར་དེ་སྔོན་ཆུང་བྱིས་པའི་སྐབས་མཐུན་རྐྱེན་སྣ་ཚོགས་མ་ཐོབ་པ་རྣམས་ཁྱེད་རྣམས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན། ད་ལྟ་ནས་སློབ་སྦྱོང་བྱེད་རྒྱུའི་གོམས་གཤིས་བཟང་པོ་ཞིག་བཟོ་ཐུབ་དགོས། སློབ་སྦྱོང་གང་འདྲ་ཞིག་སྦྱང་རུང་དཀའ་ལས་བརྒྱག་རྒྱུ་དང་། དོ་དབྱིངས་དང་འདུན་པ་ཆེན་པོའི་སྒོ་ནས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
མི་ཚེའི་ནང་དཀའ་ངལ་ཇི་ལྟར་འཕྲད་རུང་དེ་ལྟར་གདོང་ལེན་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འགོ་ཁྲིད་ཀྱི་ལས་འགན་གཙོ་བོ་ནི། དཀའ་ངལ་རྣམས་ལ་གདོང་ལེན་བྱ་རྒྱུ་རེད། གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་རྒྱུའི་ལས་འགན་ང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་ཚོ་དང་དམིགས་བསལ་ཁྱེད་རང་ཚོར་འགན་ཡོད། དེར་བརྟེན་ཁྱེད་རང་ཚོས་གཞན་བརྟེན་གྱི་བསམ་བློ་དོར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་སློབ་སྦྱོང་ཧུར་བརྩོན་ངང་ནས་སྦྱང་དགོས། བོད་མིའི་རྩ་དོན་རྩོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ཁྱེད་རང་ཚོ་ང་ཚོའི་མ་འོངས་པའི་སོན་རྩ་ཙམ་མ་ཟད། མ་འོངས་པའི་འགོ་ཁྲིད་ཀྱང་རེད། ཅེས་སོགས་དང་།
ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དུས་ནམ་ཡང་བརྗེད་རྒྱུ་མེད་སྐོར་སོགས་ཀྱི་གསུང་བཤད་གནང་།
མཐར་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་གནང་ཡོད།
སྤྱིར་ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་ ༣༡ ནས་འཛིན་རིམ་བཅུ་པའི་བུ་ ༡༣༦ དང་བུ་མོ་ ༡༤༦ བཅས་ཁྱོན་སློབ་ཕྲུག་ ༢༨༢ དང་དགེ་རྒན་ ༢༩ ཕེབས་ཡོད། ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་སྐབས་བོད་ཀྱི་མང་གཙོའི་འཕེལ་རིམ། དུས་རབས་ ༢༡ ཤེས་ཡོན། ཕོ་མོ་འདྲ་མཉམ། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། འགོ་ཁྲིད་ཀྱི་ཁྱད་ཆོས་དང་འབྲེལ་ལམ་སྒྱུ་རྩལ། མདུན་ལམ་འདེགས་ཕྱོགས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་ངོས་འཛིན། ཤེས་ཡོན་སློབ་ཡོན་དང་འབྲེལ་བའི་སྐོར། འགོ་ཁྲིད་ནུས་པ་དང་སྒྱུ་སྩལ། དྲ་རྒྱའི་བདེ་འཇགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། བོད་ཀྱི་སྐད་ཡིག་རྨང་གཞི་སྲ་བརྟན། རྩོམ་འབྲིའི་སྤུས་ཚད་དང་སྒྱུ་སྩལ། གཏན་འབེབས་བརྡ་ཆད་སྐོར་བཅས་ཀྱི་བརྗོད་གཞི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག དེ་བཞིན་ཟབ་སྦྱོང་སྐབས་སློབ་ཕྲུག་ནང་ཁུལ་སིལ་པོལ་དང་རྐང་རྩེད་པོ་ལོའི་འགྲན་བསྡུར་གནང་རྒྱུ་མ་ཟད། སློབ་ཁག་སོ་སོའི་གནས་སྟངས་ངོ་སྤྲོད། ཟློས་གར་གཏམ་བརྗོད་དང་གཞས་སྣ། སྒྱུ་སྩལ་འཁྲབ་སྟོན་སོགས་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༡༩ ལོའི་ Grollman-Gombo སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་(TSP)གྱི་གསལ་བསྒྲགས།
Menu